ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་ཀོ་ལོམ་བི་ཡའི་སྲིད་འཛིན་མཆོག་ལ་འབུལ་རྒྱུའི་གསལ་བསྒྲགས་གནང་འདུག
གཟའ་པ་སངས་ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཕྱི་ལོ་ ༢༠༡༦ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཀོ་ལོམ་བི་ཡའི་སྲིད་འཛིན་ཇུ་ཨེན་མཱ་ནུཧེལ་སན་ཏྲོས་ Juan Manuel Santos མཆོག་ལ་འབུལ་གཏན་འཁེལ་ཡོད་པ་བསྒྲགས་ཡོད།
དེ་ནི་ཁོང་གིས་འདས་པའི་ལོ་ངོ་ ༥༠ རིང་ཀོ་ལོམ་བི་ཡའི་རྒྱལ་ཁབ་ནང་གི་གྲང་དམག་ཟིང་འཁྲུག་ཞི་བའི་ཐོག་ནས་སེལ་ཐབས་དང་། ཞི་བའི་ཐོག་མདུན་སྐྱོད་ཡོང་ཐབས་ལ་འབད་བརྩོན་དང་ཆོད་སེམས་བརྟན་པོ་ཡོད་པ་བཅས་ལ་བརྟེན་ཏེ། ཁོང་ལ་འབུལ་རྒྱུའི་ཐག་གཅོད་བྱུང་བ་ཞིག་ཡིན་འདུག
ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ནང་། སྲིད་འཛིན་མཆོག་གིས་འདས་པའི་ལོ་ངོ་ ༥༠ རིང་ཆོད་སེམས་བརྟན་པོས་ཀོ་ལོམ་བི་ཡའི་ནང་གཞུང་དང་དྲག་པོའི་དཔུང་སྡེའི་བར་འཐབ་འཁྲུག་བྱུང་སྟེ། ཀོ་ལོམ་བི་ཡའི་མི་མང་༢༢༠༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ ༣༠༠༠༠༠༠ ཙམ་རང་གནས་སུ་གནས་མ་ཐུབ་པར་ཡུལ་གྱར་བྱ་དགོས་བྱུང་བའི་དཀའ་སྡུག་སེལ་ཐབས་ལ་འབད་བརྩོན་གནང་བའི་སྙིང་སྟོབས་ལ་རྗེས་དྲན་མཚོན་ཆེད་དུ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་ཡིན་སྐོར་བཀོད་འདུག
འདས་པའི་དཀའ་ཁག་ཆེ་བའི་དུས་ཡུན་རིང་སྲིད་འཛིན་མཆོག་གིས་མི་མང་གི་སྣེ་ཁྲིད་དེ་ཀོ་ལོམ་བི་ཡ་གཞུང་དང་དྲག་པོའི་དཔུང་སྡེ་ FARC guerrillas གཉིས་བར་མཐུན་སྒྲིག་བྱ་རྒྱུའི་ཆེད་མི་མང་ནང་མང་མོས་འོས་བསྡུ་གནང་ཡོད་སྟབས། ཐེངས་འདིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་སྲིད་འཛིན་མཆོག་གིས་ཞི་བའི་ཐབས་ལམ་ཐོག་འབད་བརྩོན་གནང་བཞིན་པ་དེར་ཆེ་མཐོང་དང་། མ་འོངས་པར་ཡང་ཞི་བའི་ཐབས་ལམ་དེ་ཉིད་མཇུག་སྐྱོང་གི་རྒྱལ་ཁ་ཐོབ་ཕྱིར་སེམས་ཤུགས་སྤེལ་བ་ཞིག་ཡིན་སོགས་བརྗོད་འདུག་ལ། སྲིད་འཛིན་མཆོག་ནས་ཀྱང་ཞི་བའི་ཐབས་ལམ་ཐོག་ནས་མུ་མཐུད་འབད་བརྩོན་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་སྐོར་སོགས་བརྗོད་འདུག