ཡོངས་ཁྱབ་གསལ་བཤད།།
ཐེ་ཝན་དུ་གནས་སྡོད་སོག་ཤོད་པ་ཡིན་ཟེར་བའི་མི་ངན། བླ་འཚོང། ཕུང་འདྲེ། པད་མ་རྒྱ་མཚོ་ཟེར་བ་དེས་དད་དམ་ལར་རྒྱ་ཁྲེལ་དང་ངོ་ཚ་ཡོངས་སུ་དོར་ཏེ། ལུས་ཅན་འགྲོ་བ་ཡོངས་ཀྱི་སྐྱབས་མཆོག་སྤྱི་ནོར་གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ལ། གཞི་རྩ་གཏན་ནས་མེད་པའི་སྐུར་འདེབས་སས་མི་ཆོག་པ་ཞིག་དང་། ཐོས་པ་ཙམ་གྱིས་སྙིང་དུམ་བུར་འགྲོ་དགོས་པའི་མཚན་སྨྲས་ཚབས་ཆེན་ཞིག་ཞུས་འདུག་པ་དེར། སོག་ཤོད་བྱེས་འབྱོར་མི་མང་ནས་འདུལ་གཏམ་དྲག་པོ་སྒྲོག་དང་སྒྲོག་བཞིན་པ་དང། མི་ངན་ལྟ་ལོག་པ་དེ་རིགས་ལ་ནམ་ཡང་ཕྱིར་བཤོལ་མེད་པར་མཐའ་གཅིག་ཏུ་གདོང་ལེན་ནུས་པ་དང་ལྡན་པ་ཞིག་བྱ་རྒྱུའི་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོ་བཟུང་ཡོད། ད་ལམ་བལ་ཡུལ་དུ་གནས་བཞུགས་རྒྱལ་གཅེས་དམ་གཙང་གི་སྐྱེ་བོ་འགའ་མཉམ་སྡེབ་ཀྱིས་མི་ངན་དེར་རྒོལ་གཏམ་ཚ་ནན་ཞིག་བཏང་འདུག་པ་དེར་ངོས་ནས་མཐའ་གཅིག་ཏུ་བརྒྱབ་སྐྱོར་ཞུ་གི་ཡོད། འོན་ཀྱང་གསལ་བཤད་མ་བྱས་ཐབས་མེད་ཞིག་ལ།
(1) མི་ངན་པདྨ་རྒྱ་མཚོ་ཟེར་བ་དེ་སོག་ཙན་དན་དགོན་དུ་གྲྭ་པ་བྱེད་མྱོང་མེད་པས་ཙན་དན་དགོན་གྱི་གྲྭ་ལོག་ཡིན་དོན་གཏན་ནས་མེད།།
(2) མི་ངན་པདྨ་རྒྱ་མཚོ་ཟེར་བ་དེ་སོག་རྫོང་གི་ཕྱི་རོལ་གྱི་དགོན་པ་ཞིག་ནང་གྲྭ་པ་བྱེད་མྱོང་འདུག་ཀྱང་ཁོ་པས་ཆང་འཐུང་། ར་བཟི། གང་བྱུང་གི་བུད་མེད་ལོག་གཡེམ་བྱས་རྐྱེན་དུས་ཐུང་ནང་ཕྱིར་འབུད་ བཏང་བའི་གནས་ཚུལ་འདུག།
(3) ༼ གྲ་ས་ཕར་བཞག་གྲོང་གསེབ་ལ་མ་ཆགས༽ ཞེས་པ་ལྟར་ཡུལ་མི་ཁྱིམ་འཚེས་ཐ་ན་ནང་མི་བཅས་ཀྱིས་མཐོང་ཆུང་སྡང་ཟུག་རྩུབ་མོའི་འོག་ཁོ་པ་ས་མ་ཆགས་པར་རྒྱ་གར་ལ་བྲོས་བྱོལ་ཡོང་བ་རེད་འདུག།
(4) ཕྱི་ལོ་ 2015 ལོའི་ལྷ་བབས་དུས་ཆེན་ཉིན་སོག་ཤོད་གསེར་མོ་ལྗོངས་དང་ཚོགས་པ་གཞན་གསུམ་ལྷན་དུ་བོད་གངས་ཅན་པའི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དམ་པ། སྤྱི་ནོར་གོང་ས༧སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་སུ། མི་ངན་པདྨ་རྒྱ་མཚོ་ཟེར་བ་དེ་ང་ཚོ་སོག་ཤོད་གསེར་མོ་ལྗོངས་ཀྱི་ཚོགས་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་གང་ཡང་བྱུང་མེད་དེར་རྟེན་མི་ངན་དེ། སོག་ཤོད་གཞིས་བྱེས་གཉིས་ཀྱི་སྤྱི་པའི་ལས་དོན་ནང་། ཆབ་དཔལ་རིག་གསུམ་དང་འབྲེལ་བ་གཏན་ནས་མེད་པའི་གྲོགས་མེད་ཁེར་རྐྱང་གི་འཁྱམ་ཉུལ་བ་ངོ་མ་ཞིག་རེད་ཅེས་ཞུ་གི་ཡོད། དམ་ཉམས། ལོག་ལྟ་ཅན། ངོ་ལོག་པ། ཡུལ་གྱི་ཕུང་འདྲེ་མི་ངན་པདྨ་རྒྱ་མཚོ་ཟེར་བ་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། མི་ངན་དེའི་ངོ་བོ་དང་གནས་བབས་བཅས་རོབ་ཙམ་གསལ་བཤད་ཞུས་ཡོད་པས་རྒྱ་ཆེའི་མི་མང་ཡོང་ཀྱི་སྤྱན་ལམ་དུ་འབྱོར་བའི་རེ་བ་དང་བཅས།།
ཕྱི་ལོ་ 2016/10/07 ཉིན་ Australia སོག་ཤོད་ཞབས་དྲུང་ནས་སྤྲིངས།།