མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་གྱིས་ཆབ་སྲིད་གྲོས་མོལ་གྱི་ལམ་ནས་ཤོག་ཁག་ཕན་ཚུན་བར་གྱི་འཁོན་འཛིང་མཚམས་བཞག་སྟེ་ཉེས་མེད་མི་སེར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་འདུག
དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་ (Ban Ki-moon) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་རང་དབང་ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ་ཡི་མིན་ (Yemen) རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་གིས་མཚོན་པའི་འདུ་འཛོམས་རང་དབང་དང་། གསར་འགོད་རང་དབང་སོགས་རྡོག་རོལ་གཏོང་བཞིན་པའི་ཐད་ལ་རྟོགས་ཞིབ་བྱེད་དགོས་པ་དང་། དམིགས་བསལ་བདུན་ཕྲག་སྔོན་མར་སུ་ཌེ་ (Saudi) མཉམ་འབྲེལ་མཁའ་དམག་གིས་ཡི་མིན་གྲོང་ཁྱེར་ས་ན་ (Saana) ནང་དཔུང་འཇུག་བྱས་ཏེ་ཡུལ་མི་ ༡༤༠ དམར་གསོད་བཏང་བ་དང་ཡུལ་མི་ ༥༢༥ རྨས་སྐྱོན་བཟོས་པའི་གནད་དོན་ཐད་ལ་རྟོགས་ཞིབ་མཐིལ་ཕྱིན་གནང་དགོས་སྐོར་བརྗོད་འདུག
རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་མཆོག་གིས། སུ་ཌེ་མཉམ་འབྲེལ་མཁའ་དམག་གིས་ཡི་མིན་གྱི་ཉེས་མེད་མི་སེར་མང་པོ་དམར་གསོད་བྱས་པ་དང་། རྒྱལ་ཁབ་ཀྱི་འཕྲོད་བསྟེན་མཐུན་འགྱུར་དང་མི་མང་གི་སྡོད་གནས་ཁག་མང་པོ་གཏོར་བཅོམ་བཏང་བ། དེ་བཞིན། མི་མང་གི་མྱ་ངན་འདས་མཆོད་ཐོག་དོན་མེད་ལ་འགད་རྫས་གཡུགས་པ་སོགས་ཀྱི་གནད་དོན་ཐོག་རྟོགས་ཞིབ་མཐིལ་ཕྱིན་གནང་དགོས་པ་མ་ཟད། ཡི་མིན་རྒྱལ་ནང་གི་ཟིང་འཁྲུག་གི་འབྱུང་རྐྱེན་གཙོ་བོར་རྟོགས་ཞིབ་གནང་དགོས་པ་དང་། ཡི་མིན་རྒྱལ་ནང་གི་ཟིང་འཁྲུག་ཁྲོད་ཤོག་ཁག་པོས་ནག་ཉེས་ཚབས་ཆེན་བཟོ་བཞིན་ཡོད་ནའང་། ད་ལྟའི་བར་གནད་དོན་དེའི་ཐོག་རྟོགས་ཞིབ་མཐིལ་ཕྱིན་གནང་ཐུབ་མེད་པ་དང་། ཡི་མིན་རྒྱལ་ཁབ་ཀྱི་ཟིང་འཁྲུག་ནང་ཐེ་གཏོགས་བྱེད་པའི་རྒྱལ་ཁབ་ཚང་མས་ཁ་གཡར་ས་མང་པོ་བཙལ་ནས་ཟིང་འཁྲུག་དེའི་ཉེས་དོན་ལས་གཡོལ་ཐབས་མེད་སྐོར་དང་། ཆབ་སྲིད་གྲོས་མོལ་གྱི་ལམ་ནས་ཤོག་ཁག་ཕན་ཚུན་བར་གྱི་འཁོན་འཛིང་མཚམས་བཞག་སྟེ་ཉེས་མེད་མི་སེར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་སྐོར་སོགས་བརྗོད་འདུག
ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ཨེ་རུལ་ཊི་ (Ayrault) ལགས་ཀྱིས། ཤོག་ཁག་ཕན་ཚུན་བར་ཞི་གྲོས་དང་ཆིངས་ཡིག་བཞག་སྟེ་ཡི་མིན་རྒྱལ་ནང་གི་དམག་དཔུང་ཕྱིར་འཐེན་གྱིས་ཟིང་འཁྲུག་མཚམས་འཇོག་དགོས་སྐོར་བརྗོད་འདུག
འཇར་མིན་གྱི་ཕྱི་སྲིད་བློན་ཆེན་སི་ཊེན་མེར་ (Steinmeier) ལགས་ཀྱིས། བདུན་ཕྲན་སྔོན་མར་སུ་ཌེ་མཉམ་འབྲེལ་མཁའ་དམག་གིས་ཡི་མིན་མི་མང་གི་མྱ་ངན་འདས་མཆོད་ཐོག་དཔུང་འཇུག་བྱས་པ་དེ་ནི་ཡ་ང་བའི་གདུག་རྩུབ་ཅིག་ཡིན་པ་དང་། གནད་དོན་དེའི་རྒྱུ་རྐྱེན་ཐད་ངེས་པར་དུ་རྟོགས་ཞིབ་བྱས་ཏེ། སླར་ཕྱིན་གནད་དོན་དེ་འདྲ་མི་འབྱུང་བ་བྱེད་དགོས་པ་དང་། ཡི་མིན་རྒྱལ་ཁབ་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཐབས་སུ། ཟིང་འཁྲུག་དེའི་ནང་ཐེ་གཏོགས་བྱེད་པའི་ཤོག་ཁག་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྐབས་འཕྲལ་དམག་འཁྲུག་མཚམས་འཇོག་གི་རྩ་འཛིན་རྒྱུན་འཁྱོངས་བྱེད་དགོས་སྐོར་བརྗོད་འདུག
ཨེ་རན་དང་ལི་བྷ་ནོན་མཉམ་འབྲེལ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་ ༢༠༠ ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁང་གི་ཕྱི་ལོགས་སུ་འཛོམས་ཏེ་ཡི་མིན་རྒྱལ་ནང་གི་ཟིང་འཁྲུག་མཚམས་འཇོག་དགོས་པའི་ཞུ་འབོད་བྱས་ཡོད་པ་དང་། སུ་ཌེ་རྒྱལ་པོའི་གཞུང་གི་གྲོས་མོལ་ཚོགས་འདུའི་སྐབས་སུ། ཡི་མིན་མི་མང་གིས “ཁྱོད་རང་ཚོའི་རྒྱལ་ཁྲི་ལས་ཡི་མིན་གྱི་བྱིས་པའི་ཚེ་སྲོག་གལ་ཆེན་ཡིན” ཞེས་པའི་ངོ་རྒོལ་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག
ཕྱི་ལོ་ ༢༠༡༥ ནས་ད་ལྟའི་བར་ཡི་མིན་རྒྱལ་ནང་གི་ཟིང་འཁྲུག་ཁྲོད་མི་མང་ཁྱོན་ ༡༠༠༠༠ ལྷག་དམར་གསོད་ཐེབས་པའི་གྲས་སུ་ཉེས་མེད་མི་སེར་ ༣༧༩༩ ཡོད་པ་དང་། མི་སེར་ས་ཡ་ ༢༠ ལྷག་འཚོ་གནས་མེད་པར་གྱུར་ཏེ་ཡུལ་ལུང་གཞན་ནང་སྐྱབས་བཅོལ་དུ་འབྲོ་དགོས་བྱུང་ཡོད་འདུག
ཡི་མིན་རྒྱལ་ནང་གི་ཟིང་འཁྲུག་གི་འབྱུང་རྐྱེན་གཙོ་བོ་ནི། ཡི་མིན་ཧ་ཌེ་ (Hadi) སྲིད་གཞུང་གིས་སུ་ཌེ་ཨ་ར་བྷེ་ཡ་ (Saudi Arabia) གཙོས་པའི་ཕྱོགས་འབྲེལ་རྒྱལ་ཁབ་ཁག་གི་དམག་རོགས་ལ་བརྟེན་ནས་ཡུལ་དེའི་མངའ་ཁུལ་ཁག་གི་ངོ་ལོག་ཤོག་ཁག་ལ་འཐབ་འཛིང་བྱེད་ཀྱིན་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།