ཨ་ཚོགས་མཁས་བཙུན།
མུན་པའི་ཀློང་ལ་འོད་ཀྱི་གསལ་འཁྱེར་ཞིང་།།
སྡུག་གི་མཚོ་ལ་གཟིངས་ཀྱི་སྐྱོབ་སྟེར་བ།།
ཐར་བའི་སྣེ་ལ་ཕྱག་གི་བརྡ་སྟོན་པའི།།
ཁམས་གསུམ་འགྲོ་བའི་ས་མཁན་རྒྱལ་གྱུར་ཅིག།
ལྟ་བའི་འཇིགས་ལ་དཔུང་གི་སྟོབས་འབྱིན་ཞིང་།།
སྒོམ་པའི་གོལ་ལ་རྣམ་དབྱེ་མིག་འབྱེད་པ།།
སྤྱོད་པའི་ལམ་ལ་དྲང་པོའི་ཐིག་འདེབས་པའི།།
ཙོང་ཁའི་ཉིན་མོའི་མགོན་པོ་དེང་འདིར་དྲན།།
ཆོས་ལུགས་ནི་དང་པོ་རིགས་པའི་གཞུང་ལུགས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཐུས་སྒོ་ཚང་བ་དེ་ནས་རིགས་པའི་རྩེར་སོན་པའི་གོ་རིམ་བཅས་བརྒྱུད་པ་ཡིན། རང་རེ་ནང་བསྟན་ནི་རྒྱ་གར་རིགས་པའི་གླིང་གི་རིག་གཞུང་གི་ཉིང་བཅུད་ཡིན་པ་ཡིན་དུས། ཕྱི་མ་དེར་གཏོགས་པ་ཉག་ཅིག་གོ།།
ཡང་ཆོས་ལུགས་ནི་དང་པོ་(༡)འཇིགས་སྣང་དང་དེ་ནས་(༢)རྨོངས་དད། དེ་ནས་(༣)ཡིད་ཆེས་དང་(༤)མངོན་འདོད་བཅས་ཀྱི་ལམ་ཁ་བརྒྱུད་དེ་ནར་སོན་པས། དེ་ཡང་འཇིགས་སྣང་ནི་ཕྱིའི་འབྱུང་བཞིའི་འཇིགས་པ་དང་། ནང་ན་ཚའི་མནར་གཅོད་ལ་གཡོལ་ཐབས་དང་། དེ་སེལ་ཐབས་ལ་བློ་བཅོལ་ཡུལ་དང་སེམས་རྟེན་ས་ཞིག་འཚོལ་ཐབས་ལ་ཉི་མ་དང་ཟླ་བ། རི་དང་ཤིང་སོགས་ལ་སྐྱབས་བཅོལ་བའི་འུ་ཐུག་པའི་བྱ་སྤྱོད་ཙམ་ཡིན། རྨོངས་དད་ནི་སྟེས་དབང་ལ་རྒྱུ་མཚན་བགྱིས་པའི་ཡིད་ཆེས་རྨོངས་པ་ཞིག་གོ འདིའི་རིགས་ཀྱིས་མགོན་སྐྱབས་དཔུང་གཉེན་དེ་ཕྱིའམ་གཞན་ལ་རེ་ཞིང་ལྟོས་པ་ཙམ་མོ། ཡིད་ཆེས་ནི་གཞན་རྒྱུད་ཀྱི་ལམ་འབྲས་ཡོན་གནས་ལ་ཡི་རངས་དང་རྒྱུ་མཚན་ལྡན་པའི་དང་བའི་དད་པ་ཙམ་དང་། མངོན་འདོད་ནི་ལམ་འབྲས་བྱེད་ནུས་དེ་རང་རྒྱུད་ལ་བསྐྱེད་འདོད་དང་ཐོབ་སེམས་ཀྱི་ཀུན་སློང་། རིགས་པ་དང་ཤེས་རབ་གྱི་གྲོགས་དང་ལྡན་པའི་དད་པ་ཉག་ཅིག་ཡོད་པ་དེ་ཡིན། ཕྱི་མ་འདི་གཉིས་ནི། རང་ཉིད་རང་གི་མགོན་ཡིན་ཏེ།། ཞེས་གསུངས་པས་རང་ཉིད་ཀྱི་རྩོལ་བ་དང་བྱེད་ནུས་ཉག་ཅིག་ལ་བརྟེན་གྱི། སྐྱབས་གནས་གཞན་ལ་མི་བརྟེན་པའི་ངོས་ཟིན་གཏན་ཚུགས་ཐུབ་པས། ནང་བསྟན་རིག་པ་ཕྱི་མ་འདི་གཉིས་གང་རུང་ལས་མ་འདས་སོ།།
ཡང་ཆོས་ལུགས་ནི་གདུལ་བྱའི་ཁམས་དབང་བློ་མོས་དང་མཐུན་པར་ཡུལ་སྲོལ་གོམས་གཤིས་དང་འདྲེས་ཏེ། སྤྱི་ཚོགས་ལ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པ་ཡིན། ཡུལ་ཕྱོགས་གང་ལའང་ཡུལ་སྲོལ་དང་མ་འདྲེས་པར་ཆོས་ཟེར་རྒྱུ་ཞིག་དར་ཐབས་དང་སྤེལ་ཐབས་མ་བྱུང་ཞིང་། རང་རེའི་བོད་དུའང་བན་ལ་བོན་འདྲེས་བོན་ལ་བན་འདྲེས་པའི་རྒྱུ་མཚན་ཀྱང་རིག་གཞུང་ཞིག་གི་དར་ཐབས་དང་སྤེལ་ཐབས་ཤིག་སྟེ། བོད་བརྒྱུད་ནང་བསྟན་ལ་རྒྱལ་བའི་དགོངས་པར་མ་སོང་བའི་ཆ་རྡ་ཆོག་རྡུང་གི་ཡུལ་སྲོལ་དང་། ལྷ་འཁྲབ་འདྲེ་འཁྲབ་ཀྱི་བོན་གྱི་ཤན་ཞུགས་པ་དེ་ཡང་སྤྱི་ཚོགས་ལ་སྤེལ་ཐབས་ཤིག་དང་། སྤྱི་ཚོགས་དང་ཐག་ཉེ་རུ་བཏང་བ་ཡིན་དུས་ཁྲེལ་དགོད་དང་འཕྱ་སྨོད་ཀྱི་ཡུལ་མིན། གང་ལ་གང་འདུལ་དེ་ལ་དེར་སྟོན་པ་ཟེར་རྒྱུ་ཞིག་ཡོད་པ་མི་འགྲོ། ཆོས་སམ་ཆོས་ལུགས་ཞུ་བ་འདི་་སྤྱི་ཚོགས་ཤིག་ལ་ཁྱབ་ཚར་བའི་རྗེས་ལ་ལས་སླ་བོར་འགྱུར་བ་གཏོང་བསམ་པ་དང་རྨེག་མེད་དུ་བརླག་འདོད་པ་ནི་ལྐུགས་པ་ལྐུགས་ནག་གི་རང་རྟགས་མངོན་པ་ཡིན་པས། འཛམ་གླིང་འདིར་སྲིད་དབང་སྒེར་གཅོད་པའི་རྒྱལ་ཁབ་རེ་ཟུང་འདིའི་ཐད་ཕམ་ཁ་ཉོས་ནས་བསྡད་ཡོད་པ་དང་། ནང་བསྟན་ནི་མདའ་མཚོན་གོ་ཆ་མ་བཟུང་བའི་དཔའ་བོ་ཐུབ་མེད་གཅིག་པུ་ཡིན།
ཐུབ་མེད་ཀྱི་དཔའ་བོ་གཅིག་པོ་འདིའི་ཉིང་བཅུད་གཅིག་ཏུ་བསྡུས་ཤིང་ཚང་ལ་མ་ནོར་བའི་གསེར་ནག་གི་རིལ་བུ་ནི་དཔལ་ན་ལེན་ཌའི་ཆོས་བརྒྱུད་འདི་ཉིད་ཡིན་ཞིང་། འདིའི་རྒྱུན་མ་ཉམས་པར་ད་ལྟའང་གསོན་པོར་གནས་སྡོད་པ་ནི་བོད་བརྒྱུད་ནང་བསྟན་རིག་པ་ཞེས་འཛམ་གླིང་ཤེས་རིག་གི་ལྡིང་ཆའི་སྟེང་ཀུན་གྱི་བརྟན་པ་ཡོངས་སུ་འཕྲོག་པའི་སྟངས་སྟབས་གར་ཉམས་སྟོབས་སུ་རྫོགས་པ་འདིའོ།།
དེ་ལ་ཐེག་པ་ཆེ་ཆུང་གཉིས་དང་དེའི་སྟེང་སངས་རྒྱས་ལས་ཀྱང་དཀོན་པར་གྲགས་པའི་གསང་སྔགས་ཀྱི་ལུགས་ཟབ་མོ་དང་བཅས། དཔོན་གྱིས་ལོངས་ན་རལ་བས་ལོངས་པའི་དཔེ་བཞིན། སྦྱང་བརྩོན་དང་ལག་ལེན་མ་ཕོངས་པར་ཡོད། འདིའི་དགེ་སྐྱོན་གླེང་བརྗོད་ནི་ཚོར་བ་དང་དུང་ཞེན་གྱི་ཡུལ་ཙམ་མ་ཡིན་པར་ཤེས་རབ་གྱི་གྲོགས་དང་ལྡན་པའི་འདེམ་ག་མ་ནོར་བ་གལ། ཐེག་པ་ཆེ་ཆུང་བར་ལ་གནའ་ནས་བརྩད་མི་ཚར་བའི་རྩོད་གཞི་གཅིག་རང་ཡོད་པ་ནི་ཐེག་ཆེན་བཀའ་ཡིན་མིན་དེ་རེད། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མ་རེད་ཟེར་ས་མི་འགྲོ་བའི་རྒྱུ་མཚན་ནི། ཉན་རང་གི་ཐེག་པ་དེ་ཕྱི་ནང་ཐུན་མོང་ལ་ཁྱབ་པ་ལྟ་བུའི་ལམ་འབྲས་ལ་གནས་བསྡད་ཡོད་པ་དང་། ཐེག་དམན་གྱིས་ཉོན་མོངས་ཀྱི་དགྲ་བཅོམ་པའི་བཅོམ་ལྡན་འདས་ལས་སངས་རྒྱས་ཞེས་པ་མི་འདོད་ཅིང་། སྤྱིར་ཀྱང་སྟོན་པ་བཅོམ་ལྡན་འདས་ཉིད་དགྲ་བཅོམ་ཙམ་ལས་སངས་རྒྱས་ཞེས་པའི་ས་ལམ་འདི་རྗེས་ནས་ཡོང་རྒྱུ་ཞིག་མི་འགྲོར་སྙམ་པའང་འདུག དེ་ནས་དེ་ལས་ཁྱད་ཞུགས་པའི་སྒྲིབ་གཉིས་གཏན་ཟད་དོན་གཉིས་མཐར་ཕྱིན་པའི་ལམ་འབྲས་ཤིག་དགོས་མཁོར་གཏུགས་པས། མི་དམངས་ལ་ཞབས་འདེགས་ཞུ་ཞེས་པ་དང་། རིག་གསར་གྱི་རང་དོན་སྤུ་ཙམ་མེད་པར་གཞན་དོན་རྐྱང་རྐྱང་བསྒྲུབ་ཅེས་པའི་ཁ་གཡང་ཙམ་མ་ཡིན་པ། གཞན་དོན་ལ་མཆོག་ཏུ་གཞོལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་འབྲས་ཐེག་ཆེན་པའི་ལུགས་མ་ཡོང་ཐབས་མེད་རེད། གཞན་ཏུ་ན་སངས་རྒྱས་འཇིག་རྟེན་ཏུ་བྱོན་པའི་དགོས་དོན་མ་གྲུབ་པ་དང་། ཁྱད་པར་ཁོང་གིས་གསུངས་པའི་ལྟ་གྲུབ་མཁྱེན་དཔྱོད་དང་ཡོངས་སུ་མ་མཚུངས་པ་ཞིག་གོ།།
ཡང་དེང་སང་མགོ་འཚོས་མིན་མང་པོ་ཞིག་གིས་གསང་སྔགས་སངས་རྒྱས་ཀྱིས་གསུང་མི་སྲིད་པར་སྙམ་པ་དང་། དེ་མཚུངས་ཀྱི་གླེང་བརྗོད་སོགས་སྤེལ་བ་ནི། སྤྱིར་རྒྱ་གར་རིག་པའི་གླིང་གི་གནའ་བོའི་ལོ་རྒྱུས་ལ་མྱོང་ཆ་མེད་པ་དང་། སངས་རྒྱས་ཀྱི་ཐུགས་བསྐྱེད་དང་མཁྱེན་དཔྱོད་དང་། ཐབས་མཁས་ཀྱི་རྣམ་ཐར་བཅས་ལ་ཁྭ་དང་མདའ་ཡི་ངང་ཚུལ་ཏུ་སོང་བའི་འབྲས་རྟགས་ཡིན། སྟོན་པ་སངས་རྒྱས་རང་གིས་དང་པོ་ཉམས་ལེན་གྱི་སྒོ་ཐོག་མ་དེ་མུ་སྟེགས་པའི་གསང་སྔགས་ནས་ཚུགས་ཡོད་པ་དང་། བར་དུ་འབྲས་རྟགས་ཀྱང་དེ་ནས་བསྟན་ཡོད། ཐ་མ་གདུལ་བྱའི་བཀྲི་རིམ་ལ་རྟེན་སྐྱ་སེར་དང་དབང་བོ་རྣོ་རྟུལ་ལ་དགོངས་ཙམ་ལས་རྒྱ་གར་གསང་སྔགས་ཀྱི་ཡུལ་དུ་སྡིག་པ་མིག་བཙུམ་བྱ་ཐབས་བྱ་དགོས་ཅི་ཡང་མེད། ཕྱོགས་འདི་གཞན་ཏུ་བྲིས་ཟིན་པས་དེ་ལ་ལྟའོ། ༧སྐྱབས་མགོན་རིན་པོ་ཆེས་ཁོང་ལ་མཚོན་ན་ཐེག་ཆེན་བཀའ་སྒྲུབ་གྱི་རིགས་པ་རྣོ་ཤས་ནི་སློབ་དཔོན་ཀླུ་སྒྲུབ་ལ་ཡིད་ཆེས་གནང་རྒྱུ་དེ་ཡིན་གསུངས་པ་ནང་བཞིན། རང་རེས་ཀྱང་གསང་སྔགས་སངས་རྒྱས་ཀྱིས་གསུངས་ངེས་པའི་རིགས་པ་རྣོ་ཤས་ནི་ ༧སྐྱབས་མགོན་རིན་པོ་ཆེར་ཡིད་ཆེས་བྱ་རྒྱུ་དེ་ཡིན་སྙམ། སངས་རྒྱས་དེ་ཉིད་ཀྱང་མི་ཞིག་གི་ཚད་གཞི་ནས་ལྟ་བ་ཡིན་ན། མིག་སྔའི་དཔེ་གཟུགས་གསོན་པོ་༧སྐྱབས་མགོན་རིན་པོ་ཆེ་བཞུགས་བཞུགས་པ་འདི་ཇི་ལྟ་བ་དེ་ལྟ་བུར་ལྟའོ།།
དེང་སང་ཕྱི་གླིང་བ་དང་དེའི་རྗེས་འབྲང་གི་བོད་རིག་པ་བ་རྣམས་ཀྱིས་ཆོས་རིག་ཁོངས་བཙུན་མ་བཙུན་དེ། ཆོས་དང་རིག་ཚན་དེ་དང་དེའི་འགག་ཐོན་པའི་ཐ་སྙད་དང་ཚིག་དུམ་རེའི་རིགས་འདེད་དང་། ཅ་ལག་དང་གནའ་དངོས་རྩ་འཛིན་ཁོ་ནས་ཁ་ཚོན་གཅོད་ཀི་ཡོད་ཀྱང་། རང་རེ་བོད་ལ་ཆོས་བརྒྱུད་རེ་དང་གདམས་པ་མན་ངག་རེར་སྟོན་པ་སངས་རྒྱས་དང་རྡོ་རྗེ་འཆང་ལ་ཐུག་པའི་བར་གྱི་བླ་མ་བརྒྱུད་པ་བར་མ་ཆད་པའི་ཁོངས་འདེད་ཀྱི་སྲོལ་ཀ་གཞན་གང་ལའང་བསླུ་དགོས་དང་བསླུ་ཐབས་མེད་པའི་ཐབས་ལམ་ཉག་ཅིག་ཡོད་པ་དེ་ཡང་སྣང་ཆུང་བྱ་རྒྱུ་ཞིག་གཏན་མིན་ནོ།།
འདིར་དམིགས་བསལ་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུན་ཤེས་རགས་པ་ཞིག་འཆད་ན། དེ་ལ་ཡི་དམ་སྒོམ་སྒྲུབ་དང་ཆོས་སྐྱོང་བསྟེན་གསོལ་གཉིས་ནི་གསང་སྔགས་ནང་ཁོངས་ལ་ཐུན་མོང་མ་ཡིན་པའི་ཁྱད་པར་རེ་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་ཞིག་ཆགས་བསྡད་ཡོད། ཆོས་སྐྱོང་སྲུང་མའི་རིགས་ནི་ལྷ་རང་མཚན་པ་དང་། ཡི་དམ་གྱི་རིགས་ཕལ་ཆེར་ཞིག་ལྷ་རང་མཚན་པ་ཡིན་གི་མེད། འདིའི་རང་མཚན་ནི་དབུ་མའི་ལྟ་གྲུབ་གྱི་རང་མཚན་པ་ལ་མི་གོ་བར། གུས་པ་མ་ཞུས་ན་སེམས་ཅན་སྲོག་ལྡན་དངོས་གནས་པ་ཡིན་མིན་ལ་གོའོ། ཡི་དམ་ཞི་ཁྲོ་ཁོ་ནར་དབང་བསྐུར་དང་བདག་མདུན་བུམ་གསུམ་གྱི་སྐྱེད་པ་སོགས་ཆོ་ག་ཕྱག་ལེན་མ་འདྲ་བ་མཆིས་ཤིང་། ལྷ་སྲུང་ཆོས་སྐྱོང་ལ་འཕྲིན་བསྐུལ་རྗེས་གནང་ཙམ་ལས་མེད་པ་དང་། སྟོན་པ་སངས་རྒྱས་དང་སངས་རྒྱས་སྨན་བླའི་བར་དབང་བསྐུར་ཡོད་མེད་ཀྱི་ཁྱད་ཞུགས་པའང་དེ་ཡིན།།
འདིས་ཅི་མཚོན་པ་ཡིན་ཟེར་ན། ཡི་དམ་རིགས་ནི་བསྒོམ་བྱ་ཕྱི་ཤུན་སྒྲོམ་གཞི་ལྟ་བུ་དང་། སྒྲུབ་པ་པོ་རང་དེར་ཁོག་ཞུགས་པ་ལྟ་བུའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ལས་རབ་འབྱམས་འགྲུབ་པ་མ་ཡིན་ནམ། ཡི་དམ་ཞི་དྲག་གི་ཞལ་ཕྱག་དང་རྒྱན་ཕྱག་ཆ་དང་། ཡབ་ཡུམ་ཞལ་སྦྱོར་བཅས་ལ་མཚོན་དོན་དང་དགོས་པ་རྒྱུ་མཚན་མང་པོ་འགྲེལ་བའང་དེ་ཡིན། དེ་ལྟར་ཡབ་ཡུམ་ཁ་སྦྱོར་སོགས་བསྒོམས་པས་རྩལ་ཐོན་ཏེ། རང་ཉིད་ཡི་དམ་དེ་དང་དེའི་ཕྱི་གཟུགས་ལྡན་པའི་ལྷ་རང་མཚན་པ་ལྟ་བུར་འགྲོ་རྒྱུ་དེ་སྔགས་ཀྱི་རྩ་བའི་བླང་བྱ་གཙོ་བོའི་གྲས་སུ་གཏོགས་ཤིང་། ཉོན་མོངས་དུག་གསུམ་གྱི་དངོས་གཉེན་རེ་ལ་ཆེད་དམིགས་ཀྱི་ཡི་དམ་ཞི་ཁྲོའི་སྤྲོ་བསྡུ་བསམ་མི་ཁྱབ། དཔེར་ན། དཔལ་འཁོར་ལོ་བདེ་མཆོག་ལྟ་བུ་ཁྲོ་ཆགས་གཉིས་ལྡན་བསྒོམ་འདོད་པ་ཞིག་གིས་དེ་ལ་བརྟེན་པའི་རྩ་ཐིག་རླུང་སྦྱོར་གྱི་བྱེད་ནུས་ཀྱིས། གཞི་འདོད་ཆགས་ལྟ་བུ་ལམ་གྱི་ངོ་བོར་བསྐྱེད་དེ། ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་བཟའ་ཞིང་གཅོད་པའི་དཔེ་བཞིན། ཉོན་མོངས་དུག་གསུམ་དེ་འབྲས་བུའི་གནས་སྐབས་ལ་ཆམ་ལ་ཕབས་ཤིང་རྡུལ་ཏུ་བརླགས་པ་ཡིན། དེ་ཡང་རྩ་ཐིག་རླུང་སྦྱོར་ལ་དབང་ཐོབ་པ་ཡིན་ན་དེ་ལ་བརྟེན་པའི་སེམས་ཉམས་འོག་ཏུ་ཚུད་འགྲོ་བ་དང་། རྣམ་རྟོག་ཕྲ་རགས་ཀྱི་རྒྱུ་བ་འགོག་ཅིང་། དེའི་བྱེད་ནུས་ཞི་ཞིང་རྩད་ནས་འཇོམས་པར་མདོ་དང་མ་འདྲ་བའི་ཐབས་མང་བ་དང་མྱུར་ལམ་ཟབ་ཁྱད་བརྗོད་ལས་འདས་ཤིང་། སངས་རྒྱས་ལས་ཀྱང་དཀོན་པའི་དོན་ཡང་དེ་རེད།།
ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་མ་ལུས་པ་ཆ་ཚང་བར་སྟོན་པ་སངས་རྒྱས་དངོས་ཀྱིས་གསུངས་པ་རེད་ཅེ་ན་ངོས་ལེན་མེད། འོན་ཀྱང་། དེ་ཚང་མ་རྩ་བའི་ཁུངས་གཏུག་ཡུལ་གྱི་མདོ་རྒྱུད་གང་རུང་ལ་བརྟེན་པར་ཤིན་ཏུ་འདོད། དེ་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་པཎ་གྲུབ་མང་བོས་རྩ་བའི་ཁུངས་རེ་ལ་བརྟེན་པའི་ཉོན་མོངས་ཕྲ་རགས་ཆམ་ལ་ཕབ་ཐབས་ཀྱི་མྱུར་ལམ་ཟབ་མོའམ། སྒྲུབ་ཐབས་བསྒོམ་རྒྱུ་མང་པོ་ཞིག་གདུལ་བྱའི་ཁམས་དབང་མོས་བློ་དང་འཚམ་པར་གསར་གཏོད་དང་གཏན་ལ་ཕབ་པ་ཡིན་པས། རིགས་གསུམ་མགོན་པོ་སོགས་མཆོག་ལྷ་ཞི་དྲག་གི་སྐུར་བཞེངས་ཞེས་པའང་དོན་དེ་ཡིན། རིགས་གསུམ་མགོན་པོ་དང་བྱམས་འཇམ་དབྱངས་ནི་སྟོན་པ་སངས་རྒྱས་ཀྱི་དངོས་སློབ་དང་། རང་རེར་འདི་དག་ལ་མ་བརྒྱུད་པ་གང་ཡང་མེད་ཙ་ན། ཡི་དམ་དང་བླ་བརྒྱུད་ཀྱི་གཞི་མཐུན་ཡིན་པ་སོགས་འདིར་གསང་སྔགས་ལ་བསམ་ཚུལ་ཉུང་ཙམ་ཞུས་པ་ནི། གནས་འདིར་མྱོང་ཆ་ཞན་ཅིང་འཆད་ལ་དགའ་བ་རྣམས་ལ་མཛོ་རྒྱུ་མཛོ་བདག་ལ་ཆེ་བའི་ཚུལ་གྱིས་བརྟག་དཔྱད་མེད་པའི་གཏམ་བཤད་མ་ཡོང་བའི་གསལ་བཏབ་པ་ཡིན། ཚིག་དུམ་འདི་སྤྱིར་མའོ་ཙེ་ཏུང་གིས་གསུངས་པ་རེད་ཀྱང་ཁོ་རང་སྒྲིག་ཁོངས་འདིར་ཚུད་ཡོད་མེད་མི་ཤེས།
མདོར་ན། སྟོན་པ་སངས་རྒྱས་དེ་ཉིད་ནས་སྟོན་ཆེན་གཞན་གང་དང་མ་འདྲ་བ་འདི་ལྟར། མདོ་ལས། ལེགས་པར་བརྟག་ལ་ང་ཡི་བཀའ་ཞེས་དང་། བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་སོགས། དང་པོ་ནས་སྨྲ་བརྗོད་རང་དབང་དང་། བསམ་ཚུལ་རང་དབང་། མིང་ལ་དོན་གྱི་དངོས་ཐོག་བདེན་འཚོལ་གྱི་ཆོས་ཚུལ་ཅིག་སྟེ། རང་གིས་བརྩོན་པ་དང་སྒྲུབ་པ་ཉམས་ལེན་ཁོ་ནས་བྱིན་བརླབས་དང་ནུས་མཐུ་འཇུག་གི རྩོལ་བ་དང་ཉམས་ལེན་མ་དགོས་པའི་ཆོས་ཤིག་མ་གསུངས་པ་ཡིན་ཏེ། རང་ཉིད་རང་གི་མགོན་ཡིན་པ་དང་། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་བ། འགྲོ་བའི་སྡིག་སྒྲིབ་ཆུ་ཡིས་མི་དག་པ། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་པ་སོགས་ཐུགས་ཐག་ཆོད་པའི་སྒོ་ནས་གསུངས་ཡོད། འོན་ཀྱང་། བླ་སློབ་དམ་ཚིག་གི་འབྲེལ་བ། ཕ་མ་བུ་ཕྲུག་ཤ་ཁྲག་གི་འབྲེལ་བ། མཆོད་ཡོན་རྒྱུ་ནོར་གྱི་འབྲེལ་བ། མི་རིགས་རིགས་ཞེན་གྱི་འབྲེལ་བ་བཅས་གཉན་ཅིང་བཙན་པའི་འབྲེལ་བ་འདི་དག་ལ། ཕན་ཚུན་སྐྱབས་སྨོན་སྲུང་ཟློག་གི་ནུས་མཐུ་དང་བྱིན་བརླབས་འཇུག་ཚུལ་ཀྱང་གསུངས་ཡོད། ཆོས་ལུགས་ནི་ནང་བསམ་བློའི་བྱེད་ནུས་དང་རྩལ་སྟོབས་སྦྱོང་གི་ཡོད་དུས། དེའི་ཕན་ནུས་ཀྱང་ཕྱོགས་གཅིག་ནས་དད་མོས་དང་ཡིད་ཆེས་ལ་ལྟོས་ཚབས་ཤིན་ཏུ་ཆེ་བར་དེང་གི་སེམས་ཁམས་རིག་པས་ར་སྤྲོད་ཐུབ་པ་མང་བོ་བྱུང་ཡོད་དོ།།
མི་ཚེའི་བཞུད་ལམ་རིང་མོ་ཨ་རེ་ཆད།།
རྨི་ལམ་ཐུན་གཅིག་གོ་ཡང་ཆོད་ད་རེ།།
འདས་སོང་ལོ་ཟླ་མང་པོ་ངང་གིས་ཟད།།
སྙིང་བོ་དོན་གྱི་རྡོག་མ་གཅིག་ཀྱང་མེད།།
རེས་སྐྱིད་རེས་སྡུག་འཁོར་བའི་ཆོས་ཉིད་ལ།།
རེ་བའི་གཏད་སོ་བྱེད་པ་ཨ་རེ་རྨོངས།།
རེས་མོས་ཆོས་ཉིད་འདི་ཡིས་མ་བསླུས་པའི།།
སྐྱེ་བོ་སྟོབས་ལྡན་དག་ལ་སྙིང་ནས་འདུད།།
༢༠༡༦ / ༦ / ༨ ཉིན།