རྒྱ་རིགས་སྒྱུ་རྩལ་པ་ཨེ་ཝེ་ཝེ་ཡིས་རྒྱ་ནག་ལ་མི་འབོར་དུང་ཕྱུར་ ༡།༣ ཡོད་ཀྱང་མི་མང་ལ་སྨྲ་བརྗོད་རང་དབང་མེད་སྟབས་གཞུང་ལ་ཡིད་ཆེས་བྱེད་མཁན་རྒྱ་མི་གཅིག་ཀྱང་མེད་པ་དང་མི་མང་འཇིགས་སྣང་ཞིག་གི་འོག་བསྡད་ཡོད་ཟེར།
དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་རིགས་སྒྱུ་རྩལ་པ་གྲགས་ཅན་ཨེ་ཝེ་ཝེ་ལགས་ཀྱིས་ནེའུ་ཡོག་གྲོང་ཁྱེར་ནང་བསྡུས་པའི་སྒྱུ་རྩལ་འགྲེམས་སྟོན་ (Ai Weiwei’s New Show) ཞིག་གི་ཐོག་ཨ་རིའི་དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཧེ་ལ་རེ་དང་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཊི་རུམ་ཕི་གཉིས་ཀྱི་སུ་ལ་རྒྱལ་ཁ་འཐོབ་ནའང་། ཨ་རྒྱ་གཉིས་བར་འབྲེལ་མོལ་བྱེད་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
རྒྱ་རིགས་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ཀྱིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁ་ཤས་ཡོད་ནའང་། ཨ་རིའི་ནང་གི་རྒྱ་རིགས་ཚོས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་དགའ་མོས་བྱེད་བཞིན་པ་དེ་ནི་རྟོགས་དཀའ་བ་ཞིག་ཡིན་པ་མ་ཟད། རྒྱ་རིགས་མང་པོ་ཞིག་གིས་ད་དུང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལའང་དགའ་མོས་བྱེད་ཀྱིན་འདུག རྒྱ་རིགས་དེ་ཚོའི་དབང་ཤུགས་ཀྱི་འདོད་རྔམ་དང་རྙིང་ཞེན་རིང་ལུགས་ཀྱི་ལྟ་ཚུལ་དེ་ནི་འཆར་ཡན་ཡ་མ་བརླ་ཞིག་ཡིན་པ་དང་། འཛམ་གླིང་རྒྱལ་ཁབ་ཡོངས་ནས་ཨ་རིའི་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་འགན་སྲུང་བྱེད་བཞིན་པར་ཆེ་མཐོང་དང་བརྩི་བཀུར་བྱེད་ཀྱིན་ཡོད་པ་ལྟར། གལ་ཏེ་མ་འོངས་པའི་ཨ་རིའི་སྲིད་འཛིན་གསར་བས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་སྣང་མེད་བཏང་སྟེ་རྒྱ་ནག་ལ་ཚོང་འབྲེལ་བྱས་པ་ཡིན་ན། དེ་ནི་ཨ་རིའི་གཞུང་གི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་ལ་མི་འབོར་དུང་ཕྱུར་ ༡།༣ ལྷག་ཡོད་ནའང་། མི་མང་ལ་སྨྲ་བརྗོད་རང་དབང་མེད་སྟབས། རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་མཁན་རྒྱ་མི་གཅིག་ཀྱང་མེད་པ་དང་། རྒྱ་ནག་མི་མང་འཇིག་ཉེན་ཞིག་གི་འོག་འཚོ་སྡོད་བྱས་ཡོད་པ་དེ་ནི་རྒྱ་ནག་མང་ཚོགས་ཀྱི་དངོས་ཡོད་དཀའ་རྙོག་ཡིན་པ་དང་། གཞུང་མང་གཉིས་བར་ཕན་ཚུན་ལ་ཡིད་ཆེས་དང་བློ་གཏོད་མེད་པ་དེ་ནི་རྒྱ་ནག་ནང་དཀའ་རྙོག་ངོ་མ་ཞིག་ཡིན་སྟབས། རྒྱ་ནག་མི་མང་གི་འོས་འགན་གཙོ་བོ་སྨྲ་བརྗོད་རང་དབང་རྩོན་ལེན་བྱས་ཏེ་མི་མང་གི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་དང་། དེང་སྐབས་རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་ཟེར་བ་ཞིག་རྩ་བ་ནས་མེད་སྐོར་སོགས་བརྗོད་འདུག
གཞན། ལྟ་སྲུང་ (The Guardian) ཞེས་པའི་དབྱིན་ཇིའི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། རྒྱ་རིགས་སྒྱུ་རྩལ་པ་ཨེ་ཝེ་ཝེ་ལགས་ཀྱིས་ཨ་རིའི་ཕྱི་འབྲེལ་ལྷན་ཚོགས་ (cFr) ཤིག་གི་ཐོག་ཨ་རི་ནི་རྒྱ་ནག་གཞུང་གི་ཚོང་འབྲེལ་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་གཞུང་གིས་ཚོང་འབྲེལ་རྒྱལ་ཁབ་ཁག་ལ་ངོ་སྲུང་བྱེད་ཀྱིན་ཡོད་སྟབས། ཨ་རིའི་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་བྱེད་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་གླེང་སློང་བྱས་ན་རྒྱ་ནག་གཞུང་གིས་ཉན་འཇོག་ཕྲན་བུ་བྱེད་པའི་རེ་བ་ཡོད་སྐོར་སོགས་བརྗོད་འདུག
གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་དབང་བཟུང་བའི་ཚུན་ལ། རྒྱལ་མང་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོབ་དང་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་དག་ཐེར་སོགས་ལ་ཁ་གཡར་ཏེ། སྔ་རྗེས་སུ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཁྲིམས་རྩོད་པ་ ༢༤༨ ཙམ་དང་། གུང་ཁྲན་ཏང་ལ་བློ་དཀར་མིན་གྱི་དོགས་ཡོད་དཔོན་རིགས་ ༡༢༠ དང་། དེ་བཞིན་ལྐོག་ཟ་ལྐོག་རྔན་ལ་འབྲེལ་བ་ཡོད་རིགས་སོགས་མི་ ༡༠༠༠༠༠ ལྷག་ལ་ཞིབ་བཤེར་དང་ཁྲིམས་ཐག་བཅད་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།