ཨ་རིའི་སྲིད་འཛིན་འོས་མི་ཌོ་ནལ་ཊི་རུམ་ཕི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་ཀྱི་གཏམ་བཤད་དང་པའི་ནང་མ་འོངས་པར་ཨ་རིའི་ནང་གི་ཆབ་སྲིད་དང་ཆོས་ལུགས་ལྟ་བ་འདྲ་མིན་མཉམ་རུབ་གནང་གལ་ཆེ་སྐོར་བརྗོད་འདུག
དེ་རིང་ཨ་རིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཏེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱལ་ཁ་ཐོབ་མ་ཐག ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས་ཐེངས་དང་པོར་འཚམས་འདྲི་ཞུས་ཡོད་པ་དང་། དེའི་རྗེས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་མང་པོས་རྒྱལ་ཁའི་འཚམ་འདྲི་ཞུས་ཡོད་འདུག
སྐུ་ཞབས་ཊི་རུམ་ཕི་ཡིས་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་ཀྱི་གཏམ་བཤད་དང་པོར། ང་ལ་ད་ལྟ་རང་དམངས་གཙོ་ཚོགས་པའི་ལྕམ་ཧེ་ལ་རེ་མཆོག་གིས་ཞལ་པར་བརྒྱུད་འཚམས་འདྲི་ཞུས་བྱུང་བས་མོ་རང་ལ་སྔགས་བརྗོད་ཞུ་རྒྱུ་ཡིན། མོ་རང་གིས་ད་རེབ་འོས་བསྡུའི་ལས་རིམ་ནང་ཧ་ཅང་འབད་བརྩོན་ཆེན་པོ་གནང་ཡོད་པ་མ་ཟད། དེ་སྔོན་ཨ་རིའི་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་རླབས་ཆེན་གནང་བར་ལྷག་བསམ་རྣམ་དག་གིས་སྔགས་བརྗོད་ཞུ་འོས་པ་ཞིག་རེད། ཅེས་སོགས་བརྗོད་འདུག
ཊི་རུམ་ཕི་ཡིས་མུ་མཐུད་དུ། ད་ནི་ཨ་རིའི་ཆབ་སྲིད་ཤོག་ཁག་ཚང་མ་ཆིག་སྒྲིལ་བྱེད་པའི་དུས་ལ་བབ་ཡོད་པ་དང་། ཁོང་མི་འགྱང་བར་ཨ་རིའི་སྲིད་འཛིན་ཆགས་རྒྱུ་ཡིན་སྟབས། རྒྱལ་ཁ་དེ་ནི་ཁོང་ལ་མཚོན་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། ཐེངས་འདིའི་སྲིད་འཛིན་འོས་འགྲན་ཁྲོད་ཀྱི་རྒྱལ་ཁ་དེ་ནི་སྲིད་འཛིན་འོས་འགྲན་གྱི་ལས་འགུལ་ཙམ་མིན་པར། དེ་ནི་ཨ་རིའི་མ་འོངས་པའི་ཆེད་དུ་བསླངས་པའི་ལས་འགུལ་ཆེན་པོ་ཞིག་ཡིན་སྐོར་སོགས་བརྗོད་འདུག
ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས། ཨ་རིའི་མ་འོངས་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡི་ཕྱི་འབྲེལ་སྲིད་ཇུས་ལ་བརྟེན་ནས་ཨ་རི་དང་ཨུ་རུ་སུ་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་། སྤྱིར་ལས་དོན་དེ་ནི་ལས་སླ་པོ་ཞིག་མིན་ནའང་། ཨུ་རུ་སུའི་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་བཟང་ཕྱོགས་ནས་བསྐྱར་གསོ་བྱེད་ཐབས་སུ་གྲ་སྒྲིག་ཡོད་པ་དང་། དེ་ནི་ཨ་རི་དང་ཨུ་རུ་སུའི་མི་མང་གི་ཁེ་ཕན་ཡིན་པ་ཙམ་མ་ཟད། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་བཟང་ཕྱོགས་ཀྱི་འཕོ་འགྱུར་ཞིག་ཀྱང་ཡིན་སྐོར་བརྗོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། རྒྱ་ནག་གཞུང་གིས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་གལ་ཆེན་དུ་བཟུང་སྟེ། ཕྱོགས་གཉིས་བར་ཞི་བདེ་བརྟན་ལྷིང་དང་ཐུན་མོང་གི་ཁེ་ལས་ཐད་གྲུབ་འབྲས་ལྡན་པའི་མཉམ་ལས་བྱེད་པར་རེ་ལྟོས་བྱེད་བཞིན་ཡོད་ཚུལ་བཤད་འདུག
འཇར་མན་གྱི་སྲིད་བློན་ལྕམ་ཨན་གྷ་ལ་མར་ཁིལ་གྱིས་འཚམས་འདྲི་དང་སྦྲགས་ཏེ་སྔོན་ཆད་སྐུ་ཉིད་ཀྱི་གསུང་སྟངས་མང་པོ་ཞིག་ལ་བློ་ཚབ་ཀྱི་རང་བཞིན་ཡོད་ཀྱང་། མ་འོངས་པར་མཛའ་མཐུན་མཉམ་གནས་གཙོ་བོར་འཛིན་གལ་ཆེ་སྐོར་བརྗོད་ཡོད་པ་དང་། དེ་བཞིན་འཇར་མན་རྒྱལ་སྲུང་བློན་ཆེན་ལི་ཡིན་ (Leyen) ལགས་ཀྱིས་ཀྱང་། ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱལ་ཁ་ཐོབ་པ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། སྐུ་ཞབས་ཊི་རུམ་ཕི་ཡི་རྒྱལ་ཁའི་གྲུབ་འབྲས་ལ་བརྟེན་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་ཞི་བདེ་འབྲེལ་ལམ་དེ་མཇུག་བསྡུས་པ་ཞིག་ཡིན་མིན་གྱི་དོགས་འདྲི་ཡང་བྱས་འདུག
ཁོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་དགེ་རྒན་ཆེན་མོ་སི་ཆ་མ་ (Schama) ལགས་ཀྱིས། སྤྱི་མཐུན་ཚོགས་པར་སྲིད་འཛིན་རྒྱལ་ཁ་ཐོབ་པར་བརྟེན་ནས། ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་ལ་ལྡོག་ཕྱོགས་ཀྱི་གནོན་ཤུགས་ཐེབས་པ་དང་། ཨུ་རུ་སུས་ཨ་རིར་དཀའ་རྙོག་བཟོ་བ་ངེས་ཡིན་པ། ད་ལྟའི་སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིར་འགྱུར་བ་བཏང་སྟེ། མ་འོངས་པར་ཨ་རིའི་མི་མང་ས་ཡ་མང་པོའི་འཕྲོད་བསྟེན་ཐོག་དཀའ་ངལ་འཕྲད་རྒྱུ་ཡིན་པ། ད་ལྟའི་ཨ་རིའི་དངུལ་ཁང་གི་ཁྲིམས་སྒྲིག་འཐོར་ཞིག་འགྲོ་བ་སོགས་ཀྱི་དཀའ་ཁག་འཕྲད་སྲིད་པ་དང་། སྐུ་ཞབས་ཊི་རུམ་ཕི་ལགས་ནི་ཧེ་ཊི་ལིར་མིན་ནའང་། ཧྥ་ཤི་སི་རིང་ལུགས་ཀྱི་ལྟ་ཚུལ་སྣ་ཚོགས་ཡོད་པ་དང་། སྐུ་ཞབས་ཊི་རུམ་ཕི་ལགས་ནི་ན་ཙེ་མི་རིགས་མིན་ནའང་། ན་ཙེ་ཤོག་ཁག་རྒྱལ་ཁའི་རྟེན་འབྲེལ་ལ་རོལ་བཞིན་ཡོད་སྐོར་སོགས་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།