—མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྐབས་ ༧༡ ཐོག་གི་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་གཏམ་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་འཛིན་དང་། དྲུང་ཆེ། གཞན་ཡང་སྐུ་ཚབ་རྣམ་པ། སྐུ་ངོ་དང་སྐུ་ལྕམ་རྣམ་པ། ང་རང་སྲིད་འཛིན་ཞིག་གི་ངོས་ནས། ཚོམས་ཆེན་འདིའི་ནང་དུ་མཐའ་མའི་གཏམ་བཤད་ཀྱི་གོ་སྐབས་འདི་དང་བསྟུན། ང་ཚོས་ལོ་ངོ་བརྒྱད་ཀྱི་རིང་ལ་བསྐྲུན་པའི་ཡར་རྒྱས་དེ་གླེང་ཆོག་པར་ཞུ།
ང་ཚོའི་དུས་སྐབས་ཀྱི་དཔལ་འབྱོར་ཉམས་རྒུད་ཆེན་མོའི་དཀའ་ངལ་དེའི་ཁྲོད་ནས། ང་ཚོས་དཔུང་བ་མཉམ་གཤིབ་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དཔལ་འབྱོར་ཉམས་རྒུད་ཆེན་མོ་དེའི་ཁ་ཕྱོགས་བསྒྱུར་ནས་འཛམ་གླིང་གི་དཔལ་འབྱོར་དེ་སླར་ཡང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཏུ་དྲངས་ཡོད། ང་ཚོས་འཇིགས་སྐུལ་རིང་ལུགས་པའི་བཙན་ས་གཏོར་ཡོད་ལ། རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་སྲ་བརྟན་དུ་བཏང་ཡོད་པ་དང་། ཨི་རན(Iran)གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་བསལ། ང་ཚོས་ཁུ་པ(Cuba) དང་ལྷན་དུ་གུ་ཡངས་པའི་འབྲེལ་ལམ་བཟུང་ཞིང་། ཁོ་ལོམ་པི་ཡ(Colombia)ལ་རོགས་རམ་བྱས་ཏེ། ལྷོ་ཨ་མི་རི་ཀའི་ཡུན་རིང་གི་དམག་འཁྲུག་དེ་མཇུག་བསྒྲིལ་ཡོད། ང་ཚོས་ད་དུང་དམངས་གཙོའི་ལམ་ནས་གདམས་པའི་འབར་མའི(Myanmar)མགོ་ཁྲིད་ཀྱང་ཚོགས་ཐོག་འདིར་དགའ་བས་བསུས་ཡོད། ང་ཚོའི་རོགས་སྐྱོར་ནི། ཨ་ཧྥི་རི་ཁའི་མི་རྣམས་ལ་རོགས་བྱས་ཏེ་ཁོ་ཚོ་རང་ཁ་རང་གསོ་དང་། རང་ནད་རང་བཅོས། སྤྱི་ཚོགས་ཡར་འདེགས། རང་རྐྱ་འཕེར་བའི་ངང་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡོང་བར་མཐུན་རྐྱེན་སྦྱོར་བ་དེ་ཡིན། གཞན་ཡང་། ང་ཚོས་འཛམ་གླིང་དངུལ་ཁང་དང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ལྟ་བུའི་རྒྱལ་སྤྱིའི་རང་བཞིན་གྱི་སྒྲིག་འཛུགས་རྣམས་སྔར་ལས་ལྷག་པའི་སྣ་འཛོམས་རང་བཞིན་དུ་བསྒྱུར་ཡོད་ལ། གནམ་གཤིས་འགྱུར་ལྡོག་གི་ཉེན་ཚབས་ལས་ང་ཚོའི་གོ་ལ་འདི་སྲུང་བའི་ལས་དོན་གྱི་སྒྲོམ་གཞི་ཞིག་ཀྱང་རྩ་འཛུགས་བྱས་ཡོད།
འདི་དག་ནི་གལ་འགངས་ཆེ་བའི་བྱ་གཞག་ཡིན་ཞིང་། དེ་དག་གིས་ང་ཚོའི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་འགྱུར་བ་ཆེན་པོ་ཞིག་བསྐྲུན་ཡོད། གལ་ཏེ། ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ལས་སུ་ཞུགས་མེད་ཚེ། དེ་དག་བྱུང་ཡོད་མི་སྲིད། དེ་ལྟར་ཡང་། འཛམ་བུ་གླིང་གི་གང་ས་ནས་ང་ཚོའི་མིག་ལམ་དུ་མངོན་ཡོང་བ་ནི། ང་ཚོ་གཅིག་ལ་གཅིག་རྟེན་ཏུ་བསྒྱུར་ཡོད་པའི་གོ་ལ་གཅིག་སྒྲིལ་གྱི་དཔུང་ཤེད་དེ་དག་གིས་ད་ཡོད་རྒྱལ་སྤྱིའི་བརྟན་བརླིང་ལ་གས་ཁ་ཟབ་མོ་གཏོད་བཞིན་པ་དེ་ཡིན།
ང་ཚོས་གས་ཁ་དེ་རྣམས་ཉིན་རེའི་ཚགས་ཤོག་གི་མདུན་ངོས་ནས་མཐོང་བ་སྟེ། འཛམ་གླིང་གང་སར་སྐྱབས་བཅོལ་བ་མང་པོ་ཞིག་གདུག་རྩུབ་ཀྱི་ཟིང་འཁྲུག་གི་ཁྲོད་ནས་ཆུ་བཞུར་བཞུར་གྱིས་མཐའ་མཚམས་བརྒལ་ཏེ་བྲོས་བྱོལ་དུ་འགྲོ་བ་དང་། དཔལ་འབྱོར་གོད་ཆག་གིས་མཚམས་ཚིགས་མེད་པར་ང་ཚོའི་ལས་མི་རྣམས་དང་སྤྱི་ཚོགས་ཡོངས་སྡུག་ལ་སྦྱོར་ཞིང་། དཀྱིལ་ཤར་ཨེ་ཤ་ཡའི་ཕྱོགས་ན། གཞི་རྩའི་བདེ་འཇགས་དང་། གཞི་རྩའི་བརྟན་བརླིང་ཉམས་ཡོད་ལ། སྲིད་གཞུང་མང་པོ་ཞིག་གིས་གསར་འགོད་པ་རྣམས་ཀྱི་ཁ་སྡོམ་པ་དང་། ལྟ་ཚུལ་མི་མཐུན་མཁན་རྣམས་ཚར་གཅོད་པ་དང་། གནས་ཚུལ་རྒྱུད་སྤེལ་ལ་བཀག་སྡོམ་བྱེད་པ་སོགས་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད། འཇིགས་སྐུལ་རིང་ལུགས་པ་ཚོས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་སྤྱད་དེ། ང་ཚོའི་ན་གཞོན་རྣམས་ལ་བསླུ་བྲིད་གཏོང་བར་མ་ཟད། གུ་ཡངས་པའི་ང་ཚོའི་སྤྱི་ཚོགས་ཉེན་ཁར་གཏོད་བཞིན། ཉེས་མེད་ཀྱི་ཁ་ཆེ་བ་དང་བཙན་བྱོལ་བ་རྣམས་ལ་ཞེ་སྡང་སློང་གི་ཡོད། གཞན་ཡང་། སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱལ་སྤྱི་ཁྲིམས་ལ་ཡང་རྡོག་རོལ་གཏོང་གི་ཡོད།
གྲང་དམག་མཇུག་བསྒྲིལ་ནས་ལོ་ཉེར་ལྔའི་རིང་འདིར། འཛམ་བུ་གླིང་འདི་ཕྱོགས་གང་ཐད་ནས་སྔར་ལས་ཟིང་འཁྲུག་ཉུང་ཞིང་འཕེལ་རྒྱས་སུ་སོང་ཡོད། ཡིན་ན་ཡང་། ད་ལྟའི་ང་ཚོའི་སྤྱི་ཚོགས་ནི་བརྟན་བརླིང་དང་ཞི་བདེ་བྲལ་ཞིང་། སེམས་ཁྲལ་དང་རྩོད་རྙོག་གིས་ཁེངས་ཡོད། འཕེལ་རྒྱས་ཀྱི་ཚད་གཞི་ཇི་ལྟར་མཐོ་ཡང་། གཞུང་ཕྱོགས་ལ་བཅངས་པའི་མི་དམངས་ཀྱི་ཡིད་ཆེས་བརླག་དུས། སྲིད་གཞུང་གི་འཛིན་སྐྱོང་ནི་སྔར་ལས་ཁག་ཏུ་འགྱུར་བ་དང་། རྒྱལ་ཁབ་བར་གྱི་འགལ་བ་ནི་སྔར་ལས་ཀྱང་མགྱོགས་པོར་མངོན་དུ་འགྱུར་གྱི་ཡོད། འདི་ནི་ད་ལྟའི་འཛམ་བུ་གླིང་གི་འགལ་ཟླའི་གནས་སྟངས་ཡིན།
དེར་བརྟེན། ང་ཚོ་ནི་འདེམ་ཀ་ཞིག་ལ་འཕྲད་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་ཆིག་སྒྲིལ་དང་མཉམ་འབྲེལ་གྱི་ལམ་ནས་ནན་གྱིས་མདུན་དུ་སྐྱོད་པར་བདམ་ཆོག ཡང་ན། ང་ཚོ་ནི་ཆོས་ལུགས་དང་རིགས་རུས། ཚོ་ཁག རྒྱལ་ཁབ་བཅས་ཀྱི་དུས་རབས་རྙིང་པའི་ལམ་ལུགས་ཀྱི་ངོས་ནས་དུམ་བུར་བཅད་ཅིང་། མཐའ་མར་ཕན་ཚུན་དམག་འཁྲུག་རྒྱག་དགོས་པའི་འཛམ་གླིང་ཞིག་ལ་ཕྱིར་ནུད་རྒྱག་ཆོག
ངས་དེ་རིང་འདི་ནས་ང་ཚོ་ངེས་པར་དུ་མདུན་དུ་སྐྱོད་པ་ལས་ཕྱིར་ནུད་མི་བྱེད་པའི་རེ་སྐུལ་བྱེད་འདོད། ང་ཚོས་རྩ་འཛུགས་བྱས་ཡོད་པའི་གུ་ཡངས་ཀྱི་ཁྲོམ་ར་དང་འགན་ལེན་གྱི་སྲིད་གཞུང་། དམངས་གཙོ་དང་རྒྱལ་སྤྱིའི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རྩ་དོན་རྣམས་ཡང་དག་མིན་ཡང་། དེ་དག་ནི་དུས་རབས་འདིའི་ནང་དུ་འགྲོ་བ་མིའི་འཕེལ་རྒྱས་ཀྱི་རྨང་རྡོ་བརྟན་ཤོས་དེ་ཡིན་པ་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ངས་ལྟ་བའི་ལངས་ཕྱོགས་དང་གཞུང་ལུགས་སོགས་གཞི་རུ་བཞག་ནས་སྐད་ཆ་འདི་བཤད་པ་མིན་པར་དོན་དངོས་ལ་གཞི་བཅོལ་ནས་བཤད་པ་ཡིན་ཞིང་། དོན་དངོས་དེ་དག་ནི་ང་ཚོས་སྐབས་བབ་ཀྱི་བྱུང་བའི་ཁྲོད་ནས་ཡང་ཡང་བརྗེད་ཀྱི་ཡོད།
དོན་སྙིང་ཧ་ཅང་ཆེ་བའི་དོན་དངོས་ནི་འདི་སྟེ། གོ་ལ་ཡོངས་ཀྱི་དཔལ་འབྱོར་མཉམ་འབྲེལ་ལ་བརྟེན་ནས་བྱིས་པ་དང་། བུད་མེད། སྐྱེས་པ་སོགས་མི་དུང་ཕྱུར་མང་པོའི་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། འདས་ཟིན་པའི་ལོ་ཉེར་ལྔའི་རིང་ལ། ཧ་ཅང་དབུལ་ཕོངས་ཀྱི་གནས་སྟངས་སུ་འཚོ་བའི་མི་གྲངས་ནི། འཛམ་གླིང་ཧྲིལ་པོའི་མི་འབོར་གྱི་བརྒྱ་ཆའི་བཞི་བཅུ་ནས་བཅུའི་འོག་ཏུ་ཕབས་ཡོད། འདི་ནི་སྔོན་ཆད་བྱུང་མ་མྱོང་བ་ཞིག་ཡིན་ལ། འདི་ནི་ང་ཚོས་རྟོགས་དཀའ་བའི་ཡུལ་ཞིག་མ་ཡིན་ཏེ། འཚོ་བའི་ཡར་རྒྱས་དེའི་རྐྱེན་གྱིས་བྱིས་པ་རྣམས་ལ་ཟ་རྒྱུ་འདང་ངེས་པ་ཞིག་ཡོད་པ་དང་། ཨ་མ་རྣམས་བྱིས་པ་སྐྱེས་པའི་ཁྲོད་ནས་འཆི་མི་དགོས་པ་དེ་ཡིན།
དེ་དང་དུས་མཚུངས། རིགས་རྫས་ཀྱི་གསང་བ་བཏོལ་ཏེ། དུས་རབས་མང་པོར་ང་ཚོར་འཚེ་བའི་ནད་ཡམས་རྣམས་སེལ་བའི་རེ་བ་བྱིན་ཡོད་པ་དང་། ལག་པ་གཅིག་གིས་བཟུང་བའི་ཡོ་ཆས་ཤིག་གི་སྟེང་ནས་དྲ་རྒྱ་ཡིས་གྲོང་གསེབ་དུ་འཚོ་བ་ངན་ངོན་ལ་རོལ་བའི་ལོ་ཆུང་བུ་མོ་ཞིག་ལ་འགྲོ་བ་མིའི་ཤེས་བྱ་ཆ་ཚང་ཞིག་མཁོ་སྤྲོད་བྱེད་ཐུབ་ཅིང་། སྨན་སྦྱོར་དང་བཟོ་ལས། སློབ་གསོ། ཆ་འཕྲིན་གྱི་སྡེ་ཚན་བཅས་ཀྱི་ཁྲོད་དུ་ང་ཚོས་མྱོང་བཞིན་པའི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་འཕོ་འགྱུར་དེའི་རྒྱ་ཁྱོན་ལ་བལྟས་ཚེ། ཞིང་ལས་དང་བཟོ་ལས་གསར་བརྗེ་དེ་ཚོ་དྲན་ཡོང་། མདོར་ན། དེང་སང་སྐྱེས་པའི་མི་ལ་འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མ་མྱོང་བའི་བདེ་ཐང་དང་། ཚེ་ཐག་རིང་པོ། གོ་སྐབས་མང་པོ་ཡོད་པ་རེད།
གཞན་ཡང་། མེ་སེར་སྤེལ་ཡུལ་དང་། དམར་ཕྱོགས་རིང་ལུགས་མགོ་རྟིང་སློག་པ་དེས་སྔར་ལས་ལྷག་པའི་མི་མང་པོ་ཞིག་ལ་རང་ཉིད་ཀྱི་མགོ་ཁྲིད་འདེམ་པའི་རང་དབང་ལྡན་པའི་སྒོ་ནས་འཚོ་བའི་སྐལ་བཟང་བྱིན་ཡོད། རང་དབང་ཉམས་དམས་སུ་འགྲོ་བར་སྣང་བའི་ཟིང་འཁྲུག་གི་གནས་སུ་ལྷུང་བའི་ས་ཁུལ་དག་ལ་མ་ལྟོས་པར། འདས་པའི་ལོ་ངོ་ཉེར་ལྔའི་ནང་དུ། འཛམ་གླིང་གི་ག་ས་གང་ནས་དམངས་གཙོར་གྱུར་བའི་རྒྱལ་ཁབ་ཀྱི་ཁ་གྲངས་ཧ་ལམ་ལྡབ་འགྱུར་གྱིས་མང་དུ་ཕྱིན་པ་ནི་དོན་དངོས་ཡིན།
འཛམ་གླིང་གི་ཟ་ཟུར་དང་གྲུ་ག་མང་པོ་ཞིག་ན། མི་སེར་མང་པོ་ཞིག་གིས་ཕོ་མོའི་དབྱེ་བ་དང་། རིགས་རུས། ཆོས་ལུགས། དབང་པོ་སྐྱོན་ཅན། འཁྲིག་སྤྱོད་འདོད་མོས་བཅས་ནི་ཅི་ཞིག་ཡིན་ཡང་། མི་ཡོངས་ཀྱི་བརྩི་མཐོང་ལ་བརྩི་བཀུར་བྱེད་དགོས་པའི་རེ་འདུན་འདོན་གྱིན་ཡོད་ལ། མི་གཞན་གྱི་བརྩི་མཐོང་ལ་རྡོག་རོལ་གཏོང་མཁན་ཚོ་ནི་མི་དམངས་ཀྱིས་ཁ་རྡུང་གཏོང་སའི་ཡུལ་དུ་གྱུར་འདུག སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་གློ་བུར་དུ་དར་རྒྱས་བྱུང་བ་དེ་ཡིས་མི་དམངས་དཀྱུས་མ་རྣམས་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་ལམ་ཁ་མང་དུ་བསྐྲུན་ཡོད་པར་མ་ཟད། དབང་འཛིན་པ་ང་ཚོར་བཅངས་པའི་མི་དམངས་ཀྱི་རེ་བ་དེ་ཡང་མཐོ་རུ་བཏང་ཡོད། དོན་དམ་པར་བཤད་ན། རྒྱལ་སྤྱིའི་ཞི་བདེ་དང་བརྟན་བརླིང་ལ་ལམ་ལྷོང་ཧ་ལས་པ་ཞིག་བྱུང་བའི་འབྲས་བུ་རུ་ང་ཚོས་ཡིན་ཤག་ཤག་བསམ་པ་ནི་འདི་དག་སྟེ། སྟོབས་ཆེན་རྒྱལ་ཁབ་རྣམས་འཛམ་གླིང་དམག་འཁྲུག་ཏུ་མི་ཞུགས་པ་དང་། གྲང་དམག་མཇུག་སྒྲིལ་བ་དེ་ཡིས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་གི་ཉེན་ཁ་སེལ་ཡོད་པ་དང་། ཡུ་རོབ་ཀྱི་གཡུལ་ས་རྣམས་ཞི་བདེ་དང་འཆམ་མཐུན་ལྡན་པའི་མཐུན་ཚོགས་སུ་གྱུར་པ་དང་། རྒྱ་ནག་དང་རྒྱ་གར་ནི་དཔེ་ཟླ་བྲལ་བའི་འཕེལ་རྒྱས་ཀྱི་ལམ་དུ་མུ་ནས་གནས་རྒྱུ་ཡིན་པ་བཅས་ཡིན།
ངས་འདི་དག་བཤད་པ་ནི་ང་ཚོར་འཕྲད་པའི་དཀའ་ངལ་རྣམས་ལ་གཡོལ་བ་དང་། ཡང་ན། ལེ་ལོའི་ངང་ནས་བག་ཡངས་སུ་སྡོད་དགོས་པའི་བསམ་ཚུལ་འདོན་གྱིན་མེད། དེ་ལས་ལྡོག་སྟེ། འཕེལ་རྒྱས་འདི་མུ་མཐུད་ནས་གནས་པར་མཁོ་བའི་གདེངས་སྤོབས་དེ་བསྐྱེད་ཕྱིར་དང་། འཕེལ་རྒྱས་འདི་དག་སྐྲུན་མཁན་གྱི་རྒྱུ་རྐྱེན་རྣམས་མི་དོར་བའི་ཁག་ཐེག་བྱེད་པའི་ཆེད་དུ། ང་ཚོས་མཛད་རྗེས་དེ་དག་ངོས་ལེན་བྱེད་དགོས་ཀྱི་ཡོད།
འོན་ཏེ། མདུན་དུ་སྐྱོད་པར་གོ་ལ་གཅིག་གྱུར་གྱི་ཕྱོགས་སུ་སྐྱོད་པའི་ད་ཡོད་ལམ་བུ་དེར་བསྐྱར་ཞིབ་དང་ལེགས་བཅོས་བྱེད་དགོས་པ་ང་ཚོས་ངོས་ལེན་བྱེད་དགོས་ཤིང་། ནམ་རྒྱུན་གོ་ལ་གཅིག་གྱུར་གྱི་ཁེ་ཕན་སྒྲོག་མཁན་རྣམས་ཀྱིས་རྒྱལ་ཁབ་ཕན་ཚུན་དང་། རྒྱལ་ཁབ་ནང་ལོགས་ཀྱི་འདྲ་མཉམ་མེད་པའི་གནས་སྟངས་དེ་བརྩི་མེད་གཏོང་ཞིང་། ཆོས་ལུགས་དང་རིག་གཞུང་ཐ་དད་པའི་ངོ་བོའི་རིན་ཐང་ལ་སྣང་མེད་བྱེད་པ་དང་། རྒྱལ་སྤྱི་སྒྲིག་འཛུགས་དག་ལ་མི་དང་རྒྱུའི་མཐུན་རྐྱེན་མ་སྦྱར་བར་རྒྱལ་སྤྱིའི་རང་བཞིན་གྱི་དཀའ་ངལ་རྣམས་སེལ་བར་ནུས་མེད་དུ་བཏང་ཡོད།
དོན་དངོས་ཀྱི་དཀའ་ངལ་འདི་དག་སྣང་མེད་དུ་བཏང་བར་བརྟེན། དབུལ་ཕྱུག་གི་རྒྱལ་ཁབ་ཚང་མའི་ནང་དུ། འཛམ་གླིང་གི་འབྱུང་འགྱུར་ལ་དམིགས་པའི་ལྟ་ཚུལ་གཞན་སྐོར་ཞིག་ཤུགས་ཀྱིས་ཡོང་གི་ཡོད། ལྟ་ཚུལ་དེ་དག་ནི་ཆོས་ལུགས་མཁྲེགས་འཛིན་རིང་ལུགས་དང་། རིགས་རུས་དང་ཚོ་ཁག མི་རིགས་དང་གྲུབ་མཐའ་བཅས་ཀྱི་ཆབ་སྲིད། ངར་ཤུགས་ཆེ་བའི་མི་རིགས་རིང་ལུགས། རང་ག་བའི་དམངས་ཕལ་རིང་ལུགས(Populism)བཅས་རེད། དམངས་ཕལ་རིང་ལུགས་དེ་ནི་སྐབས་རེར་ཆབ་སྲིད་ཀྱི་ལངས་ཕྱོགས་གསར་བ་ལས་འབྱུང་གི་ཡོད་ན་ཡང་། ནམ་རྒྱུན་ཆབ་སྲིད་ཀྱི་ལངས་ཕྱོགས་རྙིང་བ་ལས་འབྱུང་གི་ཡོད་ལ། དེས་ཁོ་ཚོའི་མཐོང་སྣང་ལ་གཞན་གྱི་ཤུགས་རྐྱེན་མ་ཐེབས་པའི་སྔོན་མའི་འཚོ་བ་ལེགས་པོ་དང་དཀྱུས་མ་དེ་སླར་གསོ་བྱེད་པར་འབད་པ་རེད།
ང་ཚོས་ལྟ་ཚུལ་འདི་དག་སྣང་མེད་དུ་གཏོང་མི་རུང་ཞིང་། ལྟ་ཚུལ་འདི་དག་ནི་སྟོབས་ཤུགས་ཆེན་པོ་ཞིག་རེད། ལྟ་ཚུལ་འདི་དག་གིས་ང་ཚོའི་མི་སེར་མང་པོ་ཞིག་གི་ཁྲོད་ན་ཡོད་པའི་འདོད་པ་མ་ཚིམས་པའི་ཆ་དེ་མཚོན་གྱིན་ཡོད། ལྟ་ཚུལ་འདི་དག་གིས་ཡུན་རིང་པོ་ཞིག་ལ་བདེ་འཇགས་དང་ཡར་རྒྱས་ཤིག་སྐྲུན་ཐུབ་པ་ངས་ཡིད་ཆེས་བྱེད་ཀྱི་མེད་ལ། ལྟ་ཚུལ་འདི་དག་གིས་གཞི་རྩའི་གནས་རིམ་དུ་ཡོད་པའི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་ངོ་བོ་དེ་ངོས་ཟིན་མེད། ད་དུང་ད་ལྟའི་གོ་ལ་གཅིག་འགྱུར་གྱི་འཕེལ་རྒྱས་འདི་མགོ་རྟིང་སློག་ན་སྙམ་པ་རྣམས་ལ་ཆ་མཚོན་ན། གོ་ལ་ཧྲིལ་པོར་བརྟེན་ཡོད་པའི་འཛམ་གླིང་གི་དཔལ་འབྱོར་ལམ་ལུགས་ལ་འགྲོགས་ཏེ། འགྲིམ་འགྲུལ་དང་ཚན་རྩལ་དང་བརྡ་འཕྲིན་བཅས་ཀྱི་མྱུར་ཚད་ཀྱིས། མཐའ་མཇུག་རང་ཉིད་རང་གིས་ཕོངས་པ་ཞིག་བཟོ་རྒྱུ་རེད། ཁ་སང་དེ་རིང་། བཀག་སྡོམ་ཆེ་བའི་རྒྱལ་ཁབ་ནི་རང་ཉིད་རང་གིས་བཙོན་དུ་བཅུག་པ་ལྟ་བུ་ཡིན།
དེར་བརྟེན། གོ་ལ་གཅིག་འགྱུར་ངོས་ལེན་མི་བྱེད་པ་ནི་ང་ཚོར་འཕྲད་པའི་དཀའ་ངལ་དག་གི་སེལ་ཐབས་ཤིག་མིན། དེ་ལས་ལྡོག་སྟེ། ང་ཚོས་ངེས་པར་དུ་མཉམ་འབྲེལ་བྱས་ནས་གོ་ལ་གཅིག་འགྱུར་གྱི་ཁེ་ཕན་རྣམས་ཚང་མས་སྤྱོད་ཐུབ་པའི་ཁག་ཐེག་བྱེད་དགོས་པར་མ་ཟད། གོ་ལ་གཅིག་འགྱུར་གྱི་རྐྱེན་པས་རིག་གཞུང་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ཐད་ལ་ཕོག་པའི་གོད་ཆག་རྣམས་ཐད་ཀར་སེལ་དགོས་ཀྱི་ཡོད། འདི་ནི་ཞིབ་ཚགས་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་ཞིག་གླེང་བའི་གནས་མིན་ན་ཡང་། ང་ཚོས་མཉམ་འབྲེལ་བྱས་ན་དགེ་མཚན་འབྱུང་ངེས་པར་སྙམ་པ་དག་གི་སྐོར་ལ་སྤྱི་བཤད་ཅིག་ཞུ་ཆོག་པར་ཞུ།
དེ་ནི་འཛམ་གླིང་གི་དཔལ་འབྱོར་གྱི་ཁེ་ཕན་རྣམས་མཐོ་རིམ་མི་སྣ་རེ་ཟུང་ལས་མི་ཚང་མས་སྤྱོད་ཐུབ་པར་བྱས་ནས་མགོ་རྩོམ་དགོས་ཤིང་། གུ་ཡངས་ཁྲོམ་ར་དང་མ་རྩ་རིང་ལུགས་ཀྱིས་འཛམ་གླིང་ཡོངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད་ན་ཡང་། ཚན་རྩལ་དང་འཕེལ་རྒྱས་མྱུར་བའི་གོ་ལ་གཅིག་འགྱུར་དེས་ལས་མི་རྣམས་ཀྱི་གོ་གནས་དང་ཚུལ་མཐུན་གྱི་གླ་འབབ་བརྟན་པོ་བཟོ་བའི་ནུས་པ་ཉམས་དམས་སུ་བཏང་ཡོིད། དཔལ་འབྱོར་སྔོན་ཐོན་ཡིན་པའི་ང་ཡི་རྒྱལ་ཁབ་ལྟ་བུའི་ནང་དུ་ཡང་། ལས་མི་མཐུན་ཚོགས་རྣམས་ནུས་མེད་དུ་བཏང་ཡོད་པ་དང་། བཟོ་གྲྭའི་ལས་ཀ་མང་པོ་ཞིག་མེད་པར་གྱུར་ཡོད། ནམ་རྒྱུན་གོ་ལ་གཅིག་འགྱུར་གྱི་ཁེ་ཕན་ཕལ་མོ་ཆེ་ཐོབ་མཁན་ཚོས་ད་དུང་ཁོ་ཚོའི་ཆབ་སྲིད་ཀྱི་དབང་ཆ་སྤྱད་དེ་ལས་མི་རྣམས་ཀྱི་གོ་གནས་དེ་བས་ཀྱང་ཉམས་དམས་སུ་གཏོང་གི་ཡོད།
ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ། ལས་མིའི་སྒྲིག་འཛུགས་རྣམས་ལ་ནམ་རྒྱུན་གཉའ་གནོན་བྱེད་ཀྱི་ཡོད་པ་དང་། ལྐོག་ཟ་རུལ་སུངས་དང་མ་རྩ་མ་བཙུགས་པ་དེ་ཡིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགོག་གི་ཡོད། ཕྱི་འདྲེན་གཙོ་བོར་བཟུང་བའི་རྒྱལ་ཁབ་དག་གིས་འཛིན་བཞིན་པའི་རང་ཁེ་གཞན་གྱོང་གི་ཚོང་འབྲེལ་སྲིད་ཇུས་དེས། རྒྱལ་སྤྱིའི་ཚོང་ལས་གྲོས་མཐུན་གྱི་རྨང་རྡོ་རྣམས་བརྟན་པོ་མེད་པ་བཟོ་ཉེན་ཆེ་ལ། དེ་བཞིན་རྒྱལ་སྤྱིའི་མ་རྩ་ནི་ནམ་རྒྱུན་རྩིས་ཁྲས་ཞིབ་བཤེར་བྱེད་ཐུབ་ཀྱི་མེད་པ་སྟེ། ཨ་སྒོར་ཁྲག་ཁྲིག་ཆེན་མོ་བརྒྱད་ལ་ཉེ་བ་ཞིག་ཁྲལ་འཇལ་མི་དགོས་པའི་ས་ཆ་རུ་བརྩིགས་ནས་བཞག་ཡོད་པ་དང་། དེ་ནི་སྲིད་གཞུང་གི་ཕྱོགས་ནས་ལྟ་རྟོག་ནན་མོ་བྱེད་མ་ཐུབ་པར་དར་བཞིན་པའི་དངུལ་ཉར་ལམ་ལུགས་ཤིག་ཆགས་ཡོད།
མི་འབོར་བརྒྱ་ཆ་ ༡ གིས་མི་འབོར་བརྒྱ་ཆ་ ༩༩ ཡི་རྒྱུ་ནོར་ལ་སྟངས་འཛིན་བྱེད་ཀྱིན་པའི་འཛམ་གླིང་ཞིག་ལ་ནམ་ཡང་བརྟན་བརླིང་མེད། དབུལ་ཕྱུག་བར་གྱི་ཧེ་བག་འདི་གནས་ཚུལ་གསར་པ་ཞིག་མིན་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་། ཁ་སང་དེ་རིང་། གྲོང་ཁྱེར་གྱི་ཁང་ཆག་ཅིག་ཏུ་གནས་པའི་བྱིས་པ་ཞིག་གིས་རང་གི་ཉེ་འགྲམ་གྱི་ཁང་རྩེག་མཐོན་པོ་མཐོང་ཐུབ་པ་ཇི་བཞིན། ཚན་རྩལ་གྱིས་ཁ་པར་རྫིག་པོ་བཟུང་བའི་མི་གང་རུང་ཞིག་ལ་ང་ཚོའི་ཁྲོད་དུ་འབྱོར་ལྡན་ཚོས་འཚོ་བ་ཇི་ལྟར་སྐྱེལ་བར་ལྟ་བའི་མིག་བྱིན་ཡོད་སྟབས། ཁོ་ཚོས་རང་དང་གཞན་གྱི་འཚོ་བའི་གནས་སྟངས་ཕན་ཚུན་བསྡུར་ཐུབ་ལ། དེ་ལྟར་མིོ་དམངས་ཀྱི་རེ་འདོད་ནི་གཞུང་གི་ནུས་ཚད་ལས་བརྒལ་རྒྱུ་ཡིན་ཞིང་། དྲང་བདེན་མེད་པའི་འདུ་ཤེས་ཡོངས་ཁྱབ་ཅིག་གིས་གཞུང་ཕྱོགས་སུ་གཏད་པའི་མི་དམངས་ཀྱི་ཡིད་ཆེས་དེ་ཉམས་དམས་སུ་གཏོང་གི་རེད།
དེར་བརྟེན། ང་ཚོས་འདྲ་མཉམ་མ་ཡིན་པའི་གནས་སྟངས་འདི་ཇི་ལྟར་སེལ་དགོས་སམ། ང་ཚོས་ཚན་རྩལ་ནི་སྒམ་ཆུང་ཞིག་གི་ནང་དུ་ཕྱིར་སྡུད་བྱེད་མི་ཐུབ་པ་ལྟར། གོ་ལའི་གཅིག་འགྱུར་གྱི་རང་བཞིན་དེ་ཡང་ཕྱིར་སྣུར་བྱེད་མི་ཐུབ་ཅིང་། ང་ཚོས་ཕམ་ཉེས་བྱུང་ཟིན་པའི་འདས་དུས་ཀྱི་ལམ་ལུགས་དག་ལའང་ཁ་མིག་ཡར་ལྟ་བྱེད་མི་ཐུབ། གལ་ཏེ། ང་ཚོ་ནི་ཚོང་ལས་ཀྱི་དམག་འཁྲུག་དང་། ཁྲོམ་རའི་ངོ་བོ་ཕྱིན་ཅི་ལོག་ཏུ་མཚོན་པའི་རོགས་དངུལ། རང་རྒྱལ་ཀྱི་དཔལ་འབྱོར་གྱི་གནད་དོན་རྣམས་རྒྱལ་ཁབ་གཞན་གྱི་གྱོང་ཁ་ལ་བརྟེན་ནས་སེལ་ཐབས་བྱེད་པའི་སྲིད་ཇུས། ད་དུང་གསར་གཏོད་ཀྱི་ནུས་པ་ལས་རང་བྱུང་གི་ཐོན་ཁུངས་ལ་བརྟེན་དྲག་པའི་ལམ་ལུགས་བཅས་ལ་སྐྱབས་བཅོལ་ན། དེ་དག་གིས་ཕྱོགས་ཡོངས་ནས་ང་ཚོ་རྒུད་པར་གཏོང་བར་མ་ཟད། འཁྲུག་རྩོད་ཀྱི་འབྱུང་རྐྱེན་ཡང་བྱེད་པའི་ཉེན་ཁ་ཆེན་པོ་ཡོད། དཔེར་ན། ལྷོ་བྱང་ཁོ་རེ་ཡ་གཉིས་ཀའི་འཕེལ་རྒྱས་ཀྱི་ཁྱད་པར་ཆེན་པོ་དེས་སྲིད་གཞུང་གིས་འཆར་གཞི་དང་ལྡན་པའི་སྒོ་ནས་སྟངས་འཛིན་བྱེད་པའི་དཔལ་འབྱོར་ལམ་ལུགས་ལ་འཆི་ལམ་ཉག་གཅིག་ལས་མེད་པ་སྟོན་གྱི་ཡོད།
དེ་ལྟར་ཡང་། ང་རང་གིས་ལམ་ཁ་གཞན་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ལམ་ཁ་དེས་དཔལ་འབྱོར་དང་གསར་གཏོད་འཕེལ་རྒྱས་སུ་གཏོང་བར་མ་ཟད། རྒྱལ་ཁབ་ལ་གྲུབ་འབྲས་དང་། མི་སྒེར་ལ་གོ་སྐབས་སྐྲུན་པའི་ལམ་བུ་གསལ་པོ་ཞིག་སྟེར་རྒྱུ་རེད། ང་ཚོ་ལམ་ཁ་དེ་ལ་ཞུགས་ན་མི་འགའ་ཤས་ལ་མ་གཏོགས་ཁེ་ཕན་མི་སྦྱིན་པའི་ཚོར་བྲལ་གྱི་མ་རྩ་རིང་ལུགས་ལ་མགོ་བོ་སྒུར་མི་དགོས། དེ་ལས་ལྡོག་སྟེ། ང་ཚོས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱ་ཁྱོན་ཆེ་བའི་གཞི་རྩ་ཞིག་བསྐྲུན་ནས་དབུལ་ཕྱུག་བར་གྱི་ཁྱད་པར་སྙོམས་སྐབས། དཔལ་འབྱོར་ནི་སྔར་ལས་ཡར་རྒྱས་སུ་འགྲོ་བ་དེ་ངོས་འཛིན་བྱེད་ཐུབ་པ་རེད། དེ་ཡང་། ང་ཚོས་ལས་མི་རྣམས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་ཤིང་། དེ་ལྟར་ཁོ་ཚོས་རང་དབང་གི་མཐུན་ཚོགས་གསར་འཛུགས་བྱས་ཏེ། གླ་ཆ་ཚད་ལྡན་ཞིག་ལོན་རྒྱུ་རེད། ང་ཚོས་ད་དུང་མི་དམངས་དང་། ཁོ་ཚོའི་ལག་རྩལ་དང་ཤེས་ཡོན། བསམ་བློ་ཞིག་ཚོང་ལས་སུ་སྒྱུར་བའི་ནུས་པ་སྐྱེད་སྲིང་བཅས་ཀྱི་ཆེད་དུ་མ་རྩ་འཛུགས་དགོས་ལ། ང་ཚོས་མི་དམངས་དཀའ་ངལ་ལས་སྐྱོབ་པའི་བདེ་འཇགས་ཀྱི་དྲ་བ་དེ་སྲ་བརྟན་དུ་བཏང་སྟེ། བྱ་བ་གསར་བ་ཞིག་འཚོལ་བའམ་ཚོང་ལས་གསར་བ་ཞིག་མགོ་རྩོམ་པའི་ཉེན་ཁ་བརྒྱུད་དུ་འཇུག་དགོས་ཀྱི་ཡོད། འདི་དག་ནི་འཕེལ་རྒྱས་ཀྱི་ལམ་བུ་གཞན་དེའི་ཆ་ཤས་ཡིན།
སྲིད་ཇུས་དེ་དག་ནི་ང་རང་གིས་གྲུབ་འབྲས་གསལ་བོ་ཡོད་པའི་སྒོ་ནས་ཨ་རིའི་ནང་དུ་བསྒྲུབས་ཡོད་པ་དེ་དག་ཡིན། ཨ་རིའི་ཚོང་ལས་ཀྱིས་ལས་ཀ་གསར་པ་ས་ཡ་བཅོ་ལྔ་བསྐྲུན་ཟིན་ཡོད་པ་དང་། དཔལ་འབྱོར་ལ་ཉམས་རྒུད་བྱུང་བའི་རྗེས་ཏག་ཏག་ཏུ་ཨ་རིའི་མཐོ་རིམ་སྤྱི་ཚོགས་ཀྱི་བརྒྱ་ཆ་གཅིག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡོང་འབབ་བརྒྱ་ཆའི་གོ་དགུ་ལྷག་བཟུང་། ཡིན་ན་ཡང་། ཁ་སང་དེ་རིང་། དེ་ནི་བརྒྱ་ཆའི་ཕྱེད་ཀ་ཞིག་ལ་མར་ཆག་ཡོད། ཉེ་བའི་ལོ་ལྔ་བཅུའི་ནང་དུ། ན་ནིང་ནི་ཨ་རིའི་ནང་དུ་དབུལ་བའི་གྲངས་འབོར་མར་ཆག་ཚད་མགྱོགས་ཤོས་དེ་ཆགས་ཡོད། ད་ལྟ་ང་ཚོས་འཛུགས་སྐྲུན་དང་བྱིས་པའི་སྔོན་འགྲོའི་སློབ་གསོ། ཚན་རིག་གི་ཉམས་ཞིབ་བཅས་ཀྱི་ཐད་ལ་མ་རྩ་བཙུགས་ཡོད་པས། དེ་ལྟ་བུའི་འཕེལ་རྒྱས་ནི་མུ་མཐུད་ནས་རྒྱུན་སྲིང་ཐུབ་པ་ང་ལ་གདེང་ཚོད་ཡོད།
དེར་བརྟེན། ང་རང་གིས་སྲིད་ཇུས་དེ་དག་བསྒྲུབས་ཟིན་པ་ལྟར། ཨ་རིས་ཀྱང་རྒྱལ་ཁབ་མང་པོ་ཞིག་དང་འགྲོགས་ཏེ། ཚད་བརྒལ་གྱི་མ་རྩ་རིང་ལུགས་དེ་བཀག་འགོག་གི་ལས་གཞི་བརྩམས་ཡོད། དེ་ནི་དཔལ་འབྱོར་ཐད་ལ་ཉེས་ཆད་གཏོང་བ་མ་ཡིན་པར་ཡང་ཡང་བྱུང་བའི་གོད་ཆག་དེ་འགོག་པ་དེ་ཡིན། གོད་ཆག་དེ་ཡིས་དཔལ་འབྱོར་ཉམས་དམས་སུ་གཏོང་གི་ཡོད། དེའི་རྐྱེན་གྱིས་ང་ཚོས་རྒྱལ་ཁབ་གཞན་དང་མཉམ་འབྲེལ་བྱས་ཏེ། དངུལ་ཁང་དང་དཔྱ་ཁྲལ་ཐད་ནས་མཐོ་ཞིང་ཡང་དག་པའི་ཚད་གཞི་ཞིག་བསྐྲུན་ཡོད་ཅིང་། རྒྱུ་མཚན་ནི། སྤྱི་ཚོགས་ཀྱིས་མཐོ་རིམ་མི་སྣ་ལས་ནང་སྙིང་རུལ་སུངས་སུ་གྱུར་བའི་མི་སེར་ཕལ་བ་ཞིག་ལས་དཔྱ་ཁྲལ་མང་བར་ལེན་གྱི་ཡོད།
དེའི་རྐྱེན་གྱིས་ང་ཚོ་རུལ་སུངས་རྩ་སློག་བྱས་པའི་དྲང་བདེན་དང་མཉམ་ལས་ཀྱི་ཕྱོགས་སུ་བསྐྱོད་ཡོད། རྒྱུ་མཚན་ནི་ཁྲོམ་རར་ཚོང་ཟོག་བཅོམ་འཕྲོག་གི་ནུས་པ་མ་ཡིན་པར་དཀའ་སྤྱད་འབད་བརྩོན་གྱིས་ཁེངས་དུས། ད་གཟོད་ཁྲོམ་རས་ལས་ཀ་མང་པོ་བསྐྲུན་ཡོང་གི་ཡོད། དེའི་རྐྱེན་གྱིས་ཁོར་ཡུག་དང་ལས་མི་ཡི་ཚད་གཞི་མཐོར་འདེགས་བྱེད་པ་དང་འབྲེལ་བའི་ཚོང་ལས་གྲོས་མཐུན་དེ་འགྲུབ་པར་ང་ཚོས་ཞི་བདེ་རྒྱ་མཚོའི་ཚོང་འབྲེལ(Trans-Pacific Partnership)ལ་བརྟེན་ནས་ལས་གཞི་བརྩམས་པ་ནང་བཞིན་གྱིས་འབད་པ་བྱས། དེར་བརྟེན། ཁེ་ཕན་ནི་ཡོངས་སུ་རྒྱ་ཁྱབ་པའི་སྒོ་ནས་སྤྱོད་ཀྱི་ཡོད།
དེ་ནས། ང་ཚོའི་རྒྱལ་ཁབ་རྣམས་ཀྱི་ནང་དུ་གནས་པའི་དྲང་བདེན་མ་ཡིན་པའི་གནད་དོན་དག་ལ་ངོ་རྒོལ་བྱེད་པའི་ཁྲོད་ནས་ང་ཚོར་ཁེ་ཕན་བྱུང་བ་ལྟར། དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་རྣམས་ཀྱིས་ཀྱང་ད་དུང་འཛམ་བུ་གླིང་གི་དབུལ་ཕྱུག་གི་རྒྱལ་ཁབ་བར་གྱི་ཧེ་བག་དེ་སྙོམས་པར་སྔར་ལས་ལས་དོན་སྒྲུབ་དགོས་ཀྱི་འདུག ཆབ་སྲིད་ཀྱི་ཐད་ནས་དེ་ནི་ལས་སླ་བོ་ཞིག་མ་རེད། ཕྱིའི་རྒྱལ་ཁབ་དུ་འགྲོ་གྲོན་གཏོང་རྒྱུ་ནི་ཁག་པོ་ཞིག་རེད། ཡིན་ན་ཡང་། ང་རང་གིས་དེ་ནི་སྦྱིན་གཏོང་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད། ང་ཚོས་ཨི་རག(Iraq)གི་དམག་ཕྱོགས་ལ་བཏང་བའི་འགྲོ་གྲོན་ཆུང་ཆུང་སྤྱད་དེ་སྒྲིག་འཛུགས་ཁག་ལ་རོགས་སྐྱོར་བྱེད་ཆོག དེ་ལྟར་བྱས་ཚེ། ཉམ་ཐག་གི་གནས་སུ་ལྷུང་བའི་རྒྱལ་ཁབ་མང་པོ་ཞིག་ཐོག་མ་ནས་ཐོར་ཞིག་ཏུ་འགྲོ་མི་དགོས་ཤིང་། ཡར་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་གྱི་ནང་དུ་མ་དངུལ་བཙུགས་ཏེ། ང་ཚོར་མཁོ་བའི་ཁྲོམ་ར་རུ་འགྱུར་ཐུབ། ལས་དོན་འདི་ནི་ཡང་དག་པ་ཞིག་ཡིན་པར་མ་ཟད། སྤྱང་གྲུང་ལྡན་པའི་ལས་དོན་ཞིག་ཀྱང་རེད།
དེར་བརྟེན། ང་ཚོས་རང་ཉིད་ཀྱི་འབད་རྩོལ་རྒྱུན་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་སེལ་ཐབས་བྱེད་དགོས། གལ་ཏེ། ང་ཚོས་སྙིང་སྟོབས་ཆེན་པོའི་སྒོ་ནས་ལས་སུ་མ་ཞུགས་ཚེ། མི་གྲངས་འབོར་ཆེན་གནས་སྤོ་བྱེད་དགོས་པ་དང་། གྲོང་པ་མང་པོ་ཆུས་ནུབ་པ། རྒྱལ་ཁབ་ཟིང་འཁྲུག་གི་ནང་དུ་ལྷུང་བ། ཟས་ཀྱིས་མི་འདང་བ། རེ་ཆད་ཀྱི་ཁྲོད་ནས་དམག་འཁྲུག་བྱུང་བ་བཅས་ཀྱི་གྱོང་གུད་ཕོག་ངེས་རེད། གལ་ཏེ། ང་ཚོས་རང་ཉིད་ཀྱི་འདོད་རྔམ་དེ་ཤེས་ཡོད་ན། པ་རི་སིའི་གྲོས་མཐུན(Paris Agreement)དེ་ཡིས་ང་ཚོས་ལག་སྟར་བྱེད་དགོས་པའི་ལམ་ཁ་ཞིག་བསྟན་ཡོད་ཅིང་། ད་དུང་དེ་ན་གྲོས་མཐུན་དེ་དག་ལག་སྟར་བྱེད་དགོས་པ་དང་། རྒྱལ་ཁབ་དབུལ་བོ་རྣམས་གནོད་སྐྱོན་རང་བཞིན་གྱི་ནུས་ཤུགས་དག་ལས་འགོངས་པར་རོགས་རམ་བྱེད་དགོས་པའི་ཛ་དྲག་གི་ཚོར་བ་ཞིག་ཀྱང་ཏན་ཏན་ཡོད།
དེ་བས་ན། འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་རྣམས་ལ་ཆ་མཚོན་ན། གནམ་གཤིས་ལྗང་གུ་ཐབས་རྩ(Green Climate Fund)ནས་ཐོག་མར་མགོ་རྩོམ་དགོས་པ་ཞིག་རེད། ང་ཚོས་ཞིབ་འཇུག་གི་ཁྲོད་དུ་མ་དངུལ་གཏོང་དགོས་པར་མ་ཟད། ཚན་རྩལ་གསར་བའི་འཕེལ་རྒྱས་ཀྱི་ཆེད་དུ་ཁྲོམ་རར་ངར་སྐུལ་ཡང་སློང་དགོས་ཀྱི་ཡོད། དེ་ལྟར་བྱས་ཚེ། ང་ཚོས་ཚན་རྩལ་གྱི་ཅ་ལག་རྣམས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཀུན་ལ་ཁྱབ་ཐུབ་པ་དང་ཁོ་ཚོས་ཉོས་ཐུབ་པར་བྱེད་ཐུབ། དེ་ལྟར་བྱས་ཚེ། ང་ཚོའི་བྱིས་པ་རྣམས་ལ་རང་ས་བསྐྱར་གསོ་བྱེད་པར་ནུས་པ་མེད་པའི་འཁང་ར་མེད་པའི་སྒོ་ནས། ང་ཚོས་མུ་མཐུད་ནས་མི་རྣམས་དབུལ་ཕོངས་ཀྱི་འཚོ་བ་ལས་སྐྱོབ་ཐུབ།
དེར་བརྟེན། རྒྱལ་སྤྱིའི་ཁྲོམ་རའི་ཆེད་དུ། ང་ཚོར་ཡོངས་འདུས་དང་མུ་གནས་རང་བཞིན་གྱི་ལམ་ལུགས་གསར་པ་ཞིག་དགོས་ཀྱི་འདུག དེ་བཞིན་དུ། མི་དམངས་ཕལ་བའི་ཆེད་དུ། ང་ཚོར་ཡོངས་འདུ་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ལྡན་པའི་འཛིན་སྐྱོང་ལམ་ལུགས་ཤིག་ཀྱང་དགོས་ཀྱི་འདུག
ང་རང་གིས་ཚོམས་ཆེན་འདིའི་ནང་དུ་ཡོད་པའི་རྒྱལ་ཁབ་ཚང་མ་འཛིན་སྐྱོང་གི་ལམ་ལུགས་གཅིག་ཏུ་སྐྱོད་པར་ནན་སྐུལ་བྱེད་ཀྱི་མེད། ང་རང་གིས་ཨ་རི་ཡིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་འཛིན་སྐྱོང་ལམ་ལུགས་དེ་རྒྱལ་ཁབ་གཞན་གྱི་སྟེང་དུ་བཙན་ཚུགས་ཀྱིས་གཡོག་ཆོག་པ་ཞིག་དང་གཡོག་དགོས་པ་ཞིག་ཡིན་པར་ཡང་འདོད་ཀྱི་མེད། ཡིན་ན་ཡང་། ད་ལྟ། སྒེར་སྡོམ་རིང་ལུགས་དང་རང་དབང་རང་ལུགས་བར་གྱི་འགལ་བ་དང་འགྲན་རྩོད་དེ་ཆེ་རུ་མངོན་ཡོང་གི་འདུག དེར་བརྟེན། འགྲན་རྩོད་དང་འགལ་ཟླ་དེའི་ཁྲོད་དུ། ང་རང་ནི་བཏང་སྙོམས་ཀྱིས་མི་སྡོད་པ་ཀུན་གྱིས་ཤེས་ན་བསམ། ང་རང་ནི་འོས་འདེམས་ཀྱི་ཁྲོད་ནས་བྱུང་ཞིང་། སྤྱི་འཐུས་རང་བཞིན་གྱི་སྲིད་གཞུང་ཙམ་ཞིག་མ་ཡིན་པར། ད་དུང་འགྲོ་བ་མིའི་ཐོབ་ཐང་དང་མི་དམངས་ཀྱི་ཚོགས་པ། རང་དབང་གི་ཁྲིམས་ཞིབ། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་བརྩི་ཞིང་བཀུར་བའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན།
ད་ལྟ། རང་དབང་ཁྲོམ་རའི་སྟོབས་ཤུགས་དེ་ངོས་ལེན་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཁ་ཤས་ཀྱིས་ད་དུང་ཡང་རང་དབང་སྤྱི་ཚོགས་ཀྱི་ལམ་སྲོལ་དེར་ངོས་ལེན་བྱེད་ཀྱི་མེད་པ་ངས་ཤེས་ཀྱི་ཡོད། དེར་བརྟེན། གྲང་དམག་མཇུག་སྒྲིལ་པའི་རྗེས་ནས། དམངས་གཙོ་དར་སྤེལ་གཏོང་མཁན་གྱི་ང་ཚོ་ཕལ་ཆེར་ཅུང་བློ་ཕམ་བྱུང་གི་ཡོད། རྒྱུ་མཚན། རང་དབང་ཅན་གྱི་དམངས་གཙོའི་རླབས་ཕྲེང་གཅིག་གིས་གོ་ལ་ཡོངས་གཙང་སེལ་བྱེད་མི་ཐུབ་པ་དེ་ང་ཚོས་ཤེས་ཡོད། དེས་འགན་འཁྲི་ལྡན་པའི་སྒྲིག་འཛུགས་ཤིག་འཛུགས་རྒྱུ་ནི་ལས་སླ་བོ་ཞིག་མ་རེད། དེ་ནི་མི་རབས་མང་པོའི་ལས་དོན་ཞིག་རེད། ཁེ་ཕན་དག་ནི་ནམ་རྒྱུན་རྒུང་ཆོག་ཆོག་ཅིག་རེད། སྐབས་རེར། ང་ཚོས་མདུན་དུ་གོམ་པ་གཉིས་སྤོས་ཏེ། རྒྱབ་དུ་གོམ་པ་བཞི་སྤོ་དགོས་ཀྱི་འདུག
མི་རིགས་བྱེ་བྲག་པ་དང་ཚོ་ཁག་འདྲ་མིན་ལ་གཞིར་བཅོལ་ཏེ། ས་མཚམས་ཀྱི་དབང་གིས་ལྷན་དུ་བསྡུས་པ་དང་། མི་སེར་སྤེལ་ཡུལ་གྱི་བཙན་ཤུགས་ཀྱིས་ཕྱོགས་སུ་འཐེན་པར་བརྟེན། སྐབས་རེར་ཆབ་སྲིད་དང་འོས་བསྡུ་ཡི་ལམ་ལུགས་དེ་ནི་དོན་མེད་ཀྱི་ཆབ་སྲིད་རྩེད་མོ་ཞིག་ཏུ་འགྱུར་འགྲོ གནད་དོན་དེ་དག་གི་ཁྲོད་ནས་ཡང་དག་པའི་དམངས་གཙོ་ལ་རྡོག་རོལ་གཏོང་བའི་དཀའ་ངལ་དེར་བསམ་ན། བརྟན་བརླིང་གི་དམངས་གཙོའི་སྒྲིག་འཛུགས་ལས་ལྡོག་པའི་སྲིད་དབང་སྒེར་གཅོད་བྱེད་མཁན་དག་ལ་ངོ་རྒོལ་བྱེད་པ་དེ་ཡ་མཚན་པ་ཞིག་མ་རེད།
འོན་ཀྱང་། ང་རང་གིས་སྲིད་དབང་སྒེར་གཅོད་ཀྱི་བསམ་བློ་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་རང་གིས་ཡང་དག་པའི་དམངས་གཙོིའི་ལམ་ལུགས་དེས་ལམ་ཁ་ལེགས་པོ་ཞིག་བསྐྲུན་པར་ཡིད་ཆེས་བྱེད་ཀྱི་ཡོད། ང་རང་གིས་དུས་རབས་ཉེར་གཅིག་གི་ནང་དུ་དཔའ་འབྱོར་གུ་ཡངས་ཀྱི་སྲིད་ཇུས་སྤེལ་ཚེ། དཔལ་འབྱོར་ནི་ཚད་ངེས་ཅན་ཞིག་ཏུ་འཕེལ་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཁེ་ལས་པ་རྣམས་ཀྱིས་གསར་སྐྲུན་བྱེད་པའི་ཆེད་དུ་བརྡ་འཕྲིན་སྤྱོད་དགོས་ཤིང་། ན་གཞོན་རྣམས་ཡར་རྒྱས་སུ་འགྲོ་བའི་ཆེད་དུ་གོ་ལ་རང་བཞིན་གྱི་སློབ་གསོ་དགོས། གཞན་ཡང་། རང་དབང་གི་རྒྱུད་ལམ་གྱིས་དབང་ཆའི་ལོག་སྤྱོད་ལ་ལྟ་རྟོག་བྱེད་དགོས་པས་ཡིན། གལ་ཏེ། འཕོ་འགྱུར་འདི་མེད་ཚེ། མཇུག་མཐར་མི་དམངས་ཀྱི་རེ་འདོད་རྣམས་མི་འགྲུབ་ཅིང་། གཉའ་གནོན་དང་རུལ་སྐྱོན་མགོ་བརྩམ་ངེས་རེད། དེར་བརྟེན། སྒེར་འཛིན་པས་ལམ་ཁ་གཉིས་སྐྲུན་ཡོང་དེ། དང་པོ་ནི། རྟག་པར་གཉའ་གནོན་བྱས་ཏེ། ཟིང་འཁྲུག་གི་མེ་ཁ་སྦར་བར་བྱེད། གཞན་དེ་ནི་དགྲ་ཕྱོགས་ལ་ངན་ཁག་དཀྲིས་ཏེ་དམག་འཁྲུག་སློང་བ་དེ་ཡིན་ཞིང་། འདི་ནི་ལོ་རྒྱུས་ཀྱིས་ང་ཚོར་བསྟན་ཡོད།
སྲིད་གཞུང་གིས་མི་སྒེར་རེ་རེ་ཡི་ཁེ་ཕན་སྲུང་བའི་ལམ་བུ་ཁོ་ནར་ང་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད། ཡིད་ཆེས་དེ་ནི་ཨ་རིའི་ལོ་རྒྱུས་ཀྱིས་གནང་བ་ཞིག་ཡིན་ཞིང་། དེ་ལ་ངས་ནི་བསྔགས་བརྗོད་བྱ་རྒྱུ་ཡིན། ང་ཚོའི་རྒྱལ་ཁབ་ནི་རང་དབང་ཕྲན་ཙམ་ལྡན་པའི་སྒོ་ནས་མགོ་ཚུགས། འོནཀྱང་། ང་ཚོའི་དམངས་གཙོའི་སྒྲིག་འཛུགས་དང་། འགྲོ་བ་མིའི་ཐོབ་ཐང་། ང་ཚོའི་བསམ་བློ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། མི་དམངས་ཕལ་བ་རྣམས་ལ་ཚོགས་པ་གསར་འཛུགས་དང་། རྔམ་སྟོན་ཁྲོམ་སྐོར། ངོ་རྒོལ་བྱེད་པའི་ནུས་པ་དང་ཐོབ་ཐང་ལྡན་ཡོད། མཇུག་མཐར། བསམ་བློ་འདི་དག་མངོན་འགྱུར་བྱུང་ཏེ། བུད་མེད་དང་གྲང་ཉུང་མི་རིགས། ལས་མི་བཅས་ལ་སྒོ་མོ་ཕྱེས། དེའི་ཁྲོད་ནས་ང་ཚོའི་དཔལ་འབྱོར་སྔར་ལས་འཕེལ་ཞིང་། ང་ཚོའི་སྣ་འདུས་རང་བཞིན་དེ་སྟོབས་ཤུགས་ཀྱི་ངོ་བར་བསྒྱུར། དེའི་ཁྲོད་ནས་གསར་གཏོད་པ་རྣམས་ལ་མིའི་བྱ་བཞག་གི་ཁྱབ་ཁོངས་ཡོངས་ལ་འགྱུར་བ་གཏོང་བའི་གོ་སྐབས་སྦྱིན། དེའི་ཁྲོད་ནས་ང་རང་ལྟ་བུ་ཞིག་ཨ་རིའི་སྲིད་འཛིན་དུ་འདེམས་པའི་གོ་སྐབས་ཀྱང་བསྐྲུན་པ་རེད།
དེར་བརྟེན། བདེན་པ་ཡིན། ང་རང་གི་བསམ་བློ་ནི་ཨ་རི་ཡི་ཁྱད་པར་ཅན་གྱི་ཉམས་མྱོང་གིས་ཤན་ཞུགས་ཐེབས་ཏེ་གྲུབ་ཡོད་པ་ཞིག་ཡིན། འོན་ཀྱང་། ང་རང་གིས་ལོ་རྒྱུས་དེ་ནི་ཨ་རི་ཁོ་ནར་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་བསམ་གྱིན་མེད། ཉི་ཧོང(Japan) ཆི་ལེ(Chile) ཧིན་ངྷུ་ཉི་ཞི་ཡ(Indonesia) པོ་ཌི་སུ་ཝ་ན(Botswan) རྒྱལ་ཁབ་བཅས་ཀྱི་ནང་དུ་བྱུང་བའི་འཕོ་འགྱུར་དེ་ལ་གཟིགས་དང་། གྲུབ་འབྲས་སྨིན་པོ་ལྡན་པའི་རྒྱལ་ཁབ་དག་ནི། གང་ཞིག་ན་མི་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཤོར་ཚོར་བའི་རྒྱལ་ཁབ་དག་ཡིན།
ཡོ་རོབ་ནང་དུ། སྔོན་ཆད་ཨུ་རུ་སུའི་དམར་ཕྱོགས་མཐུན་ཚོགས་སུ་ཡོད་པའི་རྒྱལ་ཁབ་རྣམས་ཀྱིས་དམངས་གཙོའི་ལམ་དུ་ཞུགས་པ་དང་། རྒྱལ་ཁབ་དེ་དག་གི་འཕེལ་རྒྱས་ཀྱིས་དམངས་གཙོ་དང་ལེན་བྱས་མེད་པའི་རྒྱལ་ཁབ་དག་གི་ཁ་གཏད་དུ་འགྲེང་ཏེ། མངོན་གསལ་དོད་པའི་ངང་ནས་འགྲན་རྩོད་བྱེད་ཀྱི་ཡོད། དེ་ནས། ཡུག་རེན(Ukraine)གྱི་མི་རྣམས་ནི་ཕྱི་ལོག་ནས་བྱུང་བའི་ཇུས་ངན་ཁ་ཤས་ཀྱི་རྐྱེན་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱི་མེད། ཁོ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་རྒྱུ་མཚན་ནི། མགོ་ཁྲིད་རྣམས་ནི་རུལ་སུངས་སུ་གྱུར་བ་དང་། མི་དམངས་ལ་ཡོང་འབབ་མེད་པས་ཡིན། ཁོ་ཚོས་འགྱུར་བ་ཞིག་གཏོང་བར་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཁོ་ཚོས་བྷལ་ཌི་ཁུ་སི(Baltics) ཕོ་ལན(Poland)ནང་དུ་མི་དམངས་ཀྱི་འཚོ་བ་ལེགས་པོ་བྱུང་ཡོད་པ་དེ་མཐོང་བས་རེད། དེ་དག་གི་སྤྱི་ཚོགས་ནི་ཁོ་ཚོ་རང་ཉིད་ཀྱི་སྤྱི་ཚོགས་ལས་རང་དབང་དང་། དམངས་གཙོ་ཅན། གུ་ཡངས་ཅན་གྱི་སྤྱི་ཚོགས་ཤིག་རེད།
དེར་བརྟེན། དམངས་གཙོར་ཡིད་ཆེས་ཡོད་པའི་ང་ཚོས་སྐད་གསེང་མཐོན་པོས་ཁ་གྲགས་དགོས་ཀྱི་འདུག རྒྱུ་མཚན་ནི། ལོ་རྒྱུས་དང་བདེན་དོན་གཉིས་ཆ་ང་ཚོའི་ཕྱོགས་སུ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ན་ཡང་། དེ་ཡི་དོན་ནི་དམངས་གཙོར་ནོར་འཁྲུལ་མེད་པའི་དོན་མིན། དེའི་དོན་ནི་ང་ཚོའི་དམངས་གཙོའི་ན་ཚ་སེལ་བར་མི་དམངས་མང་པོ་ཞིག་མཉམ་ཞུགས་བྱེད་དགོས་པ་དེ་རེད།
ཨ་རི་ན། ཆབ་སྲིད་ཀྱི་ཁྲོད་དུ་མ་དངུལ་ཚད་ལས་བརྒལ་བ་གཏོང་གི་ཡོད། ཨ་རིའི་ཆབ་སྲིད་ཚོགས་པ་བར་གྱི་འབྲེལ་བ་དམ་དྲགས་པ་དང་། མི་དམངས་ཀྱི་མཉམ་ཞུགས་ཧ་ཅང་ཉུང་དྲགས་ཀྱི་ཡོད། རྒྱུ་མཚན་གཅིག་ནི། འོས་ཤོག་འཕེན་པ་ཁག་པོ་བཟོས་ཡོད་པའི་ཁྲིམས་ཀྱི་ཆ་ཤས་དེ་ཡི་རྐྱེན་རེད། ཡུ་རོབ་ན། ཡུ་རོབ་གྲོས་ཚོགས་ཀྱི་ཀུན་སློང་བཟང་བོ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འགྱུར་ལྡོག་ཁྲོད་ནས་ཁེར་རྐྱང་དུ་ལྷག་གི་ཡོད། ནམ་རྒྱུན་རྒྱལ་ས་དག་ན། མགོ་ཁྲིད་རྣམས་ཀྱིས་དམངས་གཙོ་ནི་མཐོ་རིམ་མི་སྣ་དག་གིས་འཛིན་སྐྱོང་བྱེད་རྒྱུ་མ་ཡིན་པར། གཞི་རིམ་དམངས་ཚོགས་ཀྱིས་ཁ་ལོ་སྒྱུར་དགོས་པ་ཞིག་ཡིན་པ་བརྗེད་ཟིན་འདུག དེར་བརྟེན། དེ་དག་ནི་དོན་དངོས་ཀྱི་དཀའ་ངལ་དག་རེད། དམངས་གཙོ་སྲིད་གཞུང་གི་མགོ་ཁྲོད་རྣམས་ཀྱིས་ཕྱི་ཕྱོགས་སུ་དམངས་གཙོའི་མཐུན་རྐྱེན་སྐྲུན་དུས། ང་ཚོས་ནང་ལོག་ནས་མིག་དཔེ་བཟང་བོ་ཞིག་སྟོན་པར་ཧུར་བརྩོན་བྱེད་དགོས།
ད་དུང་། རྒྱལ་ཁབ་ཚང་མས་རང་ཉིད་ཀྱི་སྲིད་གཞུང་ནི་ལོ་རྒྱུས་ཀྱི་དུས་རབས་མང་པོ་དང་། ས་བབས་ཀྱི་ཆགས་ཚུལ། མི་རྣམས་ཀྱི་དད་མོ་བརྟན་པོ་བཅས་ལ་བརྟེན་ནས་གཟུག་རྒྱུ་རེད། དེར་བརྟེན། སྲོལ་རྒྱུན་གྱི་སྤྱི་ཚོགས་ནི་ཡོངས་འདུས་རང་བཞིན་ཅན་གྱི་ངའི་རྒྱལ་ཁབ་ལྟ་བུ་ཞིག་ལས་ཆིག་སྒྲིལ་དང་མཉམ་ལས་ཀྱི་རྣམ་པ་ཆེ་བ་དེ་ནི་ང་རང་གིས་ངོས་ལེན་བྱེད་ཀྱི་ཡོད། སྐབས་དེར། དེ་ནི་སྔོན་ཐོན་གྱི་བསམ་བློ་ཞིག་རྨང་གཞིར་བཟུང་ཏེ་རྩ་འཛུགས་བྱས་པ་ཞིག་ཡིན་ཞིང་། སྔོན་ཐོན་གྱི་བསམ་བློ་དེ་ནི་དཀོན་མཆོག་གིས་གནང་བའི་མི་སྒེར་གྱི་རང་དབང་དེ་ཡིན། ཡིན་ན་ཡང་། ཨེ་ཤ་ཡ་དང་ཨ་ཧྥི་རི་ཁ། དཀྱིལ་ཤར་ཨེ་ཤི་ཡའི་ནང་དུ་མི་དམངས་རྣམས་ཀྱིས་སྒེར་གཅོད་པའི་ལམ་ལུགས་ལ་རྒྱབ་སྐྱོབ་བྱེད་ཀྱི་ཡོད་པ་དེ་ངས་དང་ལེན་བྱེད་ཀྱི་མེད། ལམ་ལུགས་དེས་ཁོ་ཚོའི་མི་ཚེའི་མདུན་ལམ་བཏོལ་ཐུབ་པའི་ཐག་གཅོད་ཀྱི་སྐད་སྒྲ་དེ་རྒྱང་དུ་དོར་གྱིན་ཡོད།
དེ་དག་གིས་ང་རང་ནི་ང་ཚོས་བསྒྲུབ་དགོས་པའི་ལས་དོན་གསུམ་པའི་ཕྱོགས་སུ་ཁྲིད་པར་བྱས། ལས་དོན་དེ་ནི་ང་ཚོས་ངེས་པར་དུ་ལྟ་བ་མཁྲེགས་འཛིན་ལམ་ལུགས་དང་། ཡང་ན། རིགས་རུས་ཀྱི་ལམ་ལུགས། ཡང་ན། རང་རིགས་མཆོག་འཛིན་གྱི་ལམ་ལུགས་བཅས་ལ་ངོ་རྒོལ་བྱེད་དགོས་ཀྱི་ཡོད་པ་དེ་ཡིན། དེ་དག་གིས་ང་ཚོའི་སྲོལ་རྒྱུན་གྱི་ངོ་བོ་དེ་དེང་རབས་རང་བཞིན་ལ་མི་མཐུན་པར་བྱེད། དེ་དག་ལས་ལྡོག་སྟེ། ང་ཚོས་འགྲོ་བ་མིའི་ཡོངས་ལ་བརྩི་བཀུར་བྱེད་པའི་གུ་ཡངས་པའི་བསམ་བློ་དེ་དང་ལེན་བྱེད་དགོས།
འདི་ནི་བདེན་ཤག་ཤག་ཅིག་སྟེ། གོ་ལ་གཅིག་གྱུར་གྱིས་རིག་གཞུང་གདོང་ཐུག་ཅིག་གི་ཕྱོགས་སུ་ཁྲིད་པ་དེ་རེད། རྒྱུ་མཚན་ནི་ཚོང་འབྲེལ་དང་གནས་སྤོ། དྲ་རྒྱ་བཅས་ཀྱིས་ང་ཚོའི་ཆེས་གཅེས་པའི་ངོ་བོ་དེར་བརྡབ་གསིག་གཏོང་གི་ཡོད། བུད་མེད་རྣམས་ཀྱིས་རང་ཉིད་རང་གིས་གཡོགས་པའི་ལམ་ཁ་དེ་གདམས་པའི་སྐབས་སུ། རང་དབང་ལྡན་པའི་སྤྱི་ཚོགས་ཀྱིས་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ང་ཚོས་མཐོང་གསལ་རེད། ཁ་ཆེའི་སྟོན་པ་ཟུར་ཟ་རི་མོའི་ལམ་ནས་བྲིས་པའིོ་ནུབ་ཕྱོགས་ཀྱི་ཚགས་ཤོག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་ང་ཚོས་མཐོང་གསལ་རེད། རྒྱལ་ཁབ་ཁ་ཤས་ན་བཙན་རྒྱལ་གྱི་དུས་རབས་དེ་རྒྱབ་ཏུ་བསྐྱུར་ཞིང་། ང་ཚོས་ཨུ་རུ་སུ་ཡིས་བརླག་ཟིན་པའི་དཔལ་ཡོན་དེ་སྐྱར་གསོ་བྱེད་པར་དྲག་པའི་སྒོ་ནས་འབད་རྩོལ་བྱེད་ཀྱིན་ཡོད་པ་དེ་ང་ཚོས་མཐོང་གི་ཡོད། ཨེ་ཤ་ཡའི་རྒྱལ་ཁབ་རྣམས་ཀྱིས་འགྲན་རྩོད་ཅན་གྱི་ལོ་རྒྱུས་ཀྱི་བདག་དབང་རྩོད་བཞིན་འདུག ཡུ་རོབ་དང་ཨ་རིའི་ནང་དུ། མི་རྣམས་ཀྱིས་གནས་སྤོ་དང་མི་གྲངས་ལ་འགྱུར་བ་ཐེབས་ཀྱི་ཡོད་པའི་ཕྱོགས་སུ་སེམས་ཁྲེལ་བྱེད་ཀྱི་ཡོད་པ་དེ་ཁྱོད་ཀྱིས་མཐོང་ཡོང་བར་མ་ཟད། ཕྱི་ཚུལ་གྱི་རྣམ་པ་མི་འདྲ་བའི་མི་རྣམས་ཀྱིས་ང་ཚོའི་རྒྱལ་ཁབ་ཀྱི་སྤྱོད་ལམ་འབག་བཙོག་བཟོ་ཞིན་འདུག་ཅེས་བསམ་ཚུལ་བརྗོད་བཞིན་པ་དེ་ཡང་མཐོང་ཡོང་།
སྤྱི་ཚོགས་ཀྱི་གནད་དོན་འདི་དག་སེལ་རྒྱུ་ནི་ལས་སླ་བོ་ཞིག་མ་རེད། ཡིན་ན་ཡང་། ཁོ་ཚོའི་སྲོལ་རྒྱུན་དང་ཆོས་ལུགས། མི་རིགས་རང་བཞིན། རྒྱལ་ཁབ་ཀྱི་འདུ་ཤེས་བཅས་ལས་བྱུང་བའི་རྣམ་པ་གང་ཞིག་ལ་ང་ཚོས་ངེས་པར་དུ་བརྩི་བཀུར་བྱེད་དགོས།གལ་ཏེ། ང་ཚོས་རང་ཉིད་ཀྱི་ངོ་བོ་དང་ལམ་ལུགས་སྲུང་འདོད་ཀྱི་འདུན་པ་དེ་མི་གཤིས་ལས་འགོངས་པའི་ཐད་ལ་ལམ་ཁ་བསྐྲུན་པ་དང་། ཡང་ན། ཚོགས་སྡེ་གཞན་དག་ཁྱུར་མིད་གཏོང་བའི་ཕྱོགས་སུ་ལམ་ཁ་བསྐྲུན་ཚེ། འཕེལ་རྒྱས་ཟེར་བ་ནི་སྲིད་མཐའ་ཙམ་ཞིག་ཡིན་པ་ང་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད། གལ་ཏེ། ང་ཚོའི་ཆོས་ལུགས་ཀྱི་དད་མོས་གཞན་དག་ལ་གཉའ་གནོན་བྱེད་པའི་ཕྱོགས་སུ་ཁྲིད་ཚེ། གལ་ཏེ། ང་ཚོས་མཚན་མཐུན་འཁྲུག་སྤྱོད་པ་རྣམས་ལ་རྡུང་རྡེག་དང་བཙོན་དུ་བཅུག་ཚེ། གལ་ཏེོ། ང་ཚོའི་སྲོལ་རྒྱུན་གྱིས་བུ་མོ་རྣམས་སློབ་གྲྭར་བསྐྱོད་པར་བཀག་སྡོམ་བྱེད་ལས་བགྱིས་ཚེ། གལ་ཏེ། ང་ཚོས་རིགས་རུས་དང་ཚོ་ཁག མི་རིགས་བཅས་རྒྱུ་མཚན་དུ་བྱས་ཏེ་དབྱེ་འབྱེད་ཀྱི་ལས་བརྩམས་ཚེ། དཔལ་ཡོན་གྱི་གཉོམ་དུང་དུང་གི་འབྲེལ་ལམ་དེ་ཆད་འགྲོང་ཚོར་མཚོན་ན། བསམ་བློ་རྙིང་པ་དེ་དག་སེལ་བར། ང་ཚོ་ལྷན་དུ་སྦྲེལ་ཡོད་པས་འཛམ་བུ་གླིང་འདི་ཧ་ཅང་ཆུང་ཆུང་རེད།
བསམ་བློ་གཏོང་སྟངས་འདི་ནི་དཀྱིལ་ཤར་ཨེ་ཤ་ཡའི་ཆ་ཤས་མང་པོ་ཞིག་ན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེ་ན་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་བརླིང་ཡོངས་སུ་བྲལ། རྒྱུ་མཚན་ནི། མགོ་ཁྲིད་རྣམས་ཀྱིས་སྲིད་ཇུས་དང་ལས་འཆར་གཞི་རུ་བཟུང་ཏེ་ཁྲིམས་མི་བཟོ་ཞིང་། ཆབ་སྲིད་ཀྱི་ཁ་བཏད་པ་རྣམས་ལ་སྡུག་སྦྱོང་གཏོང་བ་དང་། ཕ་རོལ་བའི་ཆོས་ལུགས་ཀྱི་དད་མོས་ལོག་པར་ལྟ་བ། ཁ་ཆེ་ལྷ་ཁང་དུ་འགྲོ་བའི་མི་དམངས་ཀྱི་ལམ་ཁ་དོག་པོར་བཟོ་བ་བཅས་ཀྱིས་ཁྲིམས་བཟོ་བཞིན་ཡོད་པས་ཡིན། ཁ་ཆེ་ལྷ་ཁང་དེ་རུ་དད་པ་ལོག་འགྲེལ་ཁ་ཤས་ཀྱང་དང་ལེན་བྱེད་ཀྱི་འདུག ཤུགས་རྐྱེན་དེ་དག་ལོ་མང་པོ་ཞིག་གི་རིང་དུ་བྱུང་བ་ཞིག་ཡིན་པར་མ་ཟད། ད་ལྟ་དེ་དག་གིས་སེ་རེ་ཡའི་ཡ་ང་བའི་ནང་འཁྲུག་དང་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པའི་རྙིང་ཞིང་གླེན་པའི་བསམ་བློ་དེ་གཉིས་ལ་རམ་འདེགས་ཀྱི་ནུས་པ་ཐོན་གྱིན་འདུག
ཆོས་ལུགས་ཕྱོགས་རུས་དང་ལྟ་བ་ཐར་ལྷུང་། དམར་འཛིང་དང་ཤ་འཁོན་བཅས་ཀྱི་བསམ་བློ་ཞིག་དར་ཡོད་པ་དེ་ནི་མགྱོགས་པོར་ཕྱིར་ལྡོག་མི་ཐུབ་པ་ཞིག་རེད། ཡིན་ན་ཡང་། གལ་ཏེ། ང་ཚོས་དྲང་བོ་དྲང་བཞག་བྱས་ཚེ། དུས་ཡུན་རིང་པོ་ཞིག་ལ་མཉམ་དུ་འཚོ་བར་ཆོས་ལུགས་མི་འདྲ་བ་དང་མི་རིགས་མི་མཚུངས་པའི་སྤྱི་ཚོགས་ལ་བཙན་ཚུགས་བྱེད་ནུས་པའི་ཕྱིའི་སྟོབས་ཤུགས་ཤིག་མེད་པ་དེ་ང་ཚོས་ཤེས་ཐུབ། འོན་ཀྱང་། དཀའ་རྙོག་འདི་དག་གི་ཐད་ལ་དྲང་བོ་དྲང་བཞག་བྱེད་དགོས་པ་དེར་ངས་ཡིད་ཆེས་བྱེད་ཀྱི་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་ནས་གཏོར་བརླག་མ་ཡིན་པར་འཛུགས་སྐྲུན་བྱེད་མཁན་རྣམས་ཀྱི་ལྷན་དུ་ལས་དོན་སྒྲུབ་དགོས་པ་དེར་ཡང་ངས་ཡིད་ཆེས་བྱེད་ཀྱི་ཡོད།
ཡིན་ན་ཡང་། དེའི་ཕྱོགས་སུ་དམག་ཤུགས་སྤྱད་དེ་ཁ་གཏད་དུ་ལངས་མཁན་ཞིག་ཀྱང་ཡོད། དེ་ནི་མིའི་ཚེ་སྲོག་ལ་བརྩི་བཀུར་མི་བྱེད་པའི་ཁ་ཆེ་འཇིགས་སྐུལ་རིང་པ་དང་འདྲ་བར་དྲ་ལམ་གཏོར་སྐྱོན་བྱེད་པར་རྡོག་རྩ་གཅིག་སྒྲིལ་དང་འབད་པ་ལྷོད་མེད་བྱེད་ཀྱི་ཡོད་པ་དེ་རེད་ལ། མཇུག་མཐར་དམག་དོན་གྱི་རྒྱལ་ཁ་བྲལ་བའི་སེ་རེ་ཡ་ལྟ་བུ་རེད། ང་ཚོས་འཚེ་བ་འགོག་པའི་དམིགས་འབེན་དང་ལྡན་པའི་གྲོས་མཐུན་གྱི་ལས་དེ་འཚོལ་དགོས་ཤིང་། རོགས་སྐྱོར་དགོས་མཁན་རྣམས་ལ་རོགས་རམ་བྱེད་པ་དང་། ཆབ་སྲིད་ཀྱི་རྟེན་གཞི་འཚོལ་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ད་དུང་། རང་ཉིད་ཀྱི་བརྩི་མཐོང་དང་རང་བཀུར་བརླག་པའི་མི་རྣམས་ལ་རོགས་འདེགས་བྱེད་དགོས་ཀྱི་ཡོད།
ས་ཁུལ་དེ་དག་གི་ཟིང་འཁྲུག་གི་ཐད་ལ། ང་ཚོས་ཟིང་འཁྲུག་ཏུ་ལྷུང་ཡོད་པའི་ས་ཁུལ་དེ་དག་གིས་ང་ཚོ་ནི་འགྲོ་བ་མི་གཅིག་པ་ཡིན་པའི་ངོས་ལེན་བྱེད་པར་ནན་སྐུལ་བྱེད་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་བརྟན་བརླིང་དཀྲོགས་པའི་རྒྱལ་ཁབ་བར་གྱི་དམག་འཁྲུག་དེ་མཇུག་སྒྲིལ་པར་ཡང་ནན་སྐུལ་བྱེད་དགོས། རྒྱུ་མཚན་ནི། ཇི་ལྟར་མཉམ་འབྲེལ་གྱིས་འཚོ་བའི་ཕྱོགས་ཀྱི་རྩ་བའི་གནད་དོན་དག་མ་སེལ་བར་དུ། ལྟ་བ་ཐལ་ལྷུང་གི་མེ་ལྕེ་དེ་མུ་མཐུད་ནས་འབར་པ་དང་། མི་མང་པོ་ཞིག་སྡུག་ལ་སྦྱོར་རྒྱུ་རེད། དཀའ་སྡུག་ལ་འཕྲད་མཁན་མང་ཤོས་ནི་ཟིང་འཁྲུག་ཏུ་ལྷུང་བའི་ས་ཁུལ་དག་གི་མི་དམངས་རེད། ད་དུང་། ལྟ་བ་ཐལ་ལྷུང་གི་རིང་ལུགས་དེ་ནི་མུ་མཐུད་ནས་ས་ཆ་གཞན་དུ་ཁྱབ་རྒྱུ་རེད། ཡིན་ན་ཡང་། མཁར་གྱང་བརྩིགས་ཏེ་གཞན་གྱི་ཤུགས་རྐྱེན་ལས་གཡོལ་བར་བྱེད་པར་འཛམ་བུ་གླིང་འདི་ཧ་ཅང་ཆུང་ཆུང་ཞིག་རེད།
དཀྱིལ་ཤར་ཨེ་ཤ་ཡའི་ནང་དུ་དོན་དངོས་ཡིན་པ་དེ། ང་ཚོ་ཀུན་ལ་དོན་དངོས་སུ་གྱུར་ཡོད། གཞོན་སྐྱེས་རྣམས་ལ་གུ་དོགས་པའི་བསམ་བློ་མ་ཡིན་པར་ཚན་རིག་དང་ཨང་རྩིས་སློབ་ཁྲིད་བྱེད་པའི་སྐབས་སུ། ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་བསྐུར་ངེས་པར་དུ་བྱེད་དགོས། བུད་མེད་རྣམས་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁྲོད་དུ་ཐོབ་ཐང་ཆ་ཚང་སྤྲོད་དུས། ང་ཚོས་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་སྲོལ་རྒྱུན་དེ་ཏན་ཏན་རྒྱུན་གནས་བྱེད་ཐུབ། འབར་མ(Myanmar)ཡི་ནང་དུ་ཡོད་པའི་ཆོས་ལུགས་བྱེ་བྲག་པའི་སྤྱི་ཚོགས་ཡིན་ཡིང་རུང་། པུ་རུན་དི(Burundi)ཡི་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཡིན་ན་ཡང་འདྲ། ཡང་ན། ཨ་རིའི་ནང་གི་རིགས་རུས་བྱེ་བྱག་པ་ཞིག་གི་སྤྱི་ཚོགས་ཡིན་ཀྱང་ཆོག སྤྱི་ཚོགས་ཡོངས་ལ་འདྲ་མཉམ་གྱི་བསྟུན་དགོས་པ་དེ་བླང་བྱར་བཟུང་དུས། ང་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ཕྱོགས་སུ་རང་ཉིད་ཀྱི་རྒྱལ་ཁབ་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པ་གདོན་མི་ཟ། གལ་ཏེ། ཕ་ལི་སི་ཐན་གྱིས་འཁོན་སེམས་དོར་ཏེ་ཨེ་ཟི་རེལ་གྱི་ཁྲིམས་མཐུན་གྱི་རང་བཞིན་དེར་ངོས་ལེན་བྱས་པ་དང་། གཏན་འཇགས་ཀྱིས་ཕ་ལི་སི་ཐན་གྱི་ས་ཆར་དབང་དབང་སྒྱུར་དང་གཞི་ཆགས་མེད་པ་དེ་ཨེ་ཟི་རེལ་གྱིས་ངོས་ལེན་བྱས་ཚེ། ཨེ་ཟི་རེལ་(Israel) ཕ་ལི་སི་ཐན(Palestine)གྱི་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བ་ཁོ་ཐག་ཡིན། མགོ་ཁྲིད་ཅིག་ཡིན་པའི་ཆ་ནས། ང་ཚོས་མི་རིགས་རིང་ལུགས་ཀྱི་བསམ་བློ་ཞིག་གིས་མི་རིགས་གཞན་རྣམས་རྩ་མེད་བཟོ་བའི་སྐུལ་སློང་བྲལ་ཞིང་གཉའ་གནོན་གྱི་གནས་ཚུལ་དེའི་ཁྲོད་ནས། ང་ཚོས་ལས་དོན་ཡག་པོ་སྒྲུབ་དགོས་ཀྱི་ཡོད།
དེ་ནས། ང་ཚོས་བསྒྲུབ་དགོས་པའི་ལས་དོན་མཐའ་མའམ་བཞི་བ་དེ་བཤད་ན། དེ་ནི་རྒྱལ་ཁབ་རྣམས་ཀྱི་འགན་འཁྲི་དང་ཐོབ་ཐང་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་སྤྱིའི་མཉམ་འབྲེལ་གྱི་ཐད་ལ་བཞག་པའི་ཆོད་སེམས་དེ་རྒྱུན་གནས་བྱེད་པ་དེ་ཡིན།
འགྲོ་བ་མིའི་ལོ་རྒྱུས་ཕལ་མོ་ཆེ་ཞིག་ལ་ཆ་མཚོན་ན། སྟོིབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་མེད་པ་དེ། ཨ་རིའི་སྲིད་འཛིན་ཡིན་པའི་ཆ་ནས་ང་རང་གིས་ཤེས་ཀྱི་ཡོད། གྲང་དམག་མཇུག་སྒྲིལ་པ་དེ་ཡིས་མང་པོ་ཞིག་ལ་དོན་དངོས་འདི་བརྗེད་པར་བྱས་འདུགསྐབས་རེར། ཨ་རིའི་ཁ་གཏད་དང་མཐུན་རོགས་ཁ་ཤས་ཀྱིས་དཀའ་ངལ་ཚང་མ་ཨ་རིས་བཟོས་པ་དང་། ཡང་ན། དཀའ་ངལ་ནི་ཨ་རིས་སེལ་འགྲོ་བར་་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་ཨ་རིའི་ནང་དུ་ཡོད་པའི་མི་མང་པོ་ཞིག་གིས་ཀྱང་དེ་ལྟར་ཡིད་ཆེས་བྱེད་ཀྱི་ཡོད། (དགོད་སྒྲ ) ཡིན་ན་ཡང་། ཨ་རི་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཁྲོད་དུ་སྟོབས་ཅན་བླ་ན་མེད་པ་ཞིག་ཡིན་པར་མ་ཟད། རང་གི་ཁེ་ཕན་ཁོ་ནར་བསམ་མཁནཞིག་མིན་པ་དེར་ང་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད། ད་དུང་། འདས་པའི་ལོ་ཉེར་ལྔའི་རིང་དུ་ང་ཚོས་ཐུན་མོང་གི་ནོར་འཁྲུལ་དེ་བཟོས་ཤིང་། ནོར་འཁྲུལ་ཁ་ཤས་ང་རང་གིས་ཀྱང་ངོས་ལེན་བྱེད་ཀྱི་ཡོད། སྐབས་དེར། ཁ་བཤད་དོན་དུ་གནས་པའི་ཆེད་དུ། ང་ཚོས་དཀའ་སྤྱད་འབད་རྩོལ་བྱས་པར་མ་ཟད། མཚམས་རེར། བློས་བཏང་ཡང་བྱེད་དགོས་བྱུང་ཡོད། རྒྱུ་མཚན་དེར་བརྟེན། ང་ཚོ་བཟང་བའི་ཕྱོགས་སུ་སྟོབས་ཤུགས་ཤིག་ཡིན་པ་དེར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
ང་ཚོས་མཐུན་གྲོགས་རྣམས་ལ་བདེ་འཇགས་བསྐྲུན་ཡོད། ང་ཚོས་ཉམ་ཆུང་དག་ལ་མགོན་སྐྱབས་ཀྱི་ལས་བརྩམས་ཡོད། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ང་ཚོ་རང་ཉིད་ཀྱི་ལས་དོན་གྱི་ཐད་ལ་ཞིབ་བཤེར་བྱེད་མཁན་རྣམས་ལ་དགའ་བསུ་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་འཛུགས་ཁག་ཏུ་དམ་པོར་སྦྲེལ་ཡོད། ང་ཚོས་ནོར་འཕྱུགས་བཟོས་པའི་སྐབས་སུ། དེར་ངོས་ལེན་བྱེད་པའི་འབད་རྩོལ་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ནང་ཁོ་ན་མ་ཡིན་པར། ཕྱི་ན་ཡོད་པའི་ན་ཚ་དང་བཀྲེས་སྐོམ། དབུལ་བོ་བཅས་ཀྱི་དཀའ་སྡུག་སེལ་བར་ལས་ཀ་ཡང་བྱས་ཡོད།
དེ་དག་ནི་ང་རང་གིས་རང་ཉིད་ཀྱི་ང་རྒྱལ་དང་གཟི་བརྗིད་དུ་བརྩི་བཞིན་ཡོད། ཡིན་ན་ཡང་། དེ་དག་ང་ཚོ་ཁོ་ནས་སྒྲུབ་མི་ཐུབ་པ་ཞིག་ཡིན་པ་ཡང་ངས་ཤེས་ཀྱི་ཡོད། གལ་ཏེ། ང་ཚོ་དུས་རབས་འདིའི་དཀའ་ངལ་ལ་འཕྲད་ཚེ། ང་ཚོས་སྔར་ལས་ལྷག་པའི་རྒྱལ་སྤྱིའི་རང་བཞིན་གྱི་ནུས་པ་དེ་གསར་འཛུགས་བྱེད་དགོས་ཀྱི་ཡོད། ང་ཚོ་ཀུན་གྱིས་རྡུལ་ཕྲན་མཚོན་ཆ་དར་ཁྱབ་འགྲོ་བར་བཀག་འགོག་དང་། རྡུལ་ཕྲན་མཚོན་ཆ་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་པར་ཆོད་སེམས་ཤིག་མ་བཞག་བར་དུ། ང་ཚོ་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་ལས་ཐར་མི་ཐུབ།
རྡུལ་ཕྲན་མཚོན་ཆའི་ལས་གཞི་ཡི་ཐད་ལ་བཞག་པའི་རྒྱལ་སྤྱིའི་ཁྲིམས་དེ་ཨི་རན(Iran)ཡིས་བརྩི་སྲུང་བྱེད་པའི་ངོས་ལེན་བྱེད་དུས། དེས་རྒྱལ་སྤྱིའི་བདེའཇགས་གོང་འཕེལ་དུ་གཏོང་བར་མ་ཟད། ཨི་རན་གྱིས་རྒྱལ་ཁབ་གཞན་དང་འབྲེལ་ཏེ་ལས་དོན་སྒྲུབ་པའི་ནུས་པ་དེ་ཡང་གོང་འཕེལ་དུ་འགྲོ་ཡོང་། ཕྱོགས་གཞན་ཞིག་ནས། བྱང་ཁོ་རེ་ཡས་རྡུལ་ཕྲན་མཚོན་ཆ་ཞིག་ཚོད་ལྟ་བྱེད་དུས། དེས་ང་ཚོ་ཚང་མར་ཉེན་ཚབས་བཟོ་བཞིན་ཡོད། དེ་ནས། ཆེས་རྩ་བའི་གྲོས་ཆོད་འདི་དག་བརྩི་མེད་དུ་གཏོང་མཁན་གྱི་རྒྱལ་ཁབ་གང་རུང་ཞིག་གིས་མཇུག་འབྲས་ངན་པ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། ཨ་རི་ལྟ་བུའི་མཚོན་ཆ་དེ་དག་ལྡན་མཁན་གྱི་རྒྱལ་ཁབ་རྣམས་ལ་ང་ཚོའི་མཚོན་ཆ་དེ་དག་ཉུང་དུ་འཕྲི་བར་བྱེད་པའི་ལམ་ཁ་ཞིག་ཏུ་སྙེག་པར་དམིགས་བསལ་གྱི་ལས་འགན་ཡོད་པར་མ་ཟད། མཚོན་ཆ་དེ་དག་བསྐྱར་དུ་ཚོད་ལྟ་མི་བྱེད་པའི་ཚུལ་མཐུན་གྱི་ཆོད་སེམས་དེ་མུ་མཐུད་ནས་གནས་པར་བྱེད་པའི་དམིགས་བསལ་གྱི་ལས་འགན་དེ་ཡང་ཡོད།
གལ་ཏེ། ང་ཚོས་མི་དམངས་ཀྱི་འཕྲོད་བསྟེན་གནས་སྟངས་དེ་ཡར་རྒྱས་གཏོང་བ་དང་། ནད་ཡམས་ཀྱི་འབྱུང་རྐྱེན་སེལ་བ་དང་བཅོས་ཐབས་ཀྱི་ལས་གཞིའི་ཁྲོད་དུ་མ་དངུལ་མ་འཇོག་པ། དེ་བཞིན། རྒྱལ་ཁབ་དབུལ་བས་མི་དམངས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་བར་རོགས་བྱེད་པ་བཅས་ལ་བརྟེན་ནས། ནད་ཡམས་ཨེ་པོ་ལ(Ebola)བཀག་འགོག་བྱེད་པ་དེ་བརྟན་པོ་ཞིག་མ་བཟོས་བར་དུ། ང་ཚོས་མཛེ་ཁ(Zika )ལྟ་བུའི་ནད་ཡམས་སེལ་མི་ཐུབ། ནད་ཡམས་མཛེ་ཁ་ཡིས་རྒྱལ་ཁབ་ཀྱི་ས་མཚམས་ངོ་མི་ཤེས་ཤིང་། དུག་སྦྲང་གིས་ཀྱང་མཐའ་མཚམས་ཀྱི་མཁར་གྱང་བརྩི་བཀུར་མི་བྱེད།
གལ་ཏེ། འཆར་གཞིར་བཀོད་ཡོད་པའི་རྒྱལ་སྤྱིའི་རྒྱུན་གནས་ཀྱི་ཡར་རྒྱས་དེ་ཤོག་ཐོག་ཏུ་ཡོད་པ་ཙམ་ཞིག་མ་ཡིན་ཚེ། ཧ་ཅང་དབུལ་ཕོངས་ཀྱི་གནས་སྟངས་དེ་མེད་པར་བཟོ་ཐུབ། ད་ལྟ་འགྲོ་བ་མིའི་རྣམ་དཔྱོད་ཀྱིས་མུ་གེའི་དཀའ་སྡུག་སེལ་ནུས་པའི་ནུས་པ་དེ་ང་ཚོར་ལྡན་པར་བྱས་ཡོད་པར་མ་ཟད། ང་ཚོའི་བུ་དང་བུ་མོ་རྣམས་སློབ་གསོ་སྤྲོད་པའི་ནུས་པ་དེ་ཡང་ལྡན་པར་བྱས་ཡོད། སློབ་གསོ་ནི་ང་ཚོའི་འཛམ་བུ་གླིང་འདིའི་ནང་གི་གོ་སྐབས་དང་རེ་བའི་རྨང་གཞི་དེ་ཡིན། ཡིན་ན་ཡང་། ང་ཚོས་རང་ཉིད་ཀྱི་དངུལ་སྒོར་ང་ཚོའི་ཁ་གང་དུ་ཡོད་ན་དེར་གཏོང་དགོས།
གལ་ཏེ། ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱལ་སྤྱིའི་ཁྲིམས་རྣམས་དང་ལེན་བྱས་ཚེ། ང་ཚོས་དམག་འཁྲུག་གི་འཁོན་ལན་ལས་མཉམ་འབྲེལ་བྱེད་དགོས་པའི་སྒྲིག་འཛུགས་འདིའི་རེ་བ་དེ་ད་གཟོད་མངོན་འགྱུར་བྱེད་ཐུབ། སྐབས་རེར། མཉམ་འབྲེལ་གྱི་སྒྲིག་འཛུགས་དང་རྒྱལ་སྤྱིའི་རང་བཞིན་གྱི་ཁྲིམས་ལུགས་ཐད་ལ་ཁ་གྲགས་པར་ང་ལ་སྐྱོན་བརྗོད་ཀྱང་བྱེད་ཡོང་གི་འདུག ཡིན་ན་ཡང་།ཕུགས་རྒྱང་རིང་བའི་ཁྲོད་དུ། ང་ཚོས་རང་ཉིད་ལ་སྲུང་སྐྱོབ་དང་རང་ཉིད་ཀྱི་འདོད་འདུན་ནན་པོ་དེར་སྙེག་པའི་ནུས་པ་དེ་མ་དོར་བར། ལས་དོན་གང་ཞིག་སྒྲུབ་པའི་རང་དབང་དེ་མཚམས་བཞག་པ་དེ་ཡིས་ང་ཚོའི་བདེ་འཇགས་དེ་གོང་འཕེལ་གཏོང་ཐུབ་དེས་ང་ལ་ཡིད་ཆེས་སྦྱིན་སོང་། དེར་བརྟེན། དེ་ནི་ཨ་རི་ཁོ་ནར་དོན་དངོས་སུ་གྱུར་ཡོད་པ་ཞིག་མ་རེད།
ད་ལྟ་རྒྱལ་ཁབ་མང་པོ་ཞིག་གིས་ཡང་དག་པའི་ལས་དེ་སྒྲུབ་བཞིན་ཡོད། ཡིན་ན་ཡང་། རྒྱུ་འབྱོར་བ་ལྡན་ཞིང་། ས་གཤིས་ཀྱི་དགེ་མཚན་ལྡན་པའི་དམིགས་བསལ་གྱི་རྒྱལ་ཁབ་རྣམས་ཀྱིས་སྔར་ལས་རོགས་སྐྱོར་གྱི་ལག་ཟུང་སྲིང་ཐུབ་པར་མ་ཟད། ང་ཚོའི་རྒྱལ་ཁབ་ནང་དུ་ཡོང་བའི་སྐྱབས་བཅོལ་བ་རྣམས་ལ་སྤྱི་ཚོགས་ཀྱི་གོམས་སྲོལ་དང་ལམ་ལུགས་བཅས་ལ་སྔར་ལས་གོམས་པར་བྱེད་པ་ལ་ནན་སྐུལ་ཡང་བྱེད། དེ་དག་གིས་ཁོ་ཚོར་ད་གཟོད་སྡོད་གནས་མཁོ་སྤྲོད་བྱེད་ཀྱིན་ཡོད།
ད་ནི་བདག་གིས་འདི་ལྟར་མཇུག་བསྡུ་ཆོག་པར་ཞུ། ལོ་རྒྱུས་ཀྱིས་དེ་རིང་ངས་འདི་ནས་བཤད་པའི་བྱུང་བ་ཁོ་ན་ཙམ་ཞིག་མ་ཡིན་པར་བྱུང་བ་མ་འདྲ་ཞིག་བརྗོད་ཡོད་པར་ངས་ངས་ལེན་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱི་ཆེས་མུན་དག་དང་སྐྱོ་སྡུག་གིོ་ཆ་དེ་ང་ཚོས་ངོས་ལེན་བྱེད་ཆོག འགྲོ་བ་མི་རྣམས་ནི་ནམ་རྒྱུན་འདོད་རྔམ་དང་དབང་ཆ་ཡིས་ཁ་ལོ་སྒྱུར་གྱི་ཡོད། ལོ་རྒྱུས་ཕལ་མོ་ཆེ་ཞིག་ལ་ཆ་མཚོན་ན། རྒྱལ་ཁབ་ཆེན་པོ་རྣམས་ཀྱིས་རྒྱལ་ཁབ་ཆུང་བ་རྣམས་ལགཉའ་གནོན་བྱས་ཡོད། མཉམ་འབྲེལ་གྱི་བསམ་བློ་མ་ཡིན་པར་གཞན་ལ་འཁོན་སེམས་ཀྱི་ངང་ནས་ཁོ་ཚོའི་རང་ཉིོད་ཀྱི་སྣང་བརྙན་སྐྲུན་བཞིན་པ་དེ། ཚོ་ཁག་དང་མི་རིགས་བྱེ་བྱག་པ། རྒྱལ་ཁབ་ཆུང་ཤོས་རྣམས་ཀྱིས་ནམ་རྒྱུན་མཐོང་ཡོང་གི་ཡོད།
འགྲོ་བ་མི་རྣམས་ཀྱིས་ཡང་བས་བསྐྱར་དུ་འདི་ལྟར་ཡིད་ཆེས་བྱེད་ཀྱི་ཡོད་དེ། མི་རྣམས་གོ་རྟོགས་སད་པའི་དུས་སྐབས་ཤིག་ཏུ་སླེབས་ཐུབ་པ་དང་། དེ་ཡང་སྡུག་བསྔལ་དང་ཟིང་འཁྲུག་གི་རིམ་པ་ཞིག་བརྒྱུད་དགོས་པ་དེ་ཡིན། ཕལ་ཆེར་དེ་ནི་ང་ཚོའི་ལས་དབང་ཡིན་ངེས། འགྲོ་བ་མི་སྒེར་རེ་རེའི་འདོད་འདུན་དེ་ཡིས་འཛམ་གླིང་དམག་འཁྲུག་བསླངས་ཡོང་བ་དེ་ང་ཚོས་དྲན་དགོས།ཡིན་ན་ཡང་། མི་སྒེར་རེ་རེའི་འདོད་འདུན་དེ་ཡིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱང་བསྐྲུན་ཡོད། དེར་བརྟེན། དེ་ལྟ་བུའི་དམག་འཁྲུག་ཅིག་བསྐྱར་དུ་བྱུང་སྲིད་པ་ཞིག་མ་རེད། ང་ཚོ་ཚང་མ་མགོ་ཁྲིད་ཡིན་པའི་ཆ་ནས། རྒྱལ་ཁབ་རེ་རེ་ཡིས་ང་ཚོའི་ངན་ཕྱོགས་དང་ལེན་བྱེད་མཁན་ལ་ངོ་རྒོལ་དང་། བཟང་ཕྱོགས་དང་ལེན་བྱེད་མཁན་ལ་མཉམ་འབྲེལ་བྱེད་ཆོག རྒྱུ་མཚན་ནི། ང་ཚོས་ཡིད་དུ་འོང་བའི་ལོ་རྒྱུས་ཤིག་འདེམ་ཆོག་པ་དེ་ང་ཚོས་བསྟན་ཟིན་ཡོད།
ལོ་ན་གཞོན་པའི་མར་ཏིན་ལུ་ཏེར་ཀིན(Martin Luther King)བཙོན་དུ་བསྡད་དེ་འདི་ལྟར་བྲིས། “འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ནི་ལྡོག་ཏུ་མེད་པའི་འཁོར་ལོའི་སྟེང་དུ་གཏན་ནས་སྒྲིལ་མེད། དེ་ནི་དཀོན་མཆོག་དང་ལྷན་ཅིག་ཏུ་བྱ་བ་སྒྲུབ་པའི་མོས་འདུན་ལྡན་མཁན་གྱི་མིའི་དཀའ་སྤྱད་འབད་རྩོལ་གྱི་ཁྲོད་ནས་སླེབས་ཡོང་བ་ཞིག་ཡིན” ལོ་ངོ་བརྒྱད་ཀྱི་རིང་དུ། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་སྐྱོད་པའི་སྐབས་སུ། ང་རང་གིས་ན་གཞོན་རྣམས་ཀྱི་སྙིང་སྟོབས་དེ་མཐོང་བྱུང་། ཁོ་ཚོ་ལ་སྔར་ལས་སློབ་གསོ་དང་ཤེས་ཡོན་ལྡན་ཞིང་། སྔར་ལས་ཡོངས་འདུས་དང་སྣ་འཛོམས་རང་བཞིན་ཅན་ཡིན་པར་མ་ཟད། ང་ཚོའི་མི་རབས་ལས་གསར་གཏོད་ཀྱི་ནུས་པ་ཆེ་བར་ལྡན་ཞིང་། ད་དུང་། ཁོ་ཚོ་ནི་སྔོན་གྱི་མི་རབས་ལས་མི་རྣམས་ལ་བཅངས་པའི་གདུང་སེམས་མཉམ་སྐྱེད་དང་སྙིང་རྗེ་ཆེ་བར་འདུག རེད། དེ་དག་ལས་རེ་ཟུང་ཞིག་ཁོ་ཚོའི་འཆར་སྣང་ཙམ་ལས་བྱུང་བར་བདེན་སྲིད་ཀྱང་། དེ་དག་གཞོན་སྐྱེས་རྣམས་ཀྱིས་མི་རིགས་གཞན་པ་དང་ས་ཆ་གཞན་པའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་དང་། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཆ་དེ་རྟོགས་པའི་སྒོ་ནས་བྱུང་བ་ཞིག་ཀྱང་ཡིན། དེ་ནི་ཁོ་ཚོའི་མ་འོངས་པ་ནི་འཛམ་གླིང་གང་སར་གནས་པའི་མི་རྣམས་ཀྱི་ལས་དབང་དང་མཉམ་དུ་དམ་པོར་སྦྲེལ་ཡོད་པ་དེ་ཡིན།
དང་བླངས་ཀྱི་ངང་ནས་ནད་ཡམས་ཨེ་པོ་ལ(Ebola)འགོག་སྲུང་བྱེད་མཁན་འཛམ་བུ་གླིང་གང་ས་ནས་ཡོང་བའི་འཕྲོད་བསྟེན་བདག་གཅེས་ལས་མི་སྟོང་ཕྲག་མང་པོ་རྣམས་ངས་དྲན་གྱིན་ཡོད། ཁུ་པ(Cuba)ནས་ཚོང་ལས་གསར་བ་གཉེར་མགོ་ཚུགས་པའི་ད་ལྟའི་གཞོན་སྐྱེས་ཀྱི་ཁེ་ལས་པ་ཞིག་ལ་འཕྲད་པ་དང་། ལོ་ཁ་ཤས་ཀྱི་སྔོན་ཏག་ཏག་ཏུ། འབར་མ(Myanmar)ཆབ་སྲིད་བཙོན་པ་ཡིན་པའི་གཞུང་ཞབས་སྤྱི་མཐུས་ཤིག་དང་འཕྲད་པ་དེ་ཚོ་ངས་དྲན་གྱིན་འདུག ཨ་ཧྥི་གྷན་སི་ཐན(Afghanistan) ནང་དུ་དཀའ་སྡུག་དང་གཉའ་གནོན་ལ་གདོང་ལེན་བྱས་ཏེ་སློབ་གྲྭར་འགྲོ་མཁན་གྱི་བུ་མོ་རྣམས་དང་། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་དང་འདྲ་བའི་ཚོགས་པ་དག་ལ་དྲ་ལམ་ནས་ངོ་རྒོལ་བྱེད་པའི་ལས་འཆར་རྩོམ་མཁན་གྱི་སློབ་གྲྭ་ཆེན་མོའི་སློབ་མ་དག་ངས་དྲན་གྱིན་འདུག ང་རང་གིས་ཨ་རིའི་གཞོན་སྐྱེས་རྣམས་(ཁེ་ལས་པ།ལས་འགུལ་བ།དམག་མི།མི་སེར་གསར་བ)ཀྱི་ཁྲོད་ནས་སྟོབས་ཤུགས་བླངས་ཤིང་། ཁོ་ཚོས་ང་ཚོས་རྒྱལ་ཁབ་བསྐྱར་དུ་བསླངས། ཁོ་ཚོ་ནི་གོམས་གཤིས་དང་གོམས་སྲོལ་རྙིང་པ་ཡིས་ནག་ནོག་བགོས་མེད་ཅིང་། ད་ལྟའི་དངོས་ཡོད་ལ་ཡང་གཡོལ་མེད། ཡིན་ན་ཡང་། མ་འོངས་པའི་གོ་སྐབས་འཛིན་པའི་ཐད་ལ་གྲ་སྒྲིག་ཡིན།
ཨ་རི་ནི་ག་ས་གང་ནས་གནས་སྤོ་བྱས་ནས་ཡོང་མཁན་རྣམས་ཀྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པ་ལྟར། ང་རང་གིས་ཁྱིམ་ཚང་ཡང་འཛམ་བུ་གླིང་གི་ཆ་ཤས་མ་འདྲ་བ་མང་པོ་ལས་བྱུང་བའི་དད་མོས་དང་རིག་གཞུང་། སྲོལ་རྒྱུན། ཤ་ཁྲག་བཅས་ཀྱིས་གྲུབ་པ་ཞིག་ཡིན། རྒྱལ་ཁབ་འདིའི་ནང་དུ་ང་རང་སྲིད་འཛིན་ཞིག་ཡིན་པའི་ཆ་ནས། ང་རང་གིས་ང་ཚོའི་ངོ་བོ་ནི་གཞན་ཕ་རོལ་ཞིག་གཉའ་གནོན་བྱས་ཏེ་གྲུབ་མེད་པ་དེ་ངས་ཤེས་ཡོད་ལ། ཡིན་ན་ཡང་། གཞན་ཕ་རོལ་ལ་རོགས་རམ་འདེགས་བྱས་པ་ལ་བརྟེན་ནས་ང་ཚོའི་ངོ་བོ་དེ་གོང་འཕེལ་དུ་གཏོང་ཐུབ་པ་དེ་ཡང་ངས་ཤེས་ཀྱི་ཡོད། རང་ཉིད་ཀྱི་ངོ་བོ་དེ་རྣམས་གཞན་ཕ་རོལ་ལ་ཁ་གཏད་བྱེད་པའི་ཁྲོད་ནས་སྟོན་པ་མིན་པར། རང་དབང་དང་འདྲ་མཉམ། དྲང་བདེན་དང་གཞུང་དྲང་བཅས་ལ་བཅངས་པའི་ཡིད་ཆེས་དེ་མཚོན་པར་བྱེད་དགོས།
འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱིས་གནས་ལུགས་དེ་རྣམས་དང་དུ་བླངས་དེ་ཡིས་ཨ་རི་ལ་བཅངས་པའི་ང་རང་གི་དམིགས་བསལ་གྱི་ང་རྒྱལ་དང་བརྩེ་བ་དེ་དམའ་རུ་མ་བཏང་། གང་དུ་ཡང་སྤྱོད་སྒོ་ཆེ་བའི་གནས་ལུགས་དེ་དག་གིས་ང་ཚོའི་རྒྱལ་དར་ལ་གཏད་དེ་དམ་བཅའ་འཇོག་མཁན་དང་། ང་དང་འདྲ་བར་སྨོན་ལམ་རྒྱག་མཁན། ང་དང་འདྲ་བ་རྣམས་ལ་རོགས་སྐྱོར་བྱེད་པའི་ཆོད་སེམས་དེ་ཉམས་དམས་སུ་བཏང་མེད། ཡིན་ན་ཡང་། གནས་ལུགས་དེ་དག་ལ་བཅངས་པའི་ངའི་ཡིད་ཆེས་དེ་ཡིས་ང་རང་གི་ཀུན་སྤྱོད་ཀྱི་སྣང་བརྙན་དེ་རྒྱ་སྐྱེད་པར་ནན་སྐུལ་བྱེད་པར་མ་ཟད། རང་ཉིད་ཀྱི་མི་དམངས་ལ་སྲི་ཞུ་ལེགས་པོ་ཞིག་སྒྲུབ་ཐུབ་པ་དང་། རང་ཉིད་ཀྱི་བུ་བུ་མོ་ཚོ་ལ་གཅེས་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་པའི་ངོས་ལེན་བྱེད་པར་ཡང་ང་ལ་ནན་སྐུལ་བྱེད། གཅེས་སྐྱོང་དེ་ཡང་མི་རྣམས་དང་བྱིས་པ་ཚང་མ། ཁྱོད་ཀྱི་བུ་དང་བུ་མོ་བཅས་ཀུན་ལ་འོས་ཤིང་འཚམ་པའི་ལས་ཤིག་སྒྲུབ་པར་ཁག་ཐེག་བྱེད་པའི་སྒོ་ནས་ལས་སུ་ཞུགས་པ་དེ་ཡིན།
འདི་ནི་ང་རང་གིས་ཅི་ཞིག་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་ཡིན་ཏེ། ང་ཚོ་ཚང་མས་དཀོན་མཆོག་དང་ལྷན་དུ་ལས་དོན་སྒྲུབ་ཆོག་པ་དེ་ཡིན་ཞིང་། ང་ཚོའི་འགོ་ཁྲིད་དང་སྲིད་གཞུང་། ད་དུང་། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་གསུབ་ཏུ་མེད་པའི་བདེན་པ་དེ་མངོན་འགྱུར་བྱེད་དགོས་ཀྱི་ཡོད།
ཧ་ཅང་བཀའ་དྲིན་ཆེ། (ཐལ་མོ་རྡེབ་སྒྲ། )
ལོ་མ་རྒྱལ་གྱིས་བོད་བསྒྱུར་གནང་།
མ་རྩོམ་གྱི་འབྲེལ་ཐག https://www.whitehouse.gov/the-press-office/2016/09/20/address-president-obama-71st-session-united-nations-general-assembly
འདི་བསྒྱུར་མཁན་དང་གསར་ཤོག་ནང་གལ་ཆེ་དོན་ཆེན་དུ་གཟིགས་ནས་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་དང་ལེགས་བརྗོད་ཡོད།
བཀའ་དྲིན་ཆེ་ལོ་ཙཱ་བ་ལགས། དཔེ་ཡག་པོ་བསྒྱུར་འདུག