རྒྱལ་སྤྱིའི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་དང་འབྲེལ་ཏེ་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་རྩོམ་ཡིག་ཕྱོགས་བསྡུས་<<རང་དབང་དང་འདྲ་མཉམ་ཆེད་>>ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་ཞུས་སོང་།
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢ སྟེང་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཐུན་མོང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༥ སྲུང་གཙི་ཞུས་སོང་ལ། ཚོགས་ཐོག་ཚོགས་པ་གཉིས་ཀྱི་ཚོགས་མི་དང་། དྷ་ས་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ་མི་གྲངས་ ༤༠ ལྷག་འཛོམས་འདུག
མཛད་སྒོའི་ཐོག་མར་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་བརྟན་ལགས་དང་ལི་ཐང་དབྱིགས་གཉེན་ལགས། དེ་བཞིན། སྨན་སྣང་མཛེས་ལགས་བཅས་ནས། རྩོམ་པ་པོ་འཇུ་སྐལ་བཟང་ལགས་དང་ཐེའུ་རང་ལགས་གཉིས་ཀྱི་སྙན་རྩོམ་ཁག་ཅིག་གྱེར་འདོན་སྒྲོག་སྦྱངས་གནང་རྗེས། ཆེད་ཕེབས་སྐུ་མགྲོན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང་ཤེས་རིག་རྩོམ་སྒྲིག་འགན་འཛིན་ཟུར་བ་ཀརྨ་སྨོན་ལམ་ལགས་གཉིས་ནས་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་རྩོམ་བསྡུས་<<རང་དབང་དང་འདྲ་མཉམ་ཆེད་>><<For Freedom And Equality>>ཅེས་པའི་བོད་དབྱིན་ཤན་སྦྱར་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།
ས་ར་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་མེ་འོད་ལགས་ནས་རྒྱ་ནག་གི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་ཁག་ཅིག་གི་མི་ཚེ་ལ་རྒྱུས་ངོ་སྤྲོད་དང་འབྲེལ་ཏེ་ཡིག་ཐོག་གི་བསྒྲགས་གཏམ་ནང་། ངས་དེ་རིང་གི་ཉིན་མོ་འདིར་ཆེད་དུ་ཁྱེད་ཅག་གི་ཤེས་རབ་ཀྱི་དཔལ་དང་དཔའ་སྤོབས་ཀྱི་སྟོབས། སྨྱུ་གུའི་རྩལ། ཡོངས་ཁྱབ་འགན་འཁྲིའི་བླ་ན་མེད་པའི་བསམ་བློ་དང་ཀུན་སྤྱོད་ལ་ཡི་རངས་དང་གུས་བརྩི་ཞུ་བཞིན་ཡོད། རང་དབང་དང་ཐོབ་ཐང་། འདྲ་མཉམ་དང་གནས་ལུགས་ཀྱི་ཆེད་དུ་ཁྱེད་ཅག་གིས་བཙོན་ཁང་དུ་མྱོང་བཞིན་པའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། ཁྱེད་ཅག་ལ་མྱུར་བ་མྱུར་དུ་རང་དབང་འཐོབ་པ་དང་། མིའི་རིགས་བཙན་མནོན་ལས་ཐར་བའི་རེ་སྨོན་ཡང་ཞུ་བཞིན་ཡོད། ང་ཡ་སྙིང་རྗེ་སྤུ་ཙམ་མེད་ཅིང་གདུག་རྩུབ་དང་དྲག་ཤུགས་ཆེ་བ། མི་ཞིག་འཛིན་པ་དང་རྡུང་བ། བཙོན་དུ་འཇུག་པ་དང་དམར་གསོད་གཏོང་བ་ལ་གོམས་ཤིང་ཐེ་ཚོམ་གང་ཡང་མེད་པའི་སྒེར་གཅོད་སྲིད་གཞུང་རྒྱ་ནག་ལྟ་བུའི་ཁ་གཏད་དུ་ལངས་ཏེ་རང་དབང་དང་ཐོབ་ཐང་། འདྲ་མཉམ་གནས་ལུགས་བཤད་ཅིང་འབྲི་བ་ནི་དྲག་སྤྱོད་པ་ཞིག་གི་མེ་མདའི་སོ་ཁ་ལ་མགོ་དང་བྲང་ཁོག་གཏོད་ནས་འགྲོ་བ་དང་གཅིག་པ་ཡིན། ཞེས་འཁོད་འདུག
མཇུག་ཏུ་ཁོས། བཙན་པོའི་རུས་པ་དང་སྙིང་སྟོབས་ཀྱི་བཅུད་ལྡན་པའི་རླབས་ཆེན་གྱི་རྩོམ་པ་པོ་ཞོགས་ལྗང་ལགས་ནི་དངོས་ཡོད་གནས་ཚུལ་ཞིབ་ཀྱིས་མཐོང་བའི་ཤེས་རབ་ཀྱི་འོད་སྣང་ཅན་དང་། བདེན་པ་བདེན་པར་བརྗོད་ཐུབ་པའི་དཔའ་དང་སྤོབས་པ་ཅན། གང་མཐོང་ཞིང་བརྗོད་འདོད་པ་སྨྱུ་གུའི་སྟོབས་དང་རྩལ་ལ་བརྟེན་ནས་ས་ཆེན་པོ་སྒུལ་ཐུབ་པའི་རླབས་ཆེན་གྱི་བོད་མི་རུས་པ་ཅན་ཞིག་རེད། ཁོང་གི་བརྩམས་ཆོས་གང་ཡིན་ཡང་ཁོང་རང་ཉིད་ཀྱིས་དངོས་སུ་མཐོང་བའི་བདེན་པ་དང་གནས་ཚུལ་བརྗོད་བྱ་བྱས་ནས་ཡུལ་དངོས་རང་ནས་བྲིས་ཤིང་། འབྲི་ཚུལ་དེ་ཡང་འབོལ་རྩོམ་དང་ལྷུག་པ། ཉིན་ཐོ་དང་འཕྲིན་ཡིག་གི་ལམ་ནས་བྲིས་ཤིང་། ཚིག་དང་ཐ་སྙད་ཀྱི་སྦྱོར་བ་ལ་རྣོ་ངར་ལྡན་ཞིང་། ཚིག་དང་ཚིག་གི་ནང་ངོས་ན་སྟོབས་དང་ཤུགས་ལྡན་པ་བཅས་ཀྱིས་ཀློག་མཁན་ཁྲི་སྟོང་མང་པོ་སེམས་སྒུལ་ཅིང་སྙིང་ལྡིང་བར་བྱས་ཡོད། ཁོང་ནི་དོན་དམ་པར་མིའི་རིགས་ཀྱི་རང་དབང་དང་ཐོབ་ཐང་འཐབ་རྩོད་པ་ཞིག་དང་། ཁོང་ལྟ་བུ་ཡོད་པས་འཇིག་རྟེན་ན་རྩོམ་རིག་གི་མཐུ་དང་སྟོབས། ནུས་པའི་གཟི་བརྗིད་ཉི་ཟླའི་འོད་དང་འགྲོགས་ནས་ཡོད། ཅེས་འཁོད་འདུག་པ་སོགས་སྒྲོག་སྦྱངས་གནང་སོང་།
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ནས། དེ་རིང་ནི་སྤྱིར་འགྲོ་བ་མིའི་རིགས་ཀྱི་དཀའ་ངལ་དང་ནང་དགོས་སུ་རྒྱལ་ཁབ་ཞིག་ཆག་འཇིག་དང་མི་རིགས་ཤིག་གི་ཉམས་རྒུད་སོགས་དྲང་བདེན་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་སྙན་ངག་དང་སྒྲུང་གཏམ། འབོལ་རྩོམ་དང་རྟོག་སྒྲུང་། དཔྱད་བརྗོད་བཅས་ཀྱི་ལམ་ནས་ཇི་བཞིན་དུ་སྤེལ་མཁན་ཏེ་འཇིགས་མེད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ་བླ་ལྷག་ཏུ་མཐོ་བའི་རླབས་ཆེན་གྱི་རྩོམ་པ་པོ་རྣམས་ལ་ཆབ་སྲིད་དང་འབྲེལ་བའི་སྲིད་དབང་སྒེར་གཅོད་དང་ཆོས་ལུགས་དང་འབྲེལ་བའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་དག་གིས། གནའ་ནས་ད་བར་དུ་སྡུག་སྦྱོང་དང་མནར་གཅོད་བཏང་དང་གཏོང་བཞིན་པ་དག་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཀྱི་ཚུལ་དུ་སྤེལ་བའི་འཛམ་གླིང་རང་བཞིན་ཅན་གྱི་ཉིན་མོ་ཞིག་ཡིན་སྟབས། ང་ཚོས་དེ་རིང་ནས་མིའི་རིགས་ཀྱི་རླབས་ཆེ་བའི་མགྲིན་ཚབ་པ་འདི་དག་གི་ཆེད་དུ། ཚོར་འདུས་ཀྱི་གོང་བུར་གྱུར་བའི་སྙན་ངག་པ་འདི་དག་གི་སླད་དུ། ན་ཟུག་གི་གཏིང་རིམ་བསྔོགས་པའི་སྨྱུག་ཐོག་པ་འདི་དག་གི་དོན་དུ། རྣམ་དཔྱོད་ཀྱི་ཕ་མཐའ་ཡངས་པའི་བསམ་བློ་བ་འདི་དག་གི་ཚབ་ཏུ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཆེས་མ་མཐའི་བརྩི་མཐོང་གི་ས་མཚམས་ཏེ་ནང་བསམ་བློའི་ཕྱི་ཤུན་ལྟ་བུར་གྱུར་བའི་སྨྲ་བརྗོད་རང་དབང་ལ་འགལ་རྐྱེན་དང་བཀག་འགོག་བྱེད་པའི་ཆེས་གདུག་རྩུབ་ཅན་གྱི་སྤྱོད་ངན་འདི་དག་ལ་ལྕགས་པུར་སྙིང་ལ་གདབས་པ་ལྟ་བུའི་ན་ཟུག་དང་བཅས་དུས་དང་རྣམ་པ་ཐམས་ཅད་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། དེ་རིང་ང་ཚོ་འདི་ལྟར་འཛོམས་དགོས་དོན་ཡང་། དྲང་བདེན་དང་རང་དབང་ལ་དགའ་བའི་ཤོག་སྨྱུག་གིས་བཤགས་བཅོས་བྱེད་མཁན་གྱི་ལྷ་རྗེ་སྨྱུག་ཐོག་པ་སྟེ་ངན་རྟོག་འབུར་འཇོམས་བྱེད་མཁན་དག་ལ་རྒྱབ་སྐྱོར་དང་། དམུ་རྒོད་ཀྱི་བསམ་བློ་དང་བཙན་གནོན་གྱི་དབང་ཤུགས་ལ་བརྟེན་ནས་གཞན་གྱི་ཐོབ་ཐང་གང་ཡིན་ཐམས་ཅད་ལ་འཕོང་ཕྱིས་ཀྱི་རྡོ་ལྟར་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཆབ་སྲིད་དང་ཆོས་ལུགས། དཔལ་འབྱོར་སོགས་ལ་ངོ་རྒོལ་བྱེད་པའི་རྩོམ་པ་པོ་མཐུན་ཚོགས་འདིའི་རྒྱབ་རྩར་ཕེབས་པའི་སྐུ་མགྲོན་ཁྱེད་རང་ཚོ་ཡང་ལངས་པ་ཡིན་པས། སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ་བ་དང་ཆབས་ཅིག ད་ལྟ་སྨྲ་བརྗོད་དང་རྩོམ་འབྲི་རང་དབང་གི་ཆེད་དུ་དམར་བོའི་བཙོན་འོག་ཏུ་སྡུག་གཅོད་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་ཞོགས་ལྗང་སོགས་གཙོ་བྱས་པའི་མིའི་རིགས་ཀྱི་མགྲིན་ཚབ་པ་འདི་དག་མྱུར་དུ་ཀློད་གྲོལ་ཡོངས་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་སྒྲོག་སྦྱངས་གནང་སོང་།
མཛད་སྒོའི་མཇུག་སྡོམ་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤར་བློ་གྲོས་ལགས་ནས། རྩ་བའི་ཆ་ནས་རྩོམ་པ་པོའི་མཐུན་ཚོགས་དེ་ཚོགས་པ་མང་པོ་ཞིག་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། མི་འདྲ་བའི་ཁྱད་པར་ཆེན་པོ་དེ་ཡང་མཆོག་དམན་དང་ཆེ་ཆུང་། མང་ཉུང་ལྟ་བུའི་ཁྱད་པར་མིན་པར། གཙོ་ཆེན་ཤོས་དེ་སྒྱུ་རྩལ་གྱི་ལྟ་གྲུབ་དང་འཆར་སྣང་། སྒྱུ་རྩལ་གྱི་ཕུགས་བསམ་སོགས་མི་འདྲ་སྟབས། རང་བཞིན་གྱི་ཚོགས་པ་གཞན་པ་དང་ཁྱད་པར་ཆེན་པོ་ཡོད། ང་ཚོ་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚོན་རྟགས་ཡིན་ནའང་བོད་སྐད་ཡིག་གི་དབུ་འཁྱུད་ཅིག་བཞག་ཡོད་པ་དང་། དེ་བཞིན། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་རྟགས་ཡིན་ནའང་། ཚོགས་ཞུགས་རྒྱལ་ཁབ་བརྒྱ་ལྷག་གི་སྐད་ཡིག་བཞག་ཡོད་པ་ལྟར། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཁག་གི་ལས་རྟགས་ནང་ང་ཚོ་བོད་ཡིག་གི་ཡིག་གཟུགས་མ་འདྲ་བ་ ༦ བཞག་ཡོད་པ་རེད། སྤྱི་ཡོངས་ནས་བཤད་ན་དེས་མི་རིགས་ཤིག་གི་རིག་གཞུང་མཚོན་གྱི་ཡོད་པ་དང་། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་གང་གི་སྐབས་སུ་ཡིན་ནའང་། རྒྱལ་ཁབ་དེའི་རྒྱལ་གླུ་གཏོང་བ་དང་རྒྱལ་དར་འཕྱར་བ་སོགས་འགོག་གི་ཡོད་པ་རེད། དེའི་རྒྱུ་མཚན་ནི། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚོན་རྟགས་དེ་ཚོགས་ཞུགས་རྒྱལ་ཁབ་ཚང་མའི་སྐད་ཡིག་ཡིན་པ་རེད། རྒྱལ་སྤྱིའི་པེན་གྱི་རྩ་འཛིན་ནང་འཛམ་གླིང་སྟེང་གི་སྐད་ཡིག་ཚང་མ་རྒྱལ་སྤྱིའི་སྐད་ཡིག་ཡིན་པ་ལས་རྒྱལ་ཁབ་གཅིག་གཉིས་ཀྱི་སྐད་ཡིག་རྒྱལ་སྤྱིའི་སྐད་ཡིག་ཡིན་ཞེས་པར་ངོ་རྒོལ་ཡོད་པ་དང་། དེ་བཞིན་རྩོམ་ཡིག་ཡིན་ནའང་། རྒྱལ་ཁབ་དང་མིའི་རིགས་ཀྱི་རྩོམ་རིག་ཆ་ཚང་རྒྱལ་སྤྱིའི་རྩོམ་རིགས་ཡིན་པ་ལས་རྒྱལ་ཁབ་གཅིག་གཉིས་ཀྱི་རྩོམ་རིགས་ལ་རྒྱལ་སྤྱིའི་རྩོམ་རིག་ཅེས་ན་ཁས་ལེན་གྱི་མེད་ཅེས་བཀོད་ཡོད་པ་རེད། དེ་བས་རྒྱལ་སྤྱིའི་སྐད་ཡིག་དང་རྒྱལ་སྤྱིའི་རྩོམ་རིག་ཟེར་བ་དེ་རྒྱལ་སྤྱིའི་རྩོམ་རིག་དང་སྐད་ཡིག་ཐུན་མོང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་མ་ཟད། རྩོམ་པ་པོ་མཐུན་ཚོགས་དེ་ཆབ་སྲིད་པ་དང་ཆབ་སྲིད་ཚོགས་པ། ཆོས་ལུགས་མི་སྣ་དང་ཆོས་ལུགས་ཚོགས་པ་གང་ཡང་ཡིན་པ་མ་རེད། རྩོམ་པ་པོ་མཐུན་ཚོགས་དེ་སྐད་ཡིག་དང་སྒྱུ་རྩལ་རྩོམ་རིག་གི་ཚོགས་པ་ཞིག་ཆགས་ཡིན་པ་རེད། རྩོམ་པ་པོ་མཐུན་ཚོགས་ཀྱི་གྲུབ་ཆ་ཡིན་ནའང་། དེའི་ནང་ལོགས་ཀྱི་ཚོགས་མི་མང་པོ་ཞིག་རྩོམ་རིག་སློབ་དཔོན་དང་རྩོམ་རིག་དགེ་རྒན། རྩོམ་སྒྲིག་པ་དང་ཡིག་སྒྱུར་བ། སྙན་ངག་པ་དང་གསར་འགོད་པ། ཞིབ་འཇུག་པ་སོགས་ཡིན་པ་ལས་ཆབ་སྲིད་དང་ཆབ་སྲིད་པར་འབྲེལ་བ་ཡོད་པ་མ་རེད། ཅེས་སོགས་བརྗོད་སོང།
རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱི་རྩོམ་བསྡུས་དཔེ་དེབ་དེའི་ནང་ཁྱོན་ཚན་པ་ ༡༣ དང་ཤོག་ངོས་ ༡༡༥ ཡོད་པ་དང་། ཁོང་གི་རྩོམ་ཡིག་དེ་དག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། པེན་རྩོམ་པ་པོ་མཐུན་ཚོགས་གཉིས་སུ་ལག་སོན་བྱུང་བ་ཁག་ཅིག་ཕྱོགས་བསྡུས་བྱས་ཏེ་བོད་དབྱིན་ཤར་སྦྱར་ཐོག་འགྲེམ་སྤེལ་བྱས་ཡོད་པ་རེད། རྩོམ་པ་པོ་ཞོགས་ལྗང་ལགས་ལ་<<ལམ་གྱི་སྙིང་སྟོབས་>>དང་<<སྨྱུ་གུའི་སྟོབས>><<རང་གྲོལ་སྙིང་སྟོབས་>>དང་<<རང་དབང་ཆེད་དུ་ང་ལ་བློ་འགྱོད་མེད་>>སོགས་སྙན་ངག་དང་གཞས་ཚིག སྒྲུང་ཐུང་དང་དཔྱད་རྩོམ། སྒྱུར་རྩོམ་སོགས་ཁྱོན་དཔེ་དེབ་ ༥ ལྷག་ཡོད་འདུག
མེ་འོད་ལགས་ཀྱིས་རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་པའི་རྩོམ་པ་པོ་ཁག་ཅིག་གི་མིང་ཐོ་ལུང་འདྲེན་བྱས་པའི་ནང་མགོ་པཎ་ཆེན་རིན་པོ་ཆེ་མཆོག་གི་<<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>> ནས་བཟུང་སྟེ། <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>>རྩོམ་མཁན་སྒྲོལ་མ་སྐྱབས་དང་། <<མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་>>རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ། གནམ་ས་གོ་འབྱེད་རྩོམ་པ་པོ་ཞོགས་དུང་། <<ཁྲག་ཡིག་>>རྩོམ་པ་པོ་ཐེའུ་རང་། <<རོ་ལངས་>>རྩོམ་པ་པོ་གཉན། <<དུས་རབས་ཀྱི་ང>>འི་རྩོམ་སྒྲིག་པ་མགར་མི། དེ་བཞིན་<<དུས་རབས་ཀྱི་ང>>འི་རྩོམ་སྒྲིག་པ་བུ་དྷ། <<སུ་ཞིག་ཁ་བྲལ་རིང་ལུགས་པ་ངོ་མ་རེད་>>ཅེས་པའི་རྩོམ་པ་པོ་གངས་ཉི། <<བོད་ལ་རང་དབང་མེད་པའི་སྙན་ཞུ་>>རྩོམ་པ་པོ་སྒྱིས་ཚང་སྟག་མིག <<ཁ་བའི་ཚེ་སྲོག་ཚགས་པར་>>གྱི་རྩོམ་སྒྲིག་པ་འབྲོག་རུ་ཚུལ་ཁྲིམས། <<ངའི་ཕ་ཡུལ་གྱི་གཟབ་ཉན་>>རྩོམ་མཁན་བྱ་མདོ་རིན་བཟང་། <<ང་ཚོ་སད་རན་>>གྱི་རྩོམ་པ་པོ་སྒོ་ཤེས་རབ། <<མནར་གཅོད་ཀྱི་གོ་རིམ་>>གྱི་རྩོམ་པ་པོ་འཇམ་དབྱངས་སྐྱིད། <<འཆར་ལྡན་བུ་སྐྱེས་སྐོར་གྱི་བསམ་འཆར་>> རྩོམ་པ་པོ་ཡེ་ཤེས་ཆོས་སྒྲོན། <<སྲིད་དོན་གྱི་རྩེ་མོ་>>རྩོམ་པ་པོ་ནོར་འཛིན་དབང་མོ། <<རང་དབང་དང་འདྲ་མཉམ་ཆེད་>>རྩོམ་པ་པོ་ཞོགས་ལྗང་ལགས་སོགས་འཁོད་འདུག
གསར་འགོད་པ། པདྨ་རྒྱལ།
བོད་ནང་གི་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་རྩོམ་པ་པོ་རྣམས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ཁོང་རྣམས་པའི་བློ་གྲོས་དང་སྙིང་སྟོབས་ལས་ང་ཚོ་འཇིག་རྟེན་འདིར་གནས་ཡོད།