ཨ་ཚོགས་མཁས་བཙུན།
མེས་རབས་ཉི་འདྲ་ཟླ་འདྲའི་འཆར་ནུབ་ལ།།
མིག་ཆེན་གཟུགས་ཆེན་མཐོང་བའི་ལྟད་མོ་དང་།།
བུ་རབས་སྟག་འདྲ་གཟིག་འདྲའི་ཡོ་ལང་ལ།།
སུམ་གཉིས་ས་ལ་དབང་བའི་སྟོན་ཆེན་ཡོད།།
སྤྱིར་གནམ་དང་ས་ལ་རིགས་པ་རྒྱུ་མཚན་ལྟར་སྣང་བས་སྐྱབས་བཅོལ་བའི་ཆོས་ལུགས་བྱུང་བའི་དུས་ཚོད་ནི་དེ་ཙམ་སྔ་བོ་ཞིག་མིན་སྣང་འཆར། རྒྱུ་མཚན་ནི། དུས་མཚམས་དེ་འདྲ་ནི་འཇིག་རྟེན་བྱེད་པོ་ཁས་ལེན་པའི་འཛམ་གླིང་གི་ཆོས་ལུགས་གྲགས་པ་ཅན་ཧིན་རྡི་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས་དང་། ཁ་ཆེ་ཆོས་ལུགས་གསུམ་དང་འདྲ་མཚུངས་ཀྱི་ཆོས་ལུགས་འདྲ་མིན་སྔ་རྗེས་སུ་བྱུང་བའི་དུམ་མཚམས་དེ་འདྲ་རེད། འདིའི་ཁོངས་སུ་རང་རེའི་འཁྱར་བོན་དང་བརྡོལ་བོན་གཉིས་ཀྱང་གཏོགས་པ་ཡིན། འདི་དག་ལ་དུས་ཀྱི་བར་ཁྱད་ཀྱང་དེ་ཙམ་ཆེན་པོ་རྒྱུག་མེད། གདོད་མ་ཡ་ཐོག་གི་ཆོས་ལུགས་དང་མ་འདྲ་བ་རིགས་པ་ལྟར་སྣང་དང་རིགས་པ་ཕྱོགས་མཚུངས་པའི་སོན་འབུས་ཤིང་མགོ་བརྩམས་པ་རེད།
སྟོན་པ་གཤེན་རབས་མི་བོ་ཆེ་ཞུ་བ་ཁོང་གི་བྱོན་ལོ་ཅི་ཙམ་སྔ་ནའང་སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་དགུ་བརྒྱའི་གོང་ཟེར་བ་ནི་ཕ་རིའི་ལ་བགོས། འོན་ཀྱང་། ནང་བའི་སྟོན་པ་སངས་རྒྱས་( ཕྱི་ལོ་སྔོན་623••••545)དང་། ཁོང་དང་དུས་རགས་པ་མཉམ་པའི་རྒྱ་ནག་གི་མི་ཆོས་སྟོན་པ་ཁུང་ཙི་(ཕྱི་ལོ་སྔོན 551••••479)དང་། ཁོང་དག་དུས་ཚིགས་རགས་པ་མཉམ་པ་བགྱིས་ན་འོས་ཤིང་འཚམས་པ་ཞིག་ཡིན། འཛམ་གླིང་འདིར་དུས་མཚམས་རེར་སྐྱེས་ཆེན་ཉི་མ་འདྲ་བ་དག་འཆར་ནའང་དུས་མཚུངས་སུ་འཆར་བ་དང་། བདུད་གསོན་པོ་སྔོན་གྱི་འཇར་མན་གྱི་ཞི་ཐེ་ལི (ཕྱི་ལོ་1889•••1945)དང་། དེང་གི་ཨུ་རུ་སིའི་སི་ཏ་ལེན། (1878••••1953) དེ་དང་དེ་འདྲ་བ་ད་དུང་གཅིག་ཡོད་འགྲོ། མི་སྲོག་འབུམ་ཕྲག་མང་པོའི་གཤེད་མར་གྱུར་བ་དག་ཀྱང་དུས་བཏབ་པ་ནང་བཞིན་དུས་གཅིག་ལ་ཐོན་པ་དེ་འདྲ་འཛམ་གླིང་གི་ལོ་རྒྱུས་བྱུང་རབས་ནས་ཡང་དང་ཡང་དུ་མཇལ་ཐུབ། རྒྱ་ནག་མཁས་པ་ཟི་མ་ཆན་དང་། རྒྱ་གར་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་། ཡེ་ཤུ་སྟོན་པ་ཡེ་ཤུ་མ་ཤཱི་ཀ་རྣམས་ཀྱང་དུས་རགས་པ་མཉམ། ད་དུང་རྒྱ་ནག་གི་སློབ་དཔོན་མིང་ཙི་དང་སྙན་ངག་པ་འཆུ་ཡོན། ཞི་ལའི་རྒྱལ་བོ་ཡ་ལིས་ཧྲན་ཏ། རྒྱལ་བོ་མྱ་ངན་མེད་རྣམས་ཀྱང་དུས་མཉམ། རང་རེའི་༧སྐྱབས་མགོན་རིན་པོ་ཆེ་དང་། རྒྱ་གར་གྱི་བདག་ཉིད་ཆེན་པོ་མ་ཧཱ་མ་གྷན་རྡི་དང། ལྷོ་ཨ་ཧྥེ་རི་ཀའི་སྲིད་འཛིན་ཞིང་གཤེགས་ནན་སན་མན་རྡི་ལ་དང་། ཨ་རིའི་མི་རིགས་ནག་པོ་མ་ཐིན་ལོ་དཱ་ཁན་རྣམས་ཀྱང་དུས་མཉམ་པའི་ཡ་མཚར་དངོས་བྱུང་འདྲ་བ་མང་ངོ་།།
བར་ལམ་ཞིག་ལ་བན་བོན་གཉིས་ཀྱི་འགལ་འདུ་ནི། མི་རིགས་གཅིག་ནང་ཁོངས་ཀྱི་ཆོས་ལུགས་གཉིས་ཀྱི་གནས་ཚད་ལ་མ་བསྡད་པར། རྒྱལ་ཁབ་དང་མི་རིགས་མི་འདྲ་བ་གཉིས་ཕན་ཚུན་གདོང་ཐུག་རྒྱག་པ་ནང་བཞིན་བྱེད་པ་ནི། རྒ་པ་རྒོད་པོ་འགའ་བྱིས་པའི་རྩེ་རར་བསྡད་པ་འདྲ་བ་དགོད་བྲོ་བ་དང་ཞེ་མུག་པའི་གནས་སོ།། བོན་གྱི་ཆོས་ཁུངས་དེའང་ཞང་ཞུང་ལ་གཏུགས་ཀྱིན་ཡོད་ན། ཡར་ལུང་ཁོག་གི་བོད་ཁ་གཡའ་དྲུག་ཚང་ལ་བན་བོན་ལ་མ་ལྟོས་པར་གཉིས་ཀ་གང་ཡིན་ཡང་། ཕྱི་ནས་བཙན་འཛུལ་དང་སིམ་འཛུལ་ཐེབས་པའམ་ནང་འདྲེན་བགྱིས་པ་གང་རུང་ལས་མ་འདས་སོ། གནམ་རི་སྲོང་བཙན་ཕ་བུ་གཉིས་ནས་བཟུང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མངའ་ཁོངས་རྒྱ་བསྐྱེད་དུ་ཁྱིམ་མཚེས་རྒྱལ་ཁབ་དག་དང་། ཐ་ན་གྲངས་ཉུང་མི་རིགས་མང་པོར་བཙན་འཛུལ་གྱིས་བཙན་རྒྱལ་རིང་ལུགས་པའི་བྱ་སྤྱོད་ཀྱང་སྤེལ་མྱོང་ཡོད། དེ་ན་སྲོང་བཙན་སྒམ་པོ་ནས་བཙན་པོ་འུ་དུམ་བཙན་གྱི་བར་བོད་ཆོལ་ག་གསུམ་གཅིག་སྒྲིལ་གྱི་ནུས་པ་སྤུངས་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་གི་སྐད་གྲགས་ཆོད་པ་དེས། གཉའ་ཁྲི་བཙན་པོ་ནས་བཟུང་བོད་ཁ་གཡའ་དྲུག་ཚང་གིས་མི་ལོ་དགུ་བརྒྱ་དང་བདུན་ཅུ་( ༩༧༠ )མ་ལོངས་ཙམ་ལ་བོད་ཁམས་དབང་བསྒྱུར་བའི་མཚན་གནས་ཐོབ་ཅིང་། བོད་ཅེས་པའི་གཅིག་གྱུར་གྱི་མི་རིགས་དང་རྒྱལ་ཁབ་ཅིག་གྲུབ་པ་དེ་རིང་ལ་ཐུག་པའི་བར་ཡིན། དབང་བསྒྱུར་དེ་ཡང་གཞན་དབང་སྟབས་བསྟུན་ཙམ་མ་ཡིན་པའི་ས་ཁོངས་སྐད་ཡིག་དང་། བསམ་བློ་འདུ་ཤེས་དང་བཅས་པའི་དབང་བསྒྱུར་ཆ་ཚང་ཞིག་རེད།
དེ་འདྲའི་གནའ་བོའི་བོད་ཀྱི་ལོ་རྒྱུས་ལ་རྩད་གཅོད་དང་རྟོག་ཞིབ་ཡོང་བ་ལ་བོད་ལ་མཚོན་ན་བན་ལས་བོན་ལ་རེ་བ་བརྒྱག་དགོས་པ་ཞིག་མི་འགྲོར་བསམས། དེ་ཡང་གནའ་ལོ་ཁྲི་ཕྲག་གི་སྐད་བརྒྱབ་སྟེ། ཡིག་ཐོག་གི་ལོ་རྒྱུས་གནམ་འོག་གི་མི་ལོ་ལྔ་སྟོང་ཞེས་པའི་རྒྱ་ནག་རྒྱལ་ཁབ་ཆེན་པོ་དང་། ནུབ་ཕྱོགས་ཞི་ལའམ་རོམ་རྒྱལ་ཁམས་ཆེན་པོ་དང་བརྒལ་བའི་འགྲན་སློང་བ་ནི། མེ་འཁྱེར་ཉི་མའི་ཉེ་སར་བཏུབ་པ་འདྲ་བ་ཁུངས་མེད་རྫུན་རྐྱལ་ཏུ་འགྲོ་བའི་ཉེན་འདུག་པས་གཟབ་དགོས། ད་དུང་འཛམ་གླིང་ལ་ཅི་ཡོད་ཞང་ཞུང་ལ་ཐུག་ཡོད་ཡོད་འདྲ་བ་དང་། བན་ལ་འདྲ་བཀབ་དཔེ་བཤུས་ལྟ་བུ་བརྒྱབ་སྟེ། བན་ལ་ཅི་ཡོད་ངེས་པར་བོན་ལ་མེད་མི་ཆོག་པའི་ཁྲིམས་བཞག་ལྟ་བུ་དང་། དེ་ཡང་བན་ལས་གྲངས་དང་སྤུས་ཚད་ལྡབ་འགྱུར་ཡིན་པ། དཔེར་ན། བཀའ་ལ་ཉིས་འགྱུར་དང་བསྟན་བཅོས་ལ་སུམ་འགྱུར། བོན་གྱི་<<སུམ་རྟགས་>> དང་བོན་གྱི་<<སྙན་ངག་མེ་ལོང་>>སོགས་བན་ལ་འགྲན་སློང་བའི་གསུང་སྟངས་དང་། དེ་ཉིད་བྲིས་པའི་ལུགས་སུ་བྱེད་པ་དག་ནི་རྨོངས་པ་ངོ་མཚར་བསྐྱེད་པ་ཙམ་དུ་ཟད་དོ།། ད་དུང་དཔེར་ན་བོད་ཀྱི་ཡི་གེ་དང་གསོ་བྱེད་གཞུང་ལུགས་སོགས་བོད་ལ་རྒྱན་དང་དགེ་གང་ཡོད་ཐམས་ཅད་དེ། སྟོན་པ་གཤེན་རབས་ཕ་བུ་གཉིས་ཁོ་ན་ལ་ལྟོས་ཤིང་བརྟེན་པ་ལྟ་བུ་སྟོན་པ་ཁོང་ཉིད་འཇིག་རྟེན་བྱེད་པོ་ལྟ་བུར་བཟོས་འདུག་པ་དེ་ནི། བསྟོད་སྟངས་ཐལ་ན་དམའ་འབེབ་ཅེས་པའི་དཔེ་དེ་ཁོ་ནའོ། དེང་སང་དེའི་སྟེང་སློབ་དཔོན་ཐོན་མི་ཡང་མི་ཞིག་ཡིན་མིན་གྱི་དོགས་པ་སློང་མཁན་མཆིས་པ་དང་། གཡུ་ཐོག་རྙིང་མ་ཞེས་པ་བློ་བཟོ་རྟོག་འཆར་ཁྲོད་འཕེན་པ་བཅས་དངོས་ཡོད་ལ་བསྙོན་འདིངས་པའི་གཏམ་སྤྱོད་དག་ནི། ཕ་བསད་པ་ལ་རྒྱལ་རྔ་རྡུང་བའི་དཔེ་གསོན་པོ་ཤིན་ཏུ་བློ་ཕམ་པའི་གནས་སོ།། འདི་འདྲ་བ་དག་ནི་སྔོན་ནས་ནུབ་ཕྱོགས་ཡུལ་ལུང་ཁག་ཏུ་ཁྱི་བཞིན་ཉུལ་བའི་རྒ་རྒས་ལ་ལས་བྱེད་ཉེས་ཡིན། སྟོན་པ་སངས་རྒྱས་དང་གཤེན་རབ་མི་བོ་རྣམ་པ་གཉིས་ནི་གཞན་མི་གལ་དང་འགག་ལ་རང་སོ་སོར། ཕ་ལ་བུ་དང་སྟག་ལ་མཆེ་བའི་དཔེ་བཞིན་བདག་པོ་རང་རེ་ལས་མ་མང་ན་མ་ཉུང་བ་ཡིན་ན། རང་རེ་ནང་ཕན་ཚུན་དེ་ཙམ་གྱི་གནད་མི་ཐེག་པའི་མདུང་རྩེ་ཁ་སྤྲོད་དགོས་གལ་ཨེ་མཆིས་ན། ཞང་ཞུང་ཟེར་ན་ལ་ཕར་རྒྱབ་ཞིག་དང་བོད་ཁ་གཡའ་དྲུག་ཟེར་ན་ཁྱིམ་རྒྱུད་རྙིང་ཧྲུལ་ཞིག་རེད། དེ་བས་བོད་སྤྱི་བ་ལ་བསམ་གཞིག་ཡོད་པའི་གཏམ་སྤྱོད་རེ་སྤེལ་ན་ནི་དེ་ལས་དགེ་མཚན་ཆེ་བ་མི་འདུག་གམ་སྙམ་མོ།།
བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལ་གནའ་བོའི་དུས་སུ་ཆབ་སྲིད་སྒྲུང་བོན་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པ་དེ་ལ་གོ་རྒྱུ་ཆེན་པོ་དང་། བོན་གྱི་རིང་ལ་བོད་ཡང་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་འདུག་བསམ་པ་ཡོད། འདིའི་སྒྲུང་ནི་མ་སངས་གི་སྒྲུང་དང་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་ཙམ་མིན་པར། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས་ཞེས་པ་ལྟ་བུ་རང་གཞན་རོགས་གསུམ་དང་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་རྩ་འཛིན་བགྱིས་ཤིང་ཉམས་མྱོང་སྤུངས་ཏེ། རྒྱལ་དོན་གཞུང་སྲིད་གཏན་ལ་ཕབས་ཤིང་དེ་ལུགས་སྐྱོང་ཐབས་སྐྱོང་ལུགས་དེ་འདྲ་བ་མི་འགྲོ། བོན་ཞེས་པའང་གནམ་ལྷ་མཆོད་པ་དང་ས་འདྲེ་བརྡུང་བ། མོ་ལུང་རྩིས་གསུམ་གྱི་ཨ་མཆོད་ཙམ་མ་ཡིན་པ། བོན་ཆོས་ཀྱི་རྩ་བའི་དགོངས་དོན་ངོ་མ་དེ་དེང་སང་ཤེས་རྟོགས་དཀའ་བས་མ་གཏོགས། བོན་ལུགས་ཀྱི་ལྷ་ཆོས་དེ་མི་ཆོས་ཀྱི་རྩ་བ་བྱས་པའི་བོན་ཆོས་ཀྱིས་སྲིད་ལ་རམ་འདེགས་ཀྱི་ནུས་པ་འདོན་ཚུལ་ཏེ། སྲོང་བཙན་སྒམ་པོས་ནང་ཆོས་ལ་བརྟེན་པའི་ལྷ་ཆོས་མི་ཆོས་གཏན་ལ་ཕབས་པ་ལྟ་བུ་ཁྲིམས་ལུགས་དབང་འཛིན་དང་འབྲེལ་བ་དང་། ལྡེའུ་ཡང་ཐེམ་གཉེར་ཝ་བ་ཆེ་ཅི་ཁེད་ལྟ་བུ་ཙམ་མ་ཡིན་པ། རྟགས་དང་མཚན་མ་རྫས་གསུམ་དང་། ལྡེམ་དགོངས་ཀྱི་འཕྲིན་སྐད་ཆ་དང་འབྲེལ་བར་གཙོ་བོ་གསང་འཕྲིན་དང་། དེ་ནས་གསང་ཉུལ་དམག་དོན་དང་འབྲེལ་བས་རྒྱལ་སྲུང་ཕྱི་འབྲེལ་དང་འབྲེལ་བ་ཆེན་པོ་ཡོད་སྙམ་། དཔེར་ན། ཁྲི་སྲོང་བཙན་གྱི་སྲུང་མོ་སད་མ་གར་གྱིས་རང་གི་མིང་བོ་ལ་ཞང་ཞུང་དབང་སྒྱུར་གྱི་འཕྲིན་སྤྲིངས་པ་དེ་འདྲ་བཅས་དངོས་ཤུགས་བརྒྱུད་གསུམ་གྱི་དོན་སྟོན་པ་དང་ཧ་གོ་རྒྱུ་མང་པོ་འདུག འདི་མཚོན་པ་ཙམ་ཡིན། ཞིབ་ཅིང་ཕྲ་བ་ཤེས་ཀི་མེད་ཅིང་ཡིག་ཚོགས་ལ་འཇིགས་པས་ཀྱང་འབྲི་མ་ནུས།
དེ་འདྲ་བ་བོན་ལ་དགེ་དང་རྒྱན་ཅི་མཆིས་པ་དེ་རང་རེའི་ཕ་མེས་ཡང་མེས་རྣམས་ལ་གཏོགས་ཀི་ཡོད་ཅིང་། ཕ་མེས་ཡང་རབས་ཀྱི་བློ་གྲོས་ཀྱི་རྩལ་དང་དཔའ་སྙིང་བློ་ཁོག་གི་གནས་སྟངས་ཇི་ལྟ་བ་དེ་ལྟ་བུར་འཆད་མཁན་ཞིག་ཡོད་ན། དེ་ནི་གཞན་གྱིས་མ་ལྷད་རང་གིས་མ་བསྲེས་པའི་བོན་གྱི་ལྟ་སྤྱོད་དང་ཆོས་འབྱུང་བསྟན་རྩིས་དག་ཡིན་པ་གཡོལ་ཐབས་མེད་དོ།། ཡིན་ནའང་། ཤིན་ཏུ་ཕངས་པ་ཞིག་ལ་ཐུའུ་བཀྭན་ཆོས་ཉི་ནས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར།། ཅེས་གསུངས་པ་མིན་ནམ། བོན་རང་གི་ཐུན་མོང་མ་ཡིན་པའི་རང་རྐང་མ་ཤོར་བ་དང་། ངོ་བོ་མ་ཉམས་པའི་རྒྱལ་རབས་ལོ་རྒྱུས་དང་། བཀའ་བསྟན་གཞུང་ལུགས་དེ་འདྲ་ལྟ་རྟོག་ཨེ་ཐུབ་ཀྱི་རེ་བ་བརྒྱབ་པ་ཡིན། རང་རེའི་ཕ་མེས་ནས་གཤིབ་འདྲིས་རིང་བའི་གདོད་མའི་ཕ་ཆོས་མ་ཆོས་ཁྲོད་ནས་རང་རེ་མཐོང་མ་ཐུབ་པ་ཡིན་ན། བན་ལ་འདིའི་ཐད་འགན་ཁག་ཅི་ཡང་མ་མཆིས་པ་དེ་རེད། བན་ནི་གྲི་གུམ་བཙན་པོའི་རིང་དབུ་བརྙེས་ཙམ་དང་། ལྷ་ཐོ་ཐོ་རིང་དར་བ་ནས་སྲོང་བཙན་སྐབས་རྒྱ་ཆེར་སྤེལ་བ་དང་། ཁྲི་སྲོང་ལྡེ་བཙན་རིང་བསྟན་པ་ཡོངས་སུ་ཆ་ཚང་བ་དར་བའི་རྩེ་མོར་སོན་པ་དེ་མིན་ནམ་སྙམ། གྲི་གུམ་དུས་ནི་ནང་བསྟན་ཕྱོགས་མཐར་སྤེལ་བའི་དུས་ལ་ཁེལ་བ་དང་བཙན་པོ་བོན་ལ་སྡང་བས་བཀྲོངས་པའི་རྒྱུ་མཚན་ཀྱང་དེ་རེད། (1)དེ་ནི་བན་ལ་བོན་གྱིས་ཕམ་ཁ་བྱིན་པ་དང་པོ་ཡིན། ལྷ་ཐོ་ཐོ་རིའི་དུས་མཚམས་དེ་ནི་རྒྱ་གར་གྱི་པཎྚྀཏ་ཀུ་མཱ་ར་ཤྲཱི་དང་། རྒྱ་ནག་ལོ་ཙཱ་བ་ཧ་ཤང་ཧྥ་ཤན་དང་། ད་དུང་ལི་ཡུལ་གྱི་པཎྚྀཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེ་རྣམས་ཀྱིས་མཚོན་པའི་པཎྚྀཏ་དང་ལོ་ཙཱ་བ་རྣམས་རྒྱུ་འགྲུལ་རྒོད་པའི་སྒང་་ཡིན་ལ། གཉན་པོ་གསང་བའི་ལྷ་ཁང་བཞེངས་ཤིང་དེ་ལ་མཆོད་བཀུར་གྱི་དྲིལ་སྒྲོག་པ་དང་། བཙན་པོ་ཉིད་སྐུ་ཚེ་ཡང་རིང་པོར་བཞུགས་གསུང་བ་ནི། བསྟན་པའི་དབུ་བརྙེས་པ་ཙམ་མ་ཡིན་པའི་དར་སྤེལ་གྱི་ངོ་བོ་དང་རང་བཞིན་མངོན་ཡོད། ཡིན་ནའང་། བོན་པོ་རྣམས་གནམ་ལ་དགའ་བས་གཉན་པོ་གསང་བར་བཏགས་དགོས་བྱུང་ཡོད། (2)དེ་ནི་བན་ཕམ་ཉེས་སོང་པ་གཉིས་པ་ཡིན། སྲོང་བཙན་གྱིས་སྲོག་ཉེན་ལ་མ་འཛེམ་པར་ནང་ཆོས་རྒྱ་ཆེར་སྤེལ་བ་ནི་བཙན་པོས་ནང་ཆོས་ལ་རྒྱུས་མངའ་ལོན་པའི་རང་རྟགས་མངོན་ཡོད། ཡང་བཙན་པོ་བོན་ལ་སྡང་བས་དགུང་ལོ་སུམ་ཅུ་སོ་ལྔ་ཙམ་ལས་མ་བཞུགས་པ་བདེན་ན། (3)འདི་ནི་བོན་གྱིས་བན་ལ་ཕམ་ཁ་བྱིན་པ་གསུམ་པ་ཡིན།
སྲོང་བཙན་ནས་མངའ་བདག་འཕྲུལ་རལ་བར་གྱི་དུས་སྐབས་ནི་ཆེན་པོ་བོད་དེ་སྲིད་འབྱོར་རིག་གསུམ་གང་ས་ནི། ཡར་ནས་ཡར་ཏུ་འཕེལ་ཁ་དྲང་བའི་ལམ་ལ་ཞུགས་འདུག་པ་དང་། སུམ་གཉིས་ས་ལ་དབང་བསྒྱུར་བའི་དམག་ཆེན་བསྐྱོད་ཅིང་དོན་འཁྱོངས་ཀྱང་བྱུང་ཡོད། དེ་མཚུངས་ནང་གཡུང་ལ་ཕབས་ཤིང་བདེ་ལ་བཀོད་ཅིང་། ཁྱད་པར་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་བཙན་པོ་ན་རིམ་གྱིས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་དང་། ཆོས་ལུགས་འདྲ་མིན་འཆམ་མཐུན་མཉམ་གནས་ཀྱི་མཛད་ཕྱོགས་རྒྱ་གར་ལུང་བ་ཇི་ལྟ་བ་དེ་ལྟ་བུའི་དཔེ་བཟང་མངོན་དང་མངོན་འཆར་ཡོད། ཡིན་ནའང་། བོན་དང་བོན་ཕྱོགས་པས་གླགས་བཙལ་ཞིང་སྐབས་འཚོལ་བས་ལམ་མ་བྱིན་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་བོན་གྱིས་ཕམ་ཁ་ཉོས་པ་དེ་ཡིན། དེ་ནི་ཁྲི་སྲོང་ལྡེ་བཙན་དུས་སྐབས་རེད། སྐབས་དེར་བོད་རྒྱལ་ཁབ་ཆེན་པོར་ཆོས་ཕྱོགས་ཀྱི་སྐུ་མགྲོན་ཆེན་པོ་གཉིས་ཤིག་བཞུགས་པ་དེ་གཉིས་བཞུགས་བཟོ་མ་བདེ་བར་བགྱིས་པའི་གུས་མེད་དང་། བསམ་ཡས་གཙུག་ལག་ཁང་ཉིན་མོ་མིས་བཞེངས་པ་མཚན་མོ་འདྲེས་བཤིགས་པར་བསྙད་པའི་རྩུབ་སྤྱོད་དང་། རྒྱལ་བློན་བར་ལ་ཕྲ་མ་དང་འབངས་སེམས་བར་ལ་འཁྲུག་པ་སློང་བའི་སྤྱོད་ངན་བཅས་བྱ་བྱེད་རབས་དང་རིམ་པ་མང་པོ་ཞིག་གིས། སྤྲང་བོའི་དབྱུག་པ་སྤྲང་བོའི་མགོ་གཅོག་གི་དཔེ་ལ་སོང་བ་སྟེ། འདི་བཙན་པོ་ཚང་ལ་མཚོན་ན་མི་རང་བསྡད་མགོ་ལ་བཙན་གཉའ་འཇོག་གི་དགོངས་པ་ཁྲོས་ནས་མཐར་ཡུལ་ནས་འབུད་པའི་དགོངས་པ་འཁྲུངས་པ་རེད། ལ་ལས་བཙན་པོ་ཚང་གི་འགུལ་སྤྱོད་འདི་ཡང་རིག་གསར་ལྟ་བུ་བཙན་གཉའ་འཇོག་གི་འགྲེལ་བ་ཡང་འགྲེལ་འགྲེལ་ཆེན་ལུགས་སུ་རེ་ཟུང་འབར་བཞིན་པ་གོ་ཐོས་ཡོད་མོད། གྲི་རང་ལ་འཛུགས་ན་ཐེ་ཚོམ་ཞིག་ཅེས་པའི་དཔེ་བཞིན་རིག་གསར་འདྲ་བ་དེ་འདྲའི་ཞེ་བརྣག་པ་ཞིག་ཨེ་ཡིན་ནམ། འདས་སོང་གི་ལོ་རྒྱུས་ལ་མཁས་ངོམ་དང་ཞེན་ཕྱོགས་ཀྱིས་མ་འཁྱེར་བའི་མིག་གིས་ལྟ་བ་ཡིན་ན་ཀུན་ལ་དབང་བའི་ལམ་ཞིག་སྟོན་ཐུབ་བོ།།
གནའ་དེང་ཀུན་ལའང་རིག་པ་གསར་བ་དང་ལྟ་སྤྱོད་མ་འདྲ་བ་ཐོན་ཡོང་བ་ལ། དེར་འགོག་རྒོལ་དང་རྡུང་རྡེག་ཐེབས་རྒྱུ་ནི་ཆོས་ཉིད་དང་ལམ་སྲོལ་ལྟ་བུ་ཞིག་ཆགས་བསྡད་ཡོད། དེ་ན་བཙན་པོ་ཚང་གིས་ཕ་མེས་ཡང་མེས་ཀྱི་ལམ་དང་ལུགས་སྲོལ་དེ་གཡས་བསྒྱུར་གཡོན་བསྒྱུར་གྱིས། རྒྱལ་ཁབ་ཀྱི་རྩ་བའི་ཆོས་ཀྱི་ཐོབ་དབང་དེ་བན་ལ་སྟེར་ཆས་ལ། ས་སྐྱེས་རྡོ་སྐྱེས་ཀྱི་ལྟ་སྤྱོད་ཀྱིས་གནད་མ་ཐེག་པས་བོན་ལའང་ཐུགས་ཁག་མི་འདུག་པའི་ངོས་ལེན་བན་ལ་ངེས་པར་ཡོད་དགོས། བན་གྱིས་ཀྱང་རང་ཉིད་ཀྱི་ལྟ་སྤྱོད་དེ་སྤེལ་བའི་དུས་ཚོད་སྨིན་ཡོད་མེད་ལ་མ་ལྟོས་པར། རྒྱ་སྐྱེད་དང་དར་སྤེལ། སིམ་འཛུལ་བཅས་ཀྱི་ལས་ལ་འཇུག་ངེས་པ་བོན་དང་འདྲ་བར་བོན་སྟོན་རྣམས་ཀྱིས་རང་དཔེ་གཞན་འགེབས་ཀྱིས་ངོས་འཛིན་ཀུ་ཡངས་སྟེར་དགོས་པ་མིན་འགྲོ། དེ་ཡང་དུས་རབས་གསར་བར་བཏགས་པའི་དེང་གི་འཛམ་གླིང་ལ་ལྟ་བ་ཡིན་ནའང་། ལྟ་སྤྱོད་གསར་རྙིང་དང་ཆོས་ལུགས་འདྲ་མིན་བར་དཀའ་རྙོག་དང་ཕན་ཚུན་རྡུང་རྡེག་གཏོང་རེས་ཇི་འདྲ་བྱེད་བཞིན་འདུག མིག་ཆེན་གྱིས་གཟུགས་ཆེན་ལ་ལྟ་བ་ནང་བཞིན་མ་ཡིན་ནམ། རང་རེ་ལམ་ཁ་འདི་བརྒྱུད་མྱོང་བ་དང་བསླབ་བྱ་འདི་ཐོབ་ཟིན་པ་ཡིན་དུས། ད་ནས་བཟུང་སྐེ་ལ་གྲི་བཞག་པ་དང་སེམས་ལ་གདོན་ཞུགས་པ་མིན་ན། ཆོས་བརྒྱུད་གྲུབ་མཐའ་ཐམས་ཅད། ས་སྟེང་བསྟན་པ་ཡོངས་རྫོགས་དཀར་པོ་ཡུག་གཅིག་ཏུ་གནས་ཤིང་དར་ཐབས་ལ། ཀུན་གྱིས་ཐུགས་སྨོན་དང་ལག་ལེན་གཉིས་ལྡན་ཞིག་སྐུ་མཁྱེན་གསུང་མཁྱེན་ཞུ་བ་མིན་ན་དཀར་པོ་དགེ་ཕྱོགས་དེ། དེ་འདྲ་ནི་ད་གཟོད་བླ་མའི་བརྟན་བཞུགས་དང་ཞབས་བརྟན་ཡིན་ཞིང་། གང་སུས་ཀྱང་གླགས་མི་རྙེད་པའི་ཁྲོ་ལྕགས་ཀྱི་ཕ་བོང་རི་མགོ་འདྲ་བའང་དེ་ཡིན་ནོ།།
༢༠༡༦ /༧ /༧ ཉིན།