མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་དེབ་ཕྲེང་ཁག་བཀླགས་རྗེས་ཀྱི་འཆར་སྣང་།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དང་པོ། ངོ་སྤྲོད།

༄༅།། སྤྱིར་<<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་དེབ་ཕྲེང་ཁག་རྩོམ་པ་པོ་རེ་མདོ་སེང་གེ་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་ཀུན་ལ་དོ་སྣང་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ཁོང་གི་རྩོམ་ཡིག་ཡོངས་རྫོགས་ལ་ཡོད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ནི། སྤྱི་ཚོགས་དང་མི་རིགས་ལ་ངེས་པར་མཁོ་བའི་བརྗོད་གཞི་འདེམས་གསེས་ཀྱིས་བྲིས་པ་ལས། ལག་པར་གང་ཐོགས་ལྟ་བུས་རྩོམ་ཡིག་གི་ཆེད་དུ་རྩོམ་ཡིག་བྲིས་པའི་ངང་ཚུལ་གཏན་ནས་མེད།

གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དེབ་ཕྲེང་འདི་དག་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་ནས་ཐུགས་རེ་གནང་བ་ལྟར། ད་ལྟའི་བོད་ཕྱི་ནང་གི་སློབ་གྲྭ་ཁག་གི་སློབ་གསོའི་དགོས་མཁོར་དམིགས་པ་ཞིག་ཡིན་འདུག་པ་ནི། ཤེས་རིག་ལྷན་ཁང་གིས་ཡིག་ངག་གཉིས་ཐོག་ནས་གསལ་འདོན་གནང་འདུག་པར་མ་ཟད། རྩོམ་པ་པོས་དེབ་ཀྱི་སྔོན་གླེང་དུ་གསལ་ཞིང་གསལ་བར་བྲིས་འདུག་པ་ལྟར་ལགས། དེབ་ཕྲེང་འདི་དག་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༩ ཚེས་ ༡༦ ཉིན་ཤེས་རིག་བཀའ་བློན་མཆོག་གིས་དབུས་པའི་མི་སྣ་འདྲ་མིན་བརྒྱ་ཕྲག་བཞི་མ་ཟིན་ཙམ་འཛོམས་པའི་མཛད་སྒོའི་ཐོག་དབུ་འབྱེད་ཞུས་འདུག་ཅིང་། བར་ལམ་གསར་འགྱུར་བརྒྱུད་ལམ་མང་པོར་དེབ་ཕྲེང་འདི་དག་གི་སྐོར་གླེང་སློང་བྱུང་སོང་ཡང་། མི་སྣ་ངོ་སྤྲོད་ལྟ་བུའི་རྩོམ་ཐུང་ཕྱོགས་བསྒྲིགས་ཀྱི་དེབ་ཕྲེང་རེ་ཡིན་ངེས་སྙམ་ནས་ལྟ་ཀློག་མ་ཐུབ། འོན་ཀྱང་བོད་ཀྱི་ལོ་ཙཱ་བ་དང་ན་གཞོན་ཞིབ་འཇུག་པ་ཆུང་ཚེ་རིང་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ཏུ། དེབ་ཕྲེང་འདི་དག་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་པའི་རྩོམ་ཐུང་ཞིག་མཐོང་བའི་ནང། “དཔེ་དེབ་འདི་དག་གི་ཚིག་སྦྱོར་སྙན་ཞིང་གོ་བདེ། བརྗོད་བྱ་ནི་བོད་ཀྱི་ལོ་རྒྱུས་ཐོག་དངོས་སུ་བྱོན་པའི་མི་སྣ་མིག་དཔེར་འོས་པ་ཐོན་མི་སམ་བྷོ་ཊ་དང་། མི་ལ་རས་པ། ཐང་སྟོང་རྒྱལ་པོ། རྒན་ལམ་རིམ་པ་སོགས་ཀྱི་མཛད་པ་ཡིད་དབང་མེད་དུ་འཕྲོག་དགོས་པ་རྣམས་རེད། རྗོད་ཚུལ་ནི། གོ་དཀའི་ཐ་སྙད་དང་རྒྱན་གྱི་སྤྲོས་པ་མེད་པར་ཤིན་ཏུ་གོ་བདེ་བ། ཞིབ་ཆ་དགོས་ས་ཞིབ་འབྲི་བྱས་པས་མི་སྣའི་གཟུགས་བརྙན་ཡང་ཡིད་ལ་འཆར་འོང་བ་ཞིག་འདུག་”ཅེས་བཀོད་འདུག་པར་བརྟེན། བར་ལམ་དུས་ཚོད་སྟོང་པའི་བར་གསེང་དུ་ཆེད་དུ་དོན་གཉེར་གྱིས་དེབ་ཕྲེང་འདི་ཚོ་ཞིབ་ཏུ་བཀླགས་པ་ཡིན་ལ། འདི་དག་བཀླགས་པའི་འཆར་སྣང་དང་དཔེ་ཐོ་གནད་བསྡུས་ཤིག་ཡིག་ལམ་དུ་འགོད་འདོད་བྱུང་།

གཉིས་པ། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་སྙིང་དོན།

ཕྲན་གྱིས་འདིར་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ཀྱི་ནང་དོན་དང་། རྩོམ་ཐབས། ཚིག་བརྗོད། སློབ་གསོའི་སྙིང་དོན་བཅས་ཀྱི་ཟུར་ཙམ་ངོ་སྤྲོད་ཀྱི་ཚུལ་དུ་གླེང་འདོད་པ་ཡིན་པས། དེབ་ཕྲེང་འདི་དག་གི་ནང་དོན་ནི། རྩོམ་པ་པོས་དེབ་ཀྱི་སྔོན་གླེང་དུ་བཀོད་པ་ལྟར། རྟོག་པ་འཆར་ཡན་གྱི་ཀློང་ནས་མི་སྣ་བྱེ་བྲག་པ་ཞིག་པིར་རྩེའི་མཛེས་བཟོའི་བཀོད་བཞེངས་བྱས་པ་ཙམ་མ་ཡིན་པར། སྔོན་བྱོན་དམ་པ་བཅུ་ཕྲག་འགའ་ཤས་འདེམས་བསྒྲིགས་ཀྱིས་ཁོང་རྣམ་པའི་ཡ་རབས་ཚུལ་མཐུན་གྱི་ཀུན་སྤྱོད་དང་མི་གཤིས། ཤེས་ཡོན་དོན་དུ་གཉེར་བའི་དམིགས་རྒྱང་བཅས་མི་གཞི་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཞིབ་འབྲི་གནང་འདུག་ཅིང་། དེ་ཡང་ཆོས་དད་པའི་དག་སྣང་གི་མཐོང་ཚུལ་ཙམ་དབང་བཙན་པར་མ་བྱས་པར། དེ་དག་ཤེས་རབ་དོན་དུ་གཉེར་བའི་སྐྱེས་བུ་ཞིག་དང་། རང་ཉིད་ཀྱི་མ་དག་པའི་སེམས་ཚོར་དང་འདུ་ཤེས་མཐོར་འདེགས་དང་བཅོས་སྒྱུར། ཀུན་སྤྱོད་འདུལ་སྦྱོང་བྱེད་པའི་ཚད་ལྡན་གྱི་སློབ་སྦྱོང་པ་ཞིག་ཡིན་པའི་གནས་བབ་ཀྱི་ཐོག་ནས་གླེང་འདུག་པ་དང་། མི་ཞིག་ཡིན་ཕྱིན་སྤྱི་མཚུངས་ལྟར་ཐམས་ཅད་རང་གི་འདོད་པ་ནང་བཞིན་འབྱུང་མི་ཐུབ་པས། མི་ཚེའི་ཡར་རྒྱས་ཀྱི་བརྒྱུད་རིམ་ནང་འགོག་རྐྱེན་མང་པོར་འཕྲད་ངེས་པར་མ་ཟད། དཀའ་ཁག་མང་པོ་ལ་གདོང་ལེན་བྱ་དགོས་པ་ནི་མི་སྤྱི་ཡོངས་ཀྱི་མི་ཚེའི་ཆོས་ཉིད་ཡིན་པའི་གནས་ལུགས་གཞི་ལ་བཞག་སྟེ། ཐོག་མའི་མི་ཚེའི་འགོ་འཛུགས་ནས་བཟུང་མཁས་པའི་བྱ་བ་ཀུན་ལ་ཐོགས་རྡུགས་མེད་པའི་གནས་ཚད་ཅིག་ཏུ་སླེབས་པའི་བར་གྱི་བརྒྱུད་རིམ་མ་འདྲ་བ་རྣམས་རྩལ་དུ་བཏོན་ནས་ཞིབ་འབྲི་གནང་འདུག

ལྷག་པར་དུ་ཁོང་ཅག་གི་ཤེས་ཡོན་སློབ་སྦྱོང་གི་དགོས་དོན་ངོས་འཛིན་དང་དམིགས་རྒྱང་། ཤེས་ཡོན་སློབ་སྦྱོང་བྱས་པའི་རྗེས་འབྲས་ཀྱི་ཀུན་སྤྱོད་དང་བསམ་བློ། གཞན་དོན་ཁུར་ལེན་གྱི་སྙིང་སྟོབས་བཅས་ཚིག་བརྗོད་སླ་བོས་བྲིས་གནང་འདུག་པ་ནི། ད་ལྟའི་བོད་ཕྱི་ནང་གི་ན་གཞོན་སློབ་གཉེར་པ་ཀུན་ལ་ངེས་པར་མཁོ་བའི་སྣག་ཐོག་བཙག་འཁེལ་གྱི་སློབ་གསོ་ཞིག་ཏུ་གྱུར་འདུག

གསུམ་པ། གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་རྩོམ་ཐབས།

བོད་ཀྱི་སྲོལ་རྒྱུན་གྱི་རྣམ་ཐར་མང་པོ་ཞིག་བརྗོད་གཞིའི་མི་སྣ་གཙོ་བོ་སུ་ཡིན་པ་དེ་ཐོག་མ་ཉིད་ནས་བསམ་སྤྱོད་ཡོངས་རྫོགས་ཡར་རྒྱས་ཀྱི་རྩེ་མོར་སོན་ཡོད་པ་ལྟ་བུར་བྲིས་འདུག་པས། རྩོམ་ཐབས་འདི་རིགས་ལ་རིག་གཞུང་དང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་མང་པོ་ཞིག་ཡོད་ངེས་ཀྱང་། ལས་དང་པོ་བའི་སློབ་གཉེར་པ་ཞིག་ལ་མདུན་བསྐྱོད་ཀྱི་སྐུལ་མ་ཐེབས་སྟངས་ཀྱི་ཆ་ནས་བཤད་ན། རྩོམ་ཐབས་འདི་རིགས་དེ་ཙམ་ཕུན་སུམ་ཚོགས་པ་ཞིག་ཏུ་མ་མཐོང་། དེར་བརྟེན་གོང་དུ་བཤད་པ་ལྟར་རེ་མདོ་སེང་གེ་ལགས་ཀྱིས་གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་ནང་མི་སྣ་རེ་རེའི་བྱུང་བ་འབྲི་བའི་སྐབས། བསམ་བློ་དང་ཀུན་སྤྱོད། ཤེས་ཡོན་སློབ་སྦྱོང་གི་གནས་ཚད། ཐ་ན་སྐད་ཆ་ཤོད་སྟངས་དང་མི་དང་མིའི་བར་འབྲེལ་བ་བྱེད་སྟངས་སོགས། མདོར་ན། མི་ཞིག་གི་སྒོ་གསུམ་གྱི་ཕུན་སུམ་ཚོགས་པའི་ཆ་ཆེ་ཕྲ་མཐའ་དག་མི་བུ་རང་ཉིད་ཀྱིས་རྩོལ་སྒྲུབ་ལ་བརྟེན་ནས་བྱུང་ཞིང་། རང་ཉིད་ཀྱི་མདུན་ལམ་དང་མི་ཚེ་ལ་སྐྱ་ཐིག་འཐེན་པའི་ཐིག་ཤིང་གཙོ་བོ་མི་བུ་རང་ཉིད་ཀྱི་ལག་ཏུ་ཡོད་པའི་གནས་ལུགས་གསལ་འདོན་མཛད་འདུག

ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་འབར་བའི་སྐྱེས་བུ་དམ་པ་ང་ཚོས་ཡིད་ཆེས་དང་དད་གུས་ཞུ་ས་ཁོང་ཅག་ཀྱང་། ཡིག་འབྲུ་རེ་རེ་བཞིན་སྦྱངས་ནས་མཁས་པར་གྱུར་པ་དང་། བསམ་བློ་དང་ཀུན་སྤྱོད་ཀྱི་སྐྱོན་ཆ་རེ་རེ་བཞིན་བཙོ་སྦྱོང་བྱས་ཏེ་དག་གཙང་དུ་གྱུར་པའི་བྱུང་བ་དངོས་སྔོག་འདོན་གྱིས་གསོན་ཉམས་དོད་པོར་བྲིས་འདུག་པ་ནི། དཔེར་ན། <<བློ་རིག་གསལ་བའི་བསོད་ནམས་རྩེ་མོ་>>ཞེས་པའི་རྩོམ་ཡིག་ནང་དུ། བསོད་ནམས་རྩེ་མོས། “རང་གི་རྣམ་དཔྱོད་དང་ཀུན་སྤྱོད་ཚད་དང་ལྡན་པ་ཡར་རྒྱས་འགྲོ་ཐུབ་མིན་ནི། གཙོ་བོ་རང་གིས་འབད་པ་དང༌། དོན་གཉེར་བྱེད་ཐུབ་མིན་ལ་རག་ལས་པ་ཡིན།” ཟེར་ནས་རྒྱུན་པར་རང་གིས་རང་ལ་སྐུལ་ལྕག་བྱས་ཏེ། སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱེད་ཀྱི་ཡོད་པ་རེད། ཅེས་དང་། ཡང་དེར། བསོད་ནམས་རྩེ་མོས། “ད་ལྟའི་ན་ཚོད་འདི་གཞུང་ལུགས་ཀུན་ལ་ཕུ་ཐག་ཆོད་པའི་སློབ་སྦྱོང་བྱས་ཏེ། ཤེས་རབ་དང་ཀུན་སྤྱོད་མཐའ་མེད་དུ་ཡར་རྒྱས་གཏོང་བའི་དུས་ཚོད་ཡིན་པ་ལས། མིང་དང་གོ་གནས་ཤིག་ལ་མགོ་འཁོར་བའི་སྐབས་མིན།” ཟེར་ནས་ས་སྐྱའི་གདན་ས་པ་ལས་དགོངས་ཞུ་མཛད་དེ། སྐབས་དེའི་སློབ་སྦྱོང་གི་ལྟེ་གནས་སྙན་གྲགས་ཅན་གསང་ཕུ་ནེའུ་ཐོག་ཏུ་ཕྱིན། ཞེས་སོགས་དང་།

<<བུ་སྟོན་གྱིས་ཨ་མའི་ས་ནས་ཡི་གེ་བསླབ་པ་>>ཞེས་པའི་རྩོམ་ཡིག་ནང་། སྐབས་དེར་བུ་སྟོན་གྱིས། “ང་ཡི་གེ་ཀློག་པར་དཀའ་ངལ་མེད་པ་ཙམ་མ་གཏོགས། ཡི་གེའི་བསྟན་དོན་རྣམས་ཇི་བཞིན་མི་ཤེས་ཤིང་མི་གོ་བ་འདུག ངས་ཡི་གེའི་ནང་དོན་བདེ་བླག་ཏུ་གོ་ཐུབ་པ་ཞིག་ཅིས་ཀྱང་བྱ་ངེས་ཡིན།” ཞེས་ཡི་གེ་ཀློག་ཤེས་པ་ཙམ་གྱིས་ཡིད་མ་ཚིམས་པར། རང་འགུལ་གྱིས་ཡི་གེའི་ནང་དོན་ཤེས་པར་འབད་བརྩོན་ལྷོད་མེད་གནང༌བས། ཡི་གེ་ཀློག་ཤེས་པ་ཙམ་དུ་མ་ཟད། ནང་དོན་མང་པོ་ཞིག་རང་སྟོབས་ཀྱིས་གོ་བ་ལོན་ཐུབ་པར་འབད་བརྩོན་བྱེད་ཀྱིན་ཡོད། ཅེས་སོགས་དང་། ཡང་། <<བུ་སྟོན་དགོན་པའི་ཆོས་སྒོར་ཞུགས་པ་>>ཞེས་པའི་རྩོམ་ཡིག་ནང་། ཁོང་གིས། “ང་རབ་ཏུ་བྱུང་བའི་དགོས་དོན་སྐྱིད་པོ་བྱ་བའི་ཆེད་དུ་མིན། ཆོས་གཞུང་ཀུན་ལ་སློབ་སྦྱོང་གཏིང་ཕྱིན་པ་བྱ་བའི་དོན་དུ་ཡིན། སློབ་སྦྱོང་གི་དོན་དུ་ཤི་ཡང་རུང༌། སྡུག་ཀྱང་སྡུག ལྟོ་རྒྱབ་སྐྱོ་བོ་གང་འདྲ་ཞིག་ཏུ་གྱུར་ཀྱང་རུང༌། སློབ་སྦྱོང་གནད་དུ་སྨིན་པ་ཞིག་ཅིས་ཀྱང་བྱ་ངེས་ཡིན།” ཞེས་སྒོ་གསུམ་གྱི་ནུས་པ་ཡོངས་རྫོགས། སློབ་སྦྱོང་གི་དོན་དུ་གཏོང་གི་ཡོད་པ་རེད། ཅེས་སོགས་དང་།

<<བརྟག་དཔྱད་ལ་བརྟེན་ནས་གོ་རྟོགས་སྤེལ་བ་>>ཞེས་པའི་རྩོམ་ཡིག་ནང་། གཞོན་ནུ་དཔལ་བས་སྤྱན་གཉིས་ཟུམ་ཟུམ་གྱིས་ཐད་དུ་གཟིགས་བཞིན། “ང་ཐོས་རྒྱ་ཆུང༌། མཐོང་རྒྱ་འབྲིང་ཙམ་ཡིན། ངའི་སློབ་གཉེར་སངས་མ་རྒྱས་ཀྱི་བར་དུ་མི་ཚར་”གསུངས་པ་རེད། ཅེས་སོགས་དང་།

དེ་བཞིན་<<གཞོན་དུས་སུ་ཤེས་ཡོན་འཚོལ་བ་>>ཞེས་པའི་རྩོམ་ཡིག་ནང་། དོན་གྲུབ་རིན་ཆེན་ཤིན་ཏུ་དགའ་ཆེས་པས་མིག་མཆི་མ་དང་བཅས། དགེ་སློང་གི་དྲུང་དུ་བུས་མོའི་ལྷ་ང་གཉིས་ས་ལ་བཙུགས་ཏེ། “ཁྱེད་ཀྱིས་བདག་ལ་ཅིས་ཀྱང་ལམ་སྟོན་གནང་རོགས་ཞུ། ཤེས་ཡོན་སློབ་སྦྱོང་གི་དོན་དུ། ངས་དཀའ་ངལ་ཅི་ཙམ་མྱོང་དགོས་ཀྱང་འགྱོད་པ་མེད།” ཅེས་ནན་ཏན་གྱིས་ཞུས་ཞེས་སོགས་དང་། <<ཤར་ཕྱོགས་རིག་པའི་དཔའ་བོའི་མཚན་སྙན་ཐོབ་པ་>>ཞེས་པའི་རྩོམ་ཡིག་ནང་། སྐབས་ཤིག་ལ་ཁོང་གི་བསམ་པར། “སློབ་སྦྱོང་ལ་ཐབས་སྣ་ཚོགས་བྱ་དགོས་པ་མ་གཏོགས། ཨུ་ཚུགས་རྐྱང་པས་དེ་ཙམ་གྲུབ་འབྲས་ཡག་པོ་ཐོན་མི་ཐུབ། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱོད་ཚུལ་དང་མཐུན་པར། ཚོགས་གསོག་པ་དང་འབྲེལ། ཡུལ་གོང་མ་ལ་རྩེ་གཅིག་པའི་གསོལ་བ་བཏབ་ན། སྐྱབས་ཡུལ་གོང་མའི་བྱིན་རླབས་ལ་བརྟེན་ནས། རང་གི་རིག་པ་འཕེལ་བསྐྱེད་འབྱུང་ངེས་”སྙམ་སྟེ། རེ་ཞིག་ཞྭ་ལུར་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་བཞུགས་པའི་དྲུང་དུ་བཅར་ཞེས་སོགས་གསལ་བ་དང་།

དེ་བཞིན་ཀུན་སྤྱོད་དང་བསམ་བློའི་སློབ་གསོའི་ཐད་ནས། <<ཐོན་མི་རྒྱ་གར་དུ་ཕྱིན་པ་>>ཞེས་པའི་རྩོམ་ཡིག་ནང་། ཉིན་ཞིག་ལམ་ཁྲིད་པས། “ངེད་གཉིས་ད་དུང་རྒྱ་གར་དུ་སླེབས་པར་ལམ་ཐག་ཤིན་ཏུ་རིང༌། ཚ་བ་ཇེ་ཆེ་དང་གཅན་གཟན་སོགས་ཀྱི་འཇིགས་པ་ཡང་ཇེ་མང་ཡིན། འདི་ལྟར་ཕྱིན་ན་ཁྱོད་ཀྱིས་ཡི་གེ་སྦྱོང་མི་ཐུབ་པའི་ཐོག ངེད་གཉིས་ཀྱི་ཚེ་སྲོག་ཀྱང་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ངེད་གཉིས་ཀྱང་གཞན་དག་ལྟར། ཕྱིར་རང་ཡུལ་དུ་ཕྱིན་ན་མི་བཟང༌ངམ།” ཟེར་ནས་ཐོན་མི་ལ་བཤད་པ་རེད།

ཐོན་མི་དགུང་ན་ཤིན་ཏུ་ཆུང་ཡང༌། ཕ་མའི་བསླབ་བྱ་དང༌། རྒྱལ་པོའི་ཐུགས་རེ། བོད་མི་རིགས་ཀྱི་ལས་དོན་ཡིད་ལ་དམ་དུ་བཅངས་ནས། “ཁྱེད་ཀྱིས་དེ་ལྟར་གཏན་ནས་བསམ་མི་རུང༌། ངེད་གཉིས་རྒྱ་གར་དུ་འགྲོ་མ་ཐུབ་ཚེ། རྒྱལ་པོའི་ཐུགས་དགོངས་མ་འགྲུབ་པ་རེད་ལ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཡང་མ་འགྲུབ་པ་རེད། ང་འཆི་བ་སྲོག་ལ་ཐུག་ཀྱང་། ཐོག་མའི་དམ་བཅའ་ལ་འགྱུར་བ་གཏན་ནས་མེད། ངེས་པར་རྒྱ་གར་དུ་ཕྱིན་ནས་ཡི་གེ་སྦྱོང་ཐུབ་པ་བྱེད་ཀྱི་ཡིན།” ཞེས་དང་།

<<བཟང་སྤྱོད་ལྡན་པའི་བཻ་རོ་ཙ་ན་>>ཞེས་པའི་རྩོམ་ཡིག་ནང་། ཡབ་ཀྱིས་གཟབ་ནན་ངང་མ་བུ་གཉིས་ལ་གཟིགས་བཞིན། “ངེད་ཚང་ལ་རྒྱུ་ནོར་དཔལ་འབྱོར་ཕུན་སུམ་ཚོགས་པ། གཞན་གྱིས་ཡིད་སྨོན་བྱ་དགོས་པ་དེ་འདྲ་མེད་ཀྱང༌། གཞན་ལས་ལྷག་པའི་མཛའ་བརྩེ་དང་། སྤྲོ་སྣང་གིས་ཁེངས་པའི་ཁྱིམ་ཚང་ཞིག་ཡོད་པ་ནི། ངེད་ཁྱིམ་ཚང་གང་བོའི་གཅེས་ནོར་གཙོ་བོ་ཡིན་ལ། བདེ་སྐྱིད་ཀྱི་རྩ་བ་ཡང་ཡིན། ངའི་བུའི་རིང་ལ་ཡང་ཁྱིམ་ཚང་གི་གཅེས་ནོར་འདི། རྒྱུན་འཛིན་ཐུབ་པར་ཡོང་བ་འདུག” ཅེས་འདོད་པ་ཁེངས་པའི་ཉམས་དང་བཅས་བཤད་དེ། མཎི་བགྲང་བཞིན་བསྡད། ཅེས་སོགས་ཞིབ་ཏུ་བྲིས་འདུག་པ་ནི། རྩོམ་པ་པོས་དེབ་ཀྱི་སྔོན་གླེང་དུ་“སྲོལ་རྒྱུན་དང་དེང་རབས་ཀྱི་བར་མ་དོ་རུ་ལྷག་པ་ནི། ཀུན་སྤྱོད་ཉམས་རྒུད་དུ་འགྲོ་བའི་རྐྱེན་རྩ་གཙོ་བོ་ཞིག་ཡིན་པས། མི་གཤིས་དང་ཀུན་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། སྲོལ་རྒྱུན་གྱི་བཟང་པོའི་ཀུན་སྤྱོད་དང་། བསམ་བློའི་དཔལ་ཡོན་ལ་བརྟེན་ནས། མི་གཤིས་དང་ཀུན་སྤྱོད་བསྐྱར་གསོ་བྱ་བ་ནི། མི་ངོ་མར་འགྱུར་བའི་བྱེད་ཐབས་གཏན་ཚིགས་ལྡན་པ་ཞིག་ཏུ་གྱུར་ཡོད་”ཅེས་བཀོད་པ་ལྟར། རྩོམ་ཡིག་འདི་དག་གིས་ཚིག་འབྲུ་རེ་རེ་བཞིན་སྲོལ་རྒྱུན་གྱི་བསམ་བློ་དང་ཀུན་སྤྱོད་བཟང་པོ་རྣམས་སྔོག་འདོན་བྱས་ཏེ། མི་རབས་གསར་པའི་སློབ་གཉེར་པ་རྣམས་ཀྱི་མིག་སྔར་རིན་པོ་ཆེ་ཐང་མར་བརྡལ་བའི་ཚུལ་དུ་བཀྲམ་འདུག་པར་མ་ཟད། རྩོམ་ཡིག་སྤྱིའི་སྡེབ་སྦྱོར་འགྲིག་ཅིང་ཚིག་སྦྱོར་སྙན་པའི་ཐོག ཚན་པ་རེ་རེའི་མི་སྣ་གཙོ་ཕལ་གྱི་གླེང་མོལ་རྣམས། རྗོད་ཚིག་གསལ་ཞིང་གནད་ལ་འཁེལ་བ། ཐ་སྙད་དང་ཚིག་སྡེབ་གཙང་ཞིང་དག་ལ་སྙན་པའི་རོ་ཉམས་ཕུན་སུམ་ཚོགས་པས། རྩོམ་ཡིག་འདི་དག་ཀློག་པའི་སྐབས་མཁས་པའི་བགྲོ་གླེང་ཞིག་ལ་ཉན་བཞིན་ཡོད་པ་དང་། དངོས་བྱུང་གློག་བརྙན་ཞིག་ལ་བལྟས་ནས་ཡོད་པའི་སྣང་བ་རང་བཞིན་གྱིས་སྟེར།

གཞན་ཡང་། རྩོམ་ཡིག་འདི་དག་སྲོལ་རྒྱུན་གྱི་རྣམ་ཐར་རྩོམ་ཐབས་དང་། དེང་སང་གི་མི་སྣ་ངོ་སྤྲོད་ལྟ་བུའི་ཚུལ་དུ་བྲིས་པ་ཞིག་མ་ཡིན་པར། གཏམ་བརྗོད་ཟློས་གར་དང་འཁྲབ་གཞུང་གི་རྩོམ་ཐབས་སྤྱད་ནས་བྲིས་འདུག་པ་ནི། གང་གི་ཆེད་དུ་དམིགས་སའི་སློབ་མ་ཚོའི་དོ་སྣང་འདྲེན་པར་དགེ་མཚན་དམིགས་བསལ་བ་ཞིག་ཡོད་ངེས་པར་མ་ཟད། འདི་དག་སློབ་ཕྲུག་རྣམས་ཀྱིས་ལྟ་ཀློག་བྱས་པ་ཙམ་མ་ཡིན་པར་འཁྲབ་སྟོན་བྱེད་ཆོག་ཅིང་། གློག་བརྙན་དུ་ཕབ་འདོད་པ་རྣམས་ཀྱིས་ཀྱང་མི་སྣ་རེ་རེའི་བྱུང་བ་བརྙན་ཐུང་གི་ཚུལ་དུ་འཁྲབ་སྟོན་བྱེད་ཆོག་པའི་དགེ་མཚན་ཆེན་པོ་ལྡན་པའི་མཐོང་ཚུལ་བྱུང་།

བཞི་པ། མཇུག་བསྡུ།

མདོར་བསྡུས་ནས་བཤད་ན། རྩོམ་ཡིག་འདི་དག་ལ་བརྟེན་ནས་སྐད་ཡིག་གི་གནས་ཚད་མཐོར་འདེགས་ལ་ཕན་ནུས་ངེས་ཅན་ཐོན་ཐུབ་པར་ཟད། བསམ་བློ་དང་། ཀུན་སྤྱོད། ཤེས་ཡོན་སློབ་སྦྱོང་། མི་ཚེའི་རིན་ཐང་གི་ལྟ་བ། སློབ་སྦྱོང་གི་དགོས་དོན་ངོས་འཛིན་སོགས་ཕྱོགས་ཡོངས་ནས་ང་ཚོའི་ཡབ་མེས་ཀྱི་རིང་གི་སྙིང་སྟོབས་དང་སྤོབས་པ། གནས་ལུགས་འཚོལ་བའི་ཤེས་རབ། གཞན་ཕན་གྱི་བསམ་བློ། དག་གཙང་ཚུལ་མཐུན་གྱི་ཀུན་སྤྱོད་བཅས་མི་རབས་ཕྱི་མ་ཚོར་བརྒྱུད་སྤྲོད་ཐུབ་པར་མ་ཟད། ཆོས་རྒྱལ་མེས་དབོན་རྣམས་སྐབས་ཀྱི་རིག་རྩལ་དང་སྟོབས་ཤུགས་གང་ཡོད་པ་རྣམས་རྒྱུན་འཛིན་ཐུབ་པའི་བོད་མི་ཚད་ལྡན་ཞིག་འཚར་བསྐྱེད་ཐུབ་པའི་རྩོམ་རིག་དང་སློབ་གསོའི་དོན་སྙིང་ལྡན་པས། ཆེད་དུ་དམིགས་སའི་སློབ་གྲྭ་ཁག་གི་སློབ་མ་དང་དགེ་རྒན། སློབ་ཕྲུག་གི་ཕ་མ། བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་ཐུགས་སྣང་མཛད་དགོས་པའི་སློབ་གསོའི་དོན་སྙིང་ལྡན་པའི་རྩོམ་ཡིག་རྨད་དུ་བྱུང་བ་ཤ་སྟག་རེད་འདུག་ཅེས་བར་ལམ་རྩོམ་ཡིག་འདི་དག་བཀླགས་པའི་མྱོང་ཚོར་འཐོར་བྱུང་ཤ་མར་བྲིས་པ་ལགས།

            འབྲོང་གི་བུས།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༤ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 1

  1. སངས་རྒྱས། says:
    ལོ་ 9 སྔོན།

    དེབ་ཕྲེང་དེའི་ཡི་གེ་ཧ་ཅང་དག་པོ་བྱུང་འདུག་པས་རྩོམ་པ་པོར་དམིགས་བསལ་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese