ཟླ་བ་བཀྲིས། དྷ་རམ་ས་ལ།
རྒྱ་ནག་དམངས་གཙོར་བསྒྱུར་མིན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་ར་བྱེད་པའི་གནད་དོན་ཞིག་ཆགས་ཡོད་ལ། བོད་དོན་འཐབ་རྩོད་ཀྱི་རྒྱལ་ཕམ་ཀྱང་དོན་གནད་འདིའི་ཐོག་རེ་བ་བཅོལ་ཡོད། དོན་དངོས་ཐོག་རྒྱ་ནག་དམངས་གཙོར་འཕོ་འགྱུར་འགྲོ་མི་སྲིད་ལ། བོད་དོན་ཐག་གཅོད་ཀྱི་ཞི་བའི་གྲོས་མོལ་ཞིག་ཀྱང་བྱེད་མི་སྲིད། ཕྲན་གྱི་རྩིམ་ཡིག་འདིའི་ནང་རྒྱ་ནག་དམངས་གཙོར་བསྒྱུར་མི་སྲིད་པའི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ལས་བོད་རྒྱ་ཞི་མོལ་སྐོར་གླེང་སློང་བྱ་རྒྱུ་མིན།
དང་པོ། རྒྱ་ནག་དམངས་གཙོར་འགྱུར་མིན་དེ་གསལ་པོར་བཤད་ན། དམར་ཤོག་ཚོགས་པ་ཆབ་སྲིད་ཀྱི་སྡེང་ཆའི་ཐོག་ནས་ཕྱིར་འཐེན་བྱ་རྒྱུ་དེ་ཡིན་པས། དམར་ཤོག་ཚོགས་པས་རང་འགུལ་གྱིས་ཕྱིར་འཐེན་བྱེད་མི་སྲིད་ལ། རང་འགུལ་གྱིས་རྒན་ཡོལ་ཡང་ཞུ་མི་སྲིད། དམར་ཤོག་རང་ཉིད་ལ་ཐོབ་པའི་དབང་ཆ་དེ་ཡང་འཐབ་རྩོད་བྱས་ཏེ་བྱུང་བ་ཞིག་རེད། འཇིག་རྟེན་པའི་ཁྱིམ་པ་ཙམ་མ་ཟད། ཆོས་ལུགས་ཀྱི་སྐྱེ་ཆེན་དམ་པ་ཚོས་ཀྱང་སོ་སོའི་དབང་ཆ་དང་གོ་གནས་ཀྱི་ཆེད་དུ་ཆོས་ལུགས་ཕན་ཚུན་དང་། གྲུབ་མཐའ་ཕན་ཚུན། བླ་བྲང་ཕན་ཚུན། ཐ་ན་བླ་སློབ་དབར་ལ་ཡང་འཐབ་རྩོད་དང་གསོད་རེས་བྱེད་ཕོད་ན། ཆོས་མེད་གུང་ཁྲན་ཏང་གིས་དེ་བས་ཀྱང་རང་གི་གོ་གནས་དང་དབང་ཆའི་སྡིངས་ཆའི་ཐོག་ནས་ཕྱི་བཤོལ་བྱེད་མི་སྲིད།
གཉིས་པ། རྒྱ་ནག་གི་གྲུབ་འབྲས་དང་འབྲེལ་བ་ཡོད། སྤྱི་ལོ་ ༡༩༤༩ ལོར་གུང་ཁྲན་ཏང་གིས་གོ་མིན་ཏང་གི་ལག་ནས་སྲིད་དབང་རྩིས་ལེན་བྱེད་སྐབས། རྒྱ་ནག་དེ་འཛམ་གླིང་ཐོག་གི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། སྐབས་དེར་རྒྱལ་སྤྱིའི་ཐོག་ཏུའང་ཤར་ཨེ་ཤ་ཡའི་ནད་རོ་ཞེས་པ་དང་། ཁྱི་དང་རྒྱ་མི་ནང་ལ་མ་གཏོང་ཞེས་འཕྱ་སྨོད་དང་ཁྲེལ་རྒོད་བྱེད་ཀྱིན་ཡོད། དུས་སྐབས་དེའི་ནང་ལོ་ལྟར་མི་གྲངས་ཁྲི་ ༣༠༠ ནས་ཁྲི་ ༧༠༠ བར་མུ་གེས་རྐྱེན་ལམ་དུ་སོང་ཡོད་པས། རྒྱ་ནག་ལོ་རྒྱུས་ཐོག་གི་སྲིད་གཞུང་གང་གིས་ཀྱང་རྒྱ་ནག་མི་མང་གི་འཚོ་བ་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་ཐུབ་མཁན་གྱི་སྲིད་གཞུང་ཞིག་བྱུང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། སྤྱི་ལོ་ ༡༩༤༩ ལོར་དམར་ཤོག་གིས་སྲིད་དབང་བཟུང་རྗེས་མི་ལོ་བརྒྱ་ཕྲག་རིང་ཞིང་བདག་དང་ས་བདག་གིས་བདག་བཟུང་བྱས་པའི་ཞིང་པའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་བྱས་ཏེ་། སྤྱི་ལོ་ ༡༩༥༢ ལོར་སླེབས་སྐབས་ཞིང་པ་དུང་ཕྱུར་གཉིས་ཙམ་གྱི་ས་ཞིང་དང་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱུང་ཡོད། གནད་དོན་དེ་རྒྱ་ནག་གི་གསར་བརྗེའི་མེས་པོ་དམ་པ་སུན་ཀྲུང་ཧྲན་གྱིས་ཐག་གཅོད་ཐུབ་མེད་ལ། ཅང་ཅེས་ཧྲིས་ཀྱང་ཐག་གཅོད་ཐུབ་མེད། དེ་རྗེས་བསྒྱུར་བཅོས་སྒོ་དབྱེའི་ལོ་ངོ་སུམ་ཅུའི་ནང་དེ་སྔའི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཆེ་ཤོས་ཤིག་ནས་ད་ཆ་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པར་སླེབས་ཐུབ་པའི་ཐོལ་རྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། ད་ཆ་རྒྱ་ནག་ལ་བརྙས་བཅོས་དང་མཐོང་ཆུང་བྱེད་མཁན་མེད་ལ། ཁྱི་དང་རྒྱ་མི་ནང་ལ་མ་གཏོང་ཞེས་དམའ་འབེབས་དང་ཁྲེལ་རྒོད་བྱེད་མཁན་ཡང་མེད། དེ་ལས་ལྡོག་སྟེ་དེ་སྔ་རང་ཉིད་ལ་བརྙས་བཅོས་དང་དམའ་འབེབས་གཏོང་མཁན་ཚོར་ཕར་བཀོད་པ་གཏོང་བའི་སྟོབས་ཤུགས་དང་ནུས་པ་གསར་པ་ཞིག་སླེབས་ཡོད། གྲུབ་འབྲས་འདི་དག་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་ལམ་ལུགས་དེ་ཡི་འོག་ནས་བྱུང་བ་ཞིག་ཡིན་སྟབས། ལམ་ལུགས་དེ་མུ་མཐུད་ནས་སྲ་བརྟན་དུ་གཏོང་དགོས་པ་ལས་བསྒྱུར་བཅོས་གཏོང་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།
གསུམ་པ། སྟོབས་ཤུགས་གཞན་ཞིག་ལ་བརྟེན་ནས་དམར་ཤོག་ཚོགས་པ་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ནས་ཕྱིར་འཕུད་བྱ་རྒྱུ་དེ་རེད། དཔེར་ན། གུང་ཁྲན་ཏང་གིས་གོ་མིན་ཏང་ཕྱིར་འཕུད་བྱས་པ་དང། ཨ་རིས་ཨེ་རག་གི་སྲིད་དབང་མགོ་རྟིང་སློག་པ་ལྟ་བུ། ཡིན་ནའང་། དེང་སྐབས་རྒྱ་ནག་གི་ཕྱི་ནང་གང་དུ་བལྟས་ཀྱང་གུང་ཁྲན་ཏང་ཕྱིར་འཕུད་བྱེད་ཐུབ་མཁན་གྱི་གསར་སྐྱེས་ཀྱི་སྟོབས་ཤུགས་ཤིག་མེད་ལ། རྒྱ་ནག་མི་མང་གི་བསམ་བློར་འགྱུར་ལྡོག་གཏོང་ཐུབ་མཁན་གྱི་མགོ་ཁྲིད་ཀྱི་ནུས་པ་ཡོད་པའི་མི་ཞིག་ཀྱང་མེད། ཐ་ན་ཨ་རི་ཚུད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཀྱང་དམར་ཤོག་མགོ་རྟིང་སློག་རྒྱུའི་ཆེད་དུ་རྒྱ་ནག་ལ་ཐད་ཀའི་དམག་འཁྲུག་རྒྱག་རྒྱུའི་གནད་དོན་དེ་ལོ་རེ་ལས་མ་བསྡད་པར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད། ཨ་རིས་གོ་མིན་ཏང་གི་རྒྱབ་རྩར་ལངས་ནས་དམག་འཁྲུག་རྒྱབ་པར་ཕམ་ཉེས་བྱུང་ཡོད་པ་དང་། དེ་རྗེས་བྱང་ཀོ་རི་ཡའི་རྒྱབ་རྩར་ལངས་པར་ཡང་ཕམ་ཉེས་བྱུང་བ། དེ་བཞིན། ཡོན་ནན་གྱི་རྒྱབ་རྩར་ལངས་པ་དེ་ཡང་ཕམ་ཉེས་བྱུང་ཡོད། ཕམ་ཁ་དེ་དག་གི་ཁྲོད་ནས་མཐར་ཨ་རིས་ལོ་རབས་བདུན་བཅུ་པ་ནས་བཟུང་རྒྱ་ནག་དང་གྲོགས་པོ་བསྒྲིགས་ནས་ཁེ་ཕན་མཉམ་རྩོད་བྱེད་པའི་འགྲོ་ལམ་གསར་པ་ཞིག་བདམས་ཀ་མི་བྱེད་ཀ་མེད་བྱུང་ཡོད།
བཞི་པ། རྒྱ་ནག་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་འབྲེལ་བ་ཡོད། སྤྱི་ལོ་ ༡༨༤༠ ལོ་ནས་སྤྱི་ལོ་ ༡༩༤༩ ལོའི་བར་གྱི་མི་ལོ་བརྒྱ་ལྷག་ཙམ་གྱི་རིང་རྒྱ་ནག་དེ་བཞིན་དབྱིན་ཇི་དང་ཧྥ་རན་སི། ཨ་རི། འཇར་པན། ཨུ་རུ་སུ་གོང་མའི་རྒྱལ་ཁབ་སོགས་ཀྱིས་བཙན་འཛུལ་དང་བརྙས་བཅོས་བྱས་པའི་སྡུག་བསྔལ་དྲན་གསོ་བྱེད་སྐབས། དེ་རིང་རྒྱ་ནག་ལ་ཐད་ཀར་བཙན་འཛུལ་བྱེད་མཁན་མེད་ལ། བརྙས་བཅོས་དང་མཐོང་ཆུང་བྱེད་མཁན་ཡང་མེད། དེ་ལས་ལྡོག་སྟེ་དེ་སྔ་རང་ཉིད་ལ་བཙན་འཛུལ་བྱེད་མཁན་གྱི་སོག་པོ་དང་མན་ཇུ་ལྟ་བུ་དབང་དུ་བསྡུ་ཐུབ་པ་མ་ཟད། ཐ་ན་སྟོབས་ཆེན་ཨ་རིར་ཡང་དོ་དོ་ཚད་ཚད་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་སླེབས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཀྱང་ཆེ་བཞག་ཆུང་བསྐྱུར་གྱི་ཐོག་ནས་ད་ལྟའི་གནས་བབ་བཟང་པོ་འདི་དག་ལ་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་དགོས་པ་དང་། ཅི་སྟེ་ད་ལྟའི་གནས་བབ་བཟང་པོ་འདིར་སྲུང་སྐྱོབ་དང་དགའ་གོམས་ཆོག་ཤེས་མ་བྱས་ཚེ། དུས་རབས་བཅོ་བརྒྱད་དང་བཅུ་དགུ་ལྟ་བུའི་ཁ་འཐོར་ཟང་ཟིང་དང་མི་ཤི་ཁྱིམ་སྟོང་གི་དུས་ངན་བསྐྱར་ལོག་རྒྱག་སྲིད་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལ། མི་མང་ནང་དུའང་དེར་ཡིད་ཆེས་བྱེད་མཁན་དེ་ཉུང་ཉུང་ཞིག་གཏན་ནས་མ་རེད།
རྒྱ་ནག་གི་གཞུང་འབྲེལ་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར། དུས་དེབ། དྲ་རྒྱ་སོགས་ནི་མི་རིགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་སའི་སྡིངས་ཆ་ཞིག་རེད་ལ། རོལ་དབྱངས་དང་། རྩོམ་རིག གླུ་གཞས། གློག་བརྙན་དང་བཅས་པའི་ནང་དོན་ཡང་མང་ཆེ་བ་ནི་རྒྱལ་གཅེས་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་ནང་དོན་ཤ་སྟག་རེད། ཐ་ན་སློབ་ཆུང་གི་རྒྱལ་སྒོ་འཛུལ་མ་ཐག་ནས་མི་རིགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད། འདས་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་སློབ་གསོ་དེ་འདྲ་ཞིག་བཏང་བའི་དབང་གིས། ད་ལྟའི་རྒྱ་ནག་མི་རིགས་རིང་ལུགས་ཀྱི་བསམ་བློ་དེ་རལ་གྲི་ངར་མ་ཞིག་དང་གཅིག་མཚུངས་རེད། དེའི་རྣོ་ལ་རེག་པ་ཙམ་གྱིས་ལུས་པོ་དུམ་བུར་གཏོང་ངེས་རེད།
ལྔ་པ། མི་འགའ་རེས་འཛམ་གླིང་ཡོངས་རྫོགས་དམངས་གཅོར་འགྱུར་ན་རྒྱ་ནག་གཅིག་པུ་སྡོད་ཐབས་མེད་ཅེས་བརྗོད་ཀྱི་ཡོད། བལྟ་སྟངས་འདི་ཕྱོགས་གཅིག་གི་གནས་ཚུལ་ཁོ་ན་ལས་ཕྱོགས་ཡོངས་ཀྱི་གནས་ཚུལ་མ་མཐོང་བའི་སྐྱོན་རེད། མའོ་ཙེ་ཏུང་གི་དུས་སྐབས་ནི་འཛམ་གླིང་ཐོག་དམར་ཤོག་གི་སྟོབས་ཤུགས་ཆེ་ཤོས་ཀྱི་དུས་སྐབས་ཡིན་པ་དང་། སྐབས་དེར་རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ནི་དམར་ཤོག་གི་རྒྱལ་ཁབ་རེད། ཡིན་ནའང་། དམར་ཤོག་གི་རྒྱལ་ཁབ་ཇེ་ཉུང་དུ་སོང་བ་དང་། ཐ་ན་ར་ཤི་ཡ་ལྟ་བུ་རྒྱལ་ཁབ་བཅུ་གྲངས་ལ་འཐོར་ཞིག་ཏུ་སོང་རྗེས་ད་ཆ་བྱང་ཀོ་རི་ཡ་དང་ཁུ་བྷ་ལྟ་བུ་རྒྱལ་ཁབ་རེ་ཟུང་ལས་ལྷག་མེད། ཡིན་ནའང་། དམར་ཤོག་འཐོར་བཤིག་ཏུ་སོང་བའི་དབང་གིས་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཉུང་དུ་མ་ཕྱིན་པར་དེ་ལས་ལྡོག་ཏེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་ཤུགས་རྐྱེན་གྱི་ནུས་པའང་ཆུང་དུ་མ་ཕྱིན་པར་ཆེ་རུ་འགྲོ་བཞིན་ཡོད། མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་དང་གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་བརྒྱ་ཡང་ཟིན་མེད་ཀྱང་། དེང་སྐབས་རྒྱ་ནག་དང་གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ ༡༧༠ ལྷག་ཙམ་ཡོད་པས་འཛམ་གླིང་ཐོག་གཞུང་ཚབ་གཏོང་ལེན་གྱི་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་མང་ཤོས་ཀྱི་གྲས་ཤིག་ཆགས་ཡོད། གནད་དོན་དེའི་ཐོག་ནས་འཛམ་གླིང་ཡོངས་རྫོགས་དམངས་གཙོར་འགྱུར་ན་རྒྱ་ནག་གྲོགས་མེད་ཁེར་རྐྱང་དུ་ལུས་ངེས་རེད་ཅེས་པ་དེ་ནོར་འཁྲུལ་ཡིན་པ་ར་སྤྲོད་བྱས་ཡོད། དེའི་ནང་ནས་ཀྱང་རྒྱ་ནག་དང་འབྲེལ་བ་ཟབ་ཤོས་ནི་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་རེད། ཨ་རི་སོགས་ནུབ་ཕྱོགས་འབྱོར་ལྡན་ཅན་གྱི་དམངས་གཙོའི་རྒྱལ་ཁབ་ཚོས་རྒྱ་ནག་དང་ཚང་ཁ་ཤིག་ཤིག་གིས་གྲོགས་པོ་བསྒྲིགས་དགོས་དོན་ཅི་ཡིན་ནམ། དེ་ནི་བོད་མི་ཚོས་ཤེས་དགོས་པའི་རྒྱུན་ཤེས་གལ་ཆེན་ཞིག་རེད།
དྲུག་པ། གནད་དོན་གཞན་ཞིག་ནི་རྒྱ་གར་དང་འབྲེལ་བ་ཡོད། ད་ཡོད་འཛམ་གླིང་ཐོག་རྒྱལ་ཁབ་ཉིས་བརྒྱ་ལྷག་ཙམ་ཡོད་པའི་ནང་རྒྱ་ནག་དམངས་གཙོར་འཕོ་འགྱུར་གཏོང་རྒྱུར་ཤུགས་རྐྱེན་སྤྲོད་ཐུབ་མཁན་དང་། མིག་དཔེ་སྟོན་ཐུབ་མཁན་ཞིག་ཡོད་ན་དེ་རྒྱ་གར་ཡིན་པ་ལས་ཨ་རི་མིན་ལ། ཡུ་རོབ་ཀྱང་མ་རེད། རྒྱ་གཞུང་གིས་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་དེ་ཡག་ཉེས་ཇི་འདྲ་ཡིན་མིན་དེ་རྒྱ་གར་ལ་བལྟས་ནས་ཚད་བསྡུར་བྱེད་ཀྱི་ཡོད་པ་ལས། ཨ་རིར་བལྟས་ནས་ཚད་བསྡུར་བྱེད་ཀྱི་མེད་ལ་ཡུ་རོབ་སོགས་ལའང་ཚད་བསྡུར་བྱེད་ཀྱི་མེད། གང་ཡིན་ཞེ་ན། ད་ཡོད་འཛམ་གླིང་ཐོག་རྒྱལ་ཁབ་ ༢༠༠ ལྷག་ཙམ་ཡོད་པའི་ནང་སྤྱི་ཚོགས་ཀྱི་རྨང་གཞི་དང་། དཔལ་འབྱོར་གྱི་ཆ་རྐྱེན། མི་འབོར་གྱི་ཁྱབ་ཚུལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས། ས་ཁམས་ཀྱི་ཆགས་སྟངས། རིག་གནས་ཀྱི་འབྱུང་རྩ་སོགས་རྒྱ་དཀར་ནག་གཉིས་རྣམ་པ་འདྲ་མཚུངས་ཆེ་ཤོས་དང་། ཁྱད་ཆོས་མང་ཤོས། མཚུངས་བསྡུར་ཆེ་ཤོས་ཡོད་པའི་རྒྱལ་ཁབ་གཉིས་ཆགས་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་རྒྱ་དཀར་ནག་གཉིས་ཀ་ཕྱིའི་བཙན་གནོན་འོག་བསྡད་མྱོང་བ་གཅིག་མཚུངས་ཡིན་པ་དང་། དེ་ཡང་རྒྱ་གར་གྱི་དབྱིན་ཇི་དང་ཧྥུ་ཏོའོ་ཡ་སོགས་ཀྱི་བཙན་གནོན་འོག་ལོ་ཉིས་བརྒྱ་ཙམ་བསྡད་པ་དང་། རྒྱ་ནག་གིས་ཀྱང་དབྱིན་ཇི་དང་། ཨ་རི། ཧྥ་རན་སི། འཇར་པན་སོགས་ཀྱི་བཙན་གནོན་འོག་ལོ་ངོ་བརྒྱ་ལྷག་ཙམ་བསྡད་ཡོད། རྒྱལ་ཁབ་གསར་འཛུགས་དང་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་ནས་བལྟས་ན། རྒྱ་གར་སྤྱི་ལོ་ ༡༩༤༧ ལོར་རང་བཙན་ཐོབ་ནས་རྒྱལ་ཁབ་གསར་འཛུགས་བྱས་པ་དང་། རྒྱ་ནག་གིས་སྤྱི་ལོ་ ༡༩༤༩ ལོར་རྒྱལ་ཁབ་གསར་འཛུགས་བྱས་ཡོད། མི་འབོར་གྱི་ཐོག་ནས་བལྟས་ན། ཕྱོགས་གཉིས་ཀ་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱ་ནག་ལ་མི་འབོར་དུང་ཕྱུར་བཅུ་གསུམ་དང་རྒྱ་གར་ལ་དུང་ཕྱུར་བཅུ་གཉིས་ཡོད། ས་ཁམས་ཀྱི་གནས་སྟངས་ཐོག་ནས་བལྟས་ན། རྒྱལ་ཁབ་གཉིས་ཀ་ཨེ་ཤ་ཡའི་ནང་གནས་ཡོད་པ་དང་། ད་ལྟའི་ངོས་ནས་བཤད་ན་ཁྱིམ་མཚེས་ཡིན་པ། དཔལ་འབྱོར་གྱི་ཐོག་ནས་བལྟས་ན་ཕྱོགས་གཉིས་ཀ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ། རིག་གནས་ཀྱི་འབྱུང་ཁུངས་ཐོག་ནས་བལྟས་ན། རྒྱལ་ཁབ་གཉིས་ཀ་མི་ལོ་ ༥༠༠༠ ལྷག་གི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཀྱི་གྲས་གཅིག་མཚུངས་རེད། མི་འདྲ་ས་ནི་རྒྱ་གར་གྱིས་དམངས་གཙོའི་ལམ་ལུགས་སུ་བསྐྱོད་ཡོད་པ་དང་། རྒྱ་ནག་གིས་དེ་ལས་ལྡོག་སྟེ་དམར་ཤོག་གི་ལམ་ལུགས་སུ་བསྐྱོད་ཡོད།
ཡིན་ནའང་། རྒྱ་གར་གྱིས་དམངས་གཙོའི་ལམ་ལུགས་ལག་བསྟར་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་། དཔལ་འབྱོར་ཡར་རྒྱས། མི་མང་གི་འཚོ་བ་དང་ཡོང་འབབ། རྒྱལ་སྤྱིའི་ཤུགས་རྐྱེན་གྱི་ནུས་པ་སོགས་རྒྱ་ནག་ལས་ལྷག་པའི་གྲུབ་འབྲས་མ་ཐོབ་པར། དམར་པོའི་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གིས་རྒྱ་གར་ལས་ལྷག་པའི་གྲུབ་འབྲས་བླངས་ཡོད་པ་སྟེ། དཔལ་འབྱོར་ཡར་རྒྱས་འགྲོ་བའི་མྱུར་ཚད་ཀྱི་ཐོག་ནས་བལྟས་ན། འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་རྒྱ་ནག་གིས་རྒྱ་གར་ལས་ལྷག་པའི་མྱུར་ཚད་རྒྱུན་འཁྱོངས་བྱས་ཡོད་པ་རྒྱལ་སྤྱིའི་ཐུན་མོང་གིས་ངོས་འཛིན་གཅིག་གྱུར་བྱུང་ཡོད། སྤྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་དངུལ་རྩའི་ཐེབས་རྩ་ཁང་གིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ལོ་དེའི་རྒྱ་ནག་གི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་བསྡོམས་འབོར་དེ་ཨ་སྒོར་དུང་ཕྱུར་ ༡༠༩༨༢༨༢༩ ཟིན་གྱི་ཡོད་པ་དང་། རྒྱ་གར་གྱི་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་བསྡོམས་འབོར་དེ་ཨ་སྒོར་དུང་ཕྱུར་ ༢༠༩༠༧༠༦ ལས་ཟིན་གྱི་མེད་པས་ལྡབ་ལྔ་ཙམ་གྱི་ཁྱད་པར་ཤོར་ཡོད། རྒྱ་ནག་གི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཨ་སྒོར་ ༧༩༩༠ ཟིན་གྱི་ཡོད་པ་དང་། རྒྱ་གར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཨ་སྒོར་ ༡༦༡༧ ལས་ཟིན་གྱི་མེད། ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་པར་འགྲོ་མཁན་གྱི་ཐོག་ནས་བལྟས་ན། སྤྱི་ལོ་ ༢༠༡༤ ལོ་ནས་སྤྱི་ལོ་ ༢༠༡༥ ལོ་བར་རྒྱ་གར་ནས་ཨ་རིའི་མཐོ་སློབ་ཁག་ནང་ཁྱོན་སློབ་ཕྲུག་ ༡༣༢༨༨༨ ཟིན་གྱི་ཡོད་པ་དང་། རྒྱ་ནག་ནས་ཁྱོན་སློབ་ཕྲུག་ ༣༠༤༠༤༠ ཟིན་གྱི་ཡོད་པས་ཕྱི་བསྐྱོད་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད། སྤྱི་ལོ་ ༢༠༡༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་ལྟེ་གནས་ཁང་གིས་བཏོན་པའི་སྙན་ཐོའི་འཛམ་གླིང་རྒྱལ་ཁབ་ཁག་གི་ཡིག་རྨོངས་སེལ་ཚད་ཀྱི་བསྡུར་གྲངས་ནང་། རྒྱ་ནག་གི་ཡིག་རྨོངས་སེལ་ཚད་དེ་བརྒྱ་ཆ་ ༩༦༌༤ ཟིན་གྱི་ཡོད་པ་དང་། འཛམ་གླིང་ཐོག་ཨང་རིམ་ ༤༨ ཟིན་གྱི་ཡོད་པ་དང་། རྒྱ་གར་གྱི་ཡིག་རྨོངས་སེལ་ཚད་བརྒྱ་ཆ་ ༧༢༌༡ ལས་ཟིན་གྱི་མེད་པ་དེས་ཨང་རིམ་ ༡༢༦ ནང་ལུས་ཡོད།
རྒྱ་ནག་ལ་རྒྱ་གར་ལས་ལྷག་པའི་གྲུབ་འབྲས་བྱུང་བའི་དབང་གིས་ཁོ་ཚོའི་ད་ལྟའི་ལམ་ལུགས་དེ་སྐྱོན་མེད་དྭངས་གཙང་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ནའང་རྒྱ་གར་གྱི་ལམ་ལུགས་ལས་ལེགས་པ་ཡོད་པ་ཁོ་ཚོའི་ལག་ལེན་ཐོག་བྱུང་བའི་གྲུབ་འབྲས་ཀྱིས་ར་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད་པས། ལམ་ལུགས་དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ལམ་ལུགས་ཡང་དག་མིན་དེ་རྒྱལ་ཁབ་སོ་སོའི་ལག་ལེན་གྱི་ཁྲོད་ནས་བྱུང་བའི་གྲུབ་འབྲས་ཆེ་ཆུང་གི་ཐོག་ནས་བརྡར་ཤ་གཅོད་དགོས་པ་ལས་རྣམ་པའི་ཐོག་ནས་བརྡར་ཤ་གཅོད་མི་རུང་།
བདུན་པ། མི་འགའ་རེས་དེང་སྐབས་རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་དུ་འགལ་ཟླ་ཡོད་ཅེས་ཧང་སང་སང་བྱེད་ཀྱི་ཡོད། གནད་དོན་འདི་ཡ་མཚན་སྐྱེ་དགོས་པའི་གནད་དོན་ཞིག་མ་ཡིན་པར་དེ་སྔ་ནས་བྱུང་ཟིན་པའི་གནད་དོན་ཞིག་རེད། མ་ཟད་གུང་ཁྲན་ཏང་གི་ལོ་རྒྱུས་ལ་ཉམས་ཞིབ་གཏིང་ཟབ་བྱས་ཚེ་མགོ་ཁྲིད་ནང་ཁུལ་དུ་འགལ་བའི་འཐབ་རྩོད་ཡོང་ཐེངས་རེར་གུང་ཁྲན་ཏང་གི་སྲིད་དབང་དེ་སྔར་བས་སྲ་བརྟན་དུ་འགྲོ་བའི་རྣམ་པ་ཞིག་ཡོད། དེ་ཡང་ལོ་རབས་སུམ་བཅུའི་ནང་གུང་ཁྲན་ཏང་གི་ནང་ཁྲན་ཏུའུ་ཞིའུ་དང་ལི་ལན་སི་ཡིས་གཙོ་བོ་བྱས་པའི་ཁོ་ཚོའི་ཕྱོགས་གཏོགས་དང་། མའོ་ཙེ་ཏུང་སོགས་ཀྱིས་གཙོ་བོ་བྱས་པའི་ཕྱོགས་གཏོགས་གཉིས་ཀྱི་དབར་ལ་འཐབ་རྩོད་བྱུང་ནས་མཐར་ཁྲན་ཏུའུ་ཞིའུ་དང་ལི་ལན་སི་སོགས་ཀྱི་ཕྱོགས་གཏོགས་རྩ་མེད་བཟོས་ཏེ་གུང་ཁྲན་ཏང་དེ་སླར་ཡང་ཉེན་ཁ་ནས་བདེ་འཇགས་ཀྱི་གནས་སུ་གྱུར་བ་དང་། དེ་རྗེས་ལོ་རབས་ལྔ་བཅུའི་ནང་གཡས་ཕྱོགས་པར་ངོ་རྒོལ་དང་། ལིན་པེའོ་ཡི་འཐབ་རྩོད་། མི་བཞི་ཤོག་ཁག་གི་འཐབ་རྩོད་སོགས་རྣོ་ངར་ཆེ་བའི་འཐབ་རྩོད་བྱུང་ཐེངས་རེ་རེར་གུང་ཁྲན་ཏང་གི་སྲིད་དབང་འཐོར་གཞིག་ཏུ་སོང་མེད་པར་དེ་ལས་ལྡོག་སྟེ་སྲ་བརྟན་དུ་སོང་ཡོད། དེ་རྗེས་ཏེང་ཞའོ་ཕེང་གིས་མི་བཞི་ཤོག་ཁག་གི་ཕྱོགས་གཏོགས་མ་ལག་དང་བཅས་པ་རྩ་མེད་བཟོས་ཏེ་རྒྱ་ནག་དེ་ཟང་ཟིང་ཡ་ཡོམ་ཆེ་བའི་དུས་རབས་མཇུག་བསྒྲིལ་ནས་བསྒྱུར་བཅོས་སྒོ་དབྱེ་ཞེས་པའི་ད་ལྟའི་འཛམ་གླིང་ཨང་གཉིས་པར་སླེབས་པའི་གྲུབ་འབྲས་དེ་བྱུང་ཡོད།
ད་ལྟའི་ཞི་ཅིང་ཕིང་གིས་རུལ་རྒོལ་འཐབ་རྩོད་ཀྱི་འགལ་བ་འདིས་གུང་ཁྲན་ཏང་གི་སྲིད་དབང་སྲ་བརྟན་དང་རྒྱུན་གནས་ཡོང་རྒྱུ་དང་། ཞི་ཅིང་ཕིང་གི་སྲིད་དབང་སྲ་བརྟན་དང་རྒྱུན་གནས་ཡོང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་སྟེ། ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དང་། དཔོན་ཉམས་རིང་ལུགས། ཁྱིམ་རྒྱུད་རིང་ལུགས། ཤོག་ཁག་རིང་ལུགས་ཀྱི་བསམ་བློས་རྒྱ་ནག་མི་མང་གི་བསམ་བློའི་ནང་གུང་ཁྲན་ཏང་ལ་བཅངས་པའི་འཁོན་འཛིན་གྱི་རྣམ་པ་ཤུགས་ཆེན་ཡོད་པར་བརྟེན། ཞི་ཅིང་ཕིང་གིས་གཞི་ཁྱོན་ཆེ་བ་དང་། མི་གྲངས་མང་བ། གོ་གནས་དང་དབང་ཤུགས་ཅན་གྱི་དཔོན་ངན་རུ་ཚོགས་ཚར་གཅོད་བྱེད་པའི་དམག་འཐབ་འདིས། ཁོ་ཚོར་ཞེན་པ་ལོག་པའི་མི་མང་གིས་ཚད་མཐོའི་གདེང་འཇོག་དང་དགའ་བསུ་ཐོབ་ཡོད་ལ། ཞི་ཅིང་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་སྲིད་གཞུང་གསར་པར་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་དང་དམངས་ཁྲོད་ཀྱི་སྟོབས་ཤུགས་གསར་པ་ཞིག་སླར་གསོ་བྱུང་ཡོད།
བརྒྱད་པ། རྒྱ་ནག་གི་མགོ་ཁྲིད་ལམ་ལུགས་དང་འབྲེལ་བ་ཡོད། རྒྱ་ནག་གི་མགོ་ཁྲིད་ལམ་ལུགས་དེ་མཉམ་སྡེབ་དང་སྲོག་ཤིང་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཤིག་ཡིན་པར་བརྟེན། མི་གཅིག་གིས་རྒྱ་ཁ་གཅིག་གཅོད་བྱེད་པ་དང་། སྲིད་དབང་སྒེར་འཛིན་བྱེད་པའི་གནད་དོན་སྔོན་འགོག་བྱུང་ཡོད་ལ། དམངས་གཙོའི་ལུང་པའི་ནང་བྱུང་བཞིན་པའི་གཤོག་ཁག་ཕན་ཚུན་དང་། ཚོགས་པ་ཕན་ཚུན། སྐྱིད་སྡུག་ཕན་ཚུན་དབར་ལ་གཅིག་གིས་གཅིག་ལ་ཁས་ལེན་མི་བྱེད་པ་དང་བརྩི་བཀུར་མི་བྱེད་པའི་གནད་དོན་ཡང་སྔོན་འགོག་བྱས་ཏེ་མཐའ་གཉིས་སུ་མ་ལྷུངས་པའི་སྲིད་ཇུས་ཤིག་ལག་ལེན་བྱས་ཡོད། ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་བདུན་འམ་དགུ་ཡོད་པ་དེ་དག་བསམ་ཚུལ་མི་མཐུན་པ་ཇི་ཙམ་ཡོད་ཀྱང་། ཁོ་ཚོའི་ཐུན་མོང་གི་ཁེ་ཕན་ཡོད་ཚད་སྡིངས་ཆ་གཅིག་ཁོ་ནའི་ཐོག་ཡོད་པ་ལས་སྡིངས་ཆ་གཞན་ཞིག་གི་ཐོག་ནས་ཁེ་ཕན་ལེན་ས་དང་མགོ་བདེ་དྲན་འཕྲུལ་བྱེད་ས་མེད་ལ། སྐབས་འཚོལ་རིང་ལུགས་ཀྱང་དོན་ས་མེད་པར་བརྟེན། མི་སུ་ཞིག་གིས་ཤོག་ཁག་དཔུང་བསྒྲིལ་བྱས་བྱས་ཚེ་རྩ་མེད་འགྲོ་རྒྱུ་མ་གཏོགས་གཞན་ཅི་ཡང་མེད། དཔེར་ན། ལོ་རབས་སུམ་བཅུའི་ནང་ཁྲན་ཏུའུ་ཞིའུ་དང་ལི་ལན་སོགས་རྩ་མེད་ཕྱིན་པ་དང་། ལོ་རབས་དྲུག་ཅུ་དང་བདུན་བཅུའི་ནང་ལེང་པེའོ་དང་མི་བཞི་གཤོག་ཁག་རྩ་མེད་བཟོས་པ། ལོ་རབས་བརྒྱད་ཅུའི་ནང་ཧུའུ་ཡའོ་པང་དང་ཀྲའོ་ཙེ་དབྱང་སོགས་རྩ་མེད་བཟོས་པ། ཉེ་བའི་ལོ་ཤས་ནང་ཀྲའུ་ཡུང་ཁང་དང་། རླིས་ཅིང་ཧྭ། ཞུས་ཚའེ་ཧའུ། སྦོའོ་ཤི་ལའེ་སོགས་རྩ་མེད་བཟོས་པའི་དོན་དངོས་ལས་ར་སྤྲོད་བྱུང་ཡོད། གལ་ཏེ། རྒྱ་ནག་དམངས་གཙོ་ཡིན་ཚེ་རྩ་མེད་བཟོ་ཡུལ་གྱི་མི་སྣ་དེ་ཚོའི་ཕྱོགས་གཏོགས་ཀྱིས་རྒྱལ་ཡོངས་གང་སར་མི་མང་སྐུལ་སློང་བྱས་ཏེ་རྩ་མེད་བཟོ་མཁན་དེར་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་གྱེན་ལོག་བྱས་ཏེ་ཁོ་ཚོར་སྲུང་སྐྱོབ་བྱེད་ངེས་ཡིན་ཡང་། རྒྱ་ནག་ནང་དེ་ལྟ་བུའི་ལམ་ཁ་ཞིག་གཏན་ནས་མེད་སྟབས། རྩ་མེད་འགྲོ་མཁན་དེ་ཇི་སྲིད་བར་དུ་རྩ་མེད་འགྲོ་རྒྱུ་དང་། རྒྱལ་ཁ་ལེན་མཁན་དེ་ཇི་སྲིད་བར་དུ་རྒྱལ་ཁ་ལེན་མཁན་རེད།
དགུ་པ། དམར་ཤོག་ཚོགས་པའི་མགོ་ཁྲིད་ཀྱི་ཤེས་འཇོན་དང་འབྲེལ་བ་ཡོད། རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཆ་ཡོད་ཚད་དམར་ཤོག་ཚོགས་པས་བཟུང་ཡོད་ཅིང་། ཁོ་ཚོའི་མགོ་ཁྲིད་ཀྱི་ཤེས་འཇོན་ཐོག་ནས་བལྟས་ན། མགོ་ཁྲིད་ཚང་མར་ས་གནས་རིམ་པ་དང་། མངའ་ཁུལ་རིམ་པ། ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་སོགས་ཀྱི་ནང་ལས་རིགས་སྣ་ཚོགས་རྒྱུད་མྱོང་བ་ཤ་སྟག་ཡིན་པར་བརྟེན། ཉམས་མྱོང་མེད་པའི་དཀའ་ངལ་དེ་སེལ་ཡོད། ཞི་ཅིང་དང་སྲིད་བློན་ལི་ཁཱ་ཆང་ལ་ཆ་མཚོན་ན། ལས་རིགས་མི་འདྲ་བ་དང་། སྡེ་ཚན་མི་འདྲ་བ། ས་གནས་མི་འདྲ་ཁག་སུམ་ཅུ་ལྷག་ཙམ་གྱི་ནང་ལས་ཀ་བྱས་པའི་ཉམས་མྱོང་ཡོད་པ་དང་། དུས་ཚོད་ཀྱི་ཐོག་ནས་བཤད་ན་ལོ་ངོ་བཞི་བཅུར་ཉེ་བའི་ལས་ཀ་བྱས་ཡོད་སྟབས། དཀའ་ལས་གང་ཡང་མ་བརྒྱབ་པར་ཐད་འཕུར་གནམ་གྲུར་བསྡད་ནས་དཔོན་གནས་བཟུང་བ་ལྟ་བའི་མཐའ་དེ་བཀག་འགོག་ཐུབ་པ་བྱུང་ཡོད། ཡང་སློབ་སྦྱོང་དང་རིག་གནས་ཀྱི་ཡོན་ཚད་ཐོག་ནས་བཤད་ན། མ་མཐར་ཡང་མཐོ་རིམ་སློབ་གྲྭ་དང་ཞིབ་འཇུག་སློབ་མའི་ཡོན་ཚད་ཡོད་པར་བརྟེན། ཤེས་རྨོངས་ཁྱུ་གཅིག་གིས་དཔོན་གནས་བཟུང་བའི་མཐའ་གཞན་དེ་ཡང་བཀག་ཐུབ་པ་བཅས་མཐའ་གཉིས་སུ་མ་ལྷུངས་པའི་ལམ་ལུགས་ཤིག་གསར་འཛུགས་བྱས་ཡོད། ཞི་ཅིང་ཕིང་ལ་ཆ་མཚོན་ན་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་བསམ་བློ་རིག་པའི་ཞིབ་འཇུག་པའི་གནས་ཚད་དང་། ཁྲིམས་ལུགས་རིག་པའི་འབུམ་རམ་པའི་གནས་ཚད་ཡོད་པ་དང་། སྲིད་བློན་ལི་ཁཱ་ཆང་ལ་ཆ་མཚོན་ན། ཁྲིམས་ལུགས་རིག་པའི་གཙུག་ལག་རབ་བྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམ་པའི་གནས་ཚད་ཡོད།
བཅུ་པ། རྒྱལ་སྤྱིའི་ཤུགས་རྐྱེན་གྱི་ནུས་པ་དང་འབྲེལ་བ་ཡོད། རྒྱ་ནག་དེ་དེང་སྐབས་འཛམ་གླིང་ཐོག་གཞི་རྒྱ་ཆེ་ཤོས་དང་། འཛད་སྤྱོད་པ་མང་ཤོས་ཀྱི་ཁྲོམ་རྭ་ཞིག་ཆགས་ཡོད་ཅིང་། དཔལ་འབྱོར་དང་ཚོང་འབྲེལ་རྩ་བར་འཛིན་པའི་ཆབ་སྲིད་པ་ཞིག་གི་ངོས་ནས་བཤད་ན། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་མཐུན་མིན་ཞེས་པ་དེ་བརྗོད་གཞི་གཞན་ཞིག་ཡིན་པ་དང་། དཔལ་འབྱོར་དང་ཚོང་འབྲེལ་མཉམ་ལས་བྱས་ཏེ་ཁེ་བཟང་ལེན་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་པར་བརྟེན། རྒྱ་ནག་གི་གཞི་ཁྱོན་ཆེ་བ་དང་། འཛད་སྤྱོད་པའི་གྲངས་ཚད་མང་བ། དངོས་ཟོག་འཁོར་རྒྱུག་གི་གདེང་ཤེད་ཆེ་བའི་ཁྲོམ་རྭ་དེ་ཟང་ཟིང་དང་ཡམ་ཡོམ་ཆེ་བའི་འཐོར་ཞིག་ཏུ་འགྲོ་བའི་གནས་སྟངས་ཤིག་ནམ་ཡང་མཐོང་འདོད་བྱེད་ཀྱི་མེད། གལ་ཏེ། རྒྱ་ནག་གི་སྤྱི་ཚོགས་ནང་ཟང་ཟིང་ཡམ་ཡོམ་ཆེ་བའི་དུས་ཟིང་ཞིག་བྱུང་ཚེ། རྒྱ་ནག་དང་ཚོང་འབྲེལ་ཟབ་པའི་རྒྱལ་ཁབ་ཚང་མར་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུན་ཕོགས་ངེས་ཡིན་པ་དང་། དེའི་རྐྱེན་གྱིས་ཨ་རིས་རྒྱ་ནག་ལ་ཞི་བའི་རིམ་འགྱུར་གྱི་སྲིད་ཇུས་འཛིན་དགོས་པའི་རྒྱུ་རྐྱེན་འདི་ཁོ་ནར་ཐུག་ཡོད། ཨ་རིའི་ངོས་ནས་བཤད་ན། ཚོགས་པ་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་དམར་པོའི་ལམ་ལུགས་འདི་ནམ་ཡང་མཐོང་ཐོས་བྱེད་ཀྱི་མེད་ལ། ཡང་རྒྱ་ནག་གི་གཞི་ཁྱོན་ཆེ་བའི་ཁྲོམ་རྭ་དེ་ཡང་བློས་མཏོང་གི་མེད། མདོར་ན། ཨ་རི་ནི་འགྲོ་ལྡོག་གཉིས་ཀའི་གནས་སུ་གྱར་ཡོད་དོ།།
ཟླ་བ་ལགས་གཙོ་བྱས་པའི་ཚང་མ་ལ་ཐུགས་རྗེ་ཆེ། ཕན་ཚུན་བགྲོ་གླེང་མེད་ན་ང་ཚོའི་རང་དབང་ཇི་ལྟར་ཐོབ།
རྩོམ་ཡིག་ཡག་པོ་བྲིས་འདུག འོན་ཀྱང་གནད་དོན་མང་པོའི་ཐད་ལ་བསམ་གཞིགས་གནད་ལ་འཁེལ་བ་ཞིག་བྱུང་མི་འདུག དཔལ་འབྱོར་ཡར་རྒྱས་ཀྱི་ཕྱོགས་ཁོ་ན་གླེང་བ་ཙམ་ལས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཡོན་ཚད། མི་དམངས་ཀྱི་རང་དབང་། མི་དམངས་ཀྱི་བདེ་སྡུག་དང་འབྲེལ་བའི་ཕྱོགས་ནས་སྟོང་བཤད་ཤ་སྟག་བྱས་འདུག རྒྱལ་ཁབ་ཡར་རྒྱས་ཕྱིན་པ་དང་གཏོང་བཞིན་པ་གང་ཞིག་གི་ཆེད་ཡིན་མིན་ངོ་འཕྲོད་མི་འདུག་ལ། གནད་གལ་ཆེ་སར་ལྟར་སྟང་གི་བསམ་ཚུལ་བཅངས་ནས་སྒོ་བརྒྱབ་ཐག་གཅོད་བྱས་འདུག རྩོམ་ཡིག་འདི་བྲིས་རྩལ་ཡག་པོ་ཡོད་པ་ཙམ་ལས་གནད་དོན་ལ་འཛིན་པའི་དཔྱད་བརྗོད་དང་རིན་ཐང་གི་ཚད་ཧ་ཅང་དམའ་པོ་ཞིག་རེད་འདུག་གོ །
ཟླ་བ་བཀྲ་ཤིས་ལགས་ཀྱིས་རྩོམ་ཡིག་ཧ་ཅང་གནད་ལ་འཁེལ་བ། ཁ་གསལ་ཚིགས་གསལ་དོན་དང་ལྡན་པ་ཞིག་བྲིས་གནང་འདུག ཐུགས་རྗེ་ཆེ། མུ་མཐུད་དུ་འདི་དང་འདི་ལྟ་བུ་འབྲི་གནང་རོགས། དགྲ་བོ་ཞིག་ལ་འཐབ་རྩོད་བྱེད་དགོས་ན་དང་པོ་དགྲ་བོའི་སྐྱོན་འཚོལ་རྒྱུ་མ་ཡིན་པར། དགྲ་བོའི་བཟང་ཕྱོགས་འཚོལ་དགོས་པ་དང་། གཏམ་དཔེར། “རང་གཞན་གཉིས་ཀྱི་ཚད་རྟོགས་ན་ལན་བརྒྱར་ཕམ་ཡང་ལན་བརྒྱར་རྒྱལ།” ཞེས་པའི་དཔེ་ལྟར། རྒྱ་ནག་གི་བཟང་ཆ་དང་ཡོན་ཏན། རྒྱ་ནག་གི་ནུས་པ་དང་སྟོབས་ཤུགས་སོགས་ཡང་དག་པར་མཐོང་བ་དང་དེ་ལ་དྲ་སྙོམས་ཀྱིས་ངོས་འཛིན་བྱས་པའི་རྗེས་ལ་གཞི་ནས་དེ་ལ་མཐུན་འགྲིག་དང་ཡང་ན་ཁ་གཏད་ཇི་ལྟར་གཅོག་དགོས་པར་བསམ་བློ་བཏང་ནས་དེ་ལ་འབབ་པའི་འཆར་གཞི་བསྒྲིག་དགོས།
ཟླ་བ་ལགས་ཀྱིས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་པ་དང་ལྷག་པར་དུ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ལྟ་བུའི་བསམ་བློའི་དཔྱད་གཞི་ཡག་པོ་ཞིག་བསྐྲུན་གནང་འདུག མ་འོངས་པར་མུ་མཐུད་དུ་རྒྱ་ནག་ལ་ཁ་ཕྱོགས་ཏེ་རྩོམ་ཡིག་སྤེལ་རྒྱུ་དང་། རྒྱ་ནག་ལ་ཁ་ཕྱོགས་པ་དེའང་སྤྱི་ཡོངས་རོབ་བཤད་ཙམ་བྱས་པ་མིན་པར་གཏིང་ཟབ་མོ་དང་གནད་ལ་ཐུག་པའི་ཐོག་ནས་དཔྱད་བརྗོད་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྡ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཟེར་བ་དང་རྒྱ་ནག་ཉམས་ཞིབ་ཟེར་བ་སོགས་མང་པོ་ཞིག་ཡོད་ཀྱང་ད་བར་ཕན་ཐོགས་པོ་ཞིག་དང་གནད་ལ་འཁེལ་བའི་སྐད་ཆ་དང་རྩོམ་ཡིག་གང་ཡང་མཐོང་མ་སོང་བས་ཟླ་བ་བཀྲ་ཤིས་ལགས་མ་འོངས་པར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ལྟ་བུ་དང་། ཡང་ན་རྒྱ་ནག་ཉམས་ཞིབ་ལྟ་བུའི་ནང་ཕྱག་ལས་གནང་སྟེ་ཞིབ་འཇུག་རང་བཞིན་གྱི་རྩོམ་ཡིག་སྤེལ་བ་ཡིན་ན་བོད་གཞུང་གི་སྲིད་བྱུས་ཐོག་ཕན་ཐོག་པ་མ་ཟད་མི་མང་གི་བསམ་བློ་གཏོང་གཞིར་ཡང་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་འདུག་སྙམ།།།
ངོ་མ་བཤད་ན་ཁྱེད་ཀྱིས་མང་པོ་མང་པོ་ཞིག་བཤད་ཡོད་ནའང་གོ་རྒྱུ་མང་པོ་མི་འདུག
རྒྱ་ནག་དམངས་གཙོ་ཅན་ལ་འགྱུར་མིན་ཏེ་རྒྱལ་སྤྱི་ལ་ཅུང་ཙམ་རེག་ལས་ནའང་གཙོ་བོར་རྒྱ་མི་རིགས་ཀྱིས་ཁེ་དབང་ལ་རེག་ལས་པ་ཞིག་རེད།
ངའི་བསམ་ན་གཏན་ཏུ་རྒྱ་ནག་དམར་པོའི་རིང་ལུགས་བྱེས་ནས་སྡོད་ཐབས་ཡོད་བ་མ་རེད།།
དེ་ཁོ་རང་ཚོ་ལའང་གདེང་ཚོད་ཡོད་བ་མ་རེད།།
རྩོམ་ཡིག་རྩ་ཆེན་པོ་བྲིས་གནང་འདུག དེ་ལ་ཐུགས་རྗེ་ཆེ་ཞུ། དེ་ནས་རྒྱ་ནག་དམར་ཕྱོགས་ནང་ཁུལ་དུ་རྙོག་དྲ་ཡོད་པ་དེས་རྒྱ་ནག་གཞུང་ལ་འགྱུར་བ་གང་ཡང་གཏོང་ཐུབ་པ་མ་རེད་ཟེར་བ་དེ་དངོས་ཡོད་གནས་ཚུལ་རེད། སྐད་ཆ་སྣང་བར་འགྲོ་ཤོས་ཤིག་དེ་རེད། ནང་ཁུལ་ཅི་ཙམ་རྙོག་དྲ་ཡོང་ནའང་དབང་འཛིན་པ་ཚོའི་ཁེ་ཕན་ལ་ཐུག་ཡོང་དུས་འཐབ་ཕྱོགས་གཅིག་གྱུར་ཆགས་འགྲོ་བ་རེད། ལྷག་པར་དུ་ནང་ཉོག་གིས་དམར་ཤོག་ཚོགས་པའི་སྒྲོམ་གཞི་ལ་དཀའ་ངལ་འཕྲད་ཡོང་ན་དབང་འཛིན་པ་དག་གི་ཁེ་ཕན་དང་རྐུབ་སྟེགས་ལའང་ཉེན་ཁ་འཕྲད་བཞིན་ཡོད་སྟབས་ཇེ་དམ་དང་ཇེ་བརྟན་དུ་འགྲོ་བ་ལས་དམར་ཤོག་ཚགོས་པ་ཐོར་ཞིག་འགྲོ་རྒྱུར་རེ་བོད་པ་མ་རེད།
རྒྱ་ནག་དམར་པོའི་ལམ་ལུགས་ཡག་པོ་ཆགས་ཡོད་པ་དང་། རྒྱ་ནག་ཁོ་རང་ཚོར་མཚོན་ན་ཧ་ཅང་ལམ་ལྷོངས་བྱུང་ཡོད་པ་དེ་ཡུལ་དུས་གཉིས་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། དུས་ཚོད་ཀྱི་ཆ་ནས་རྒྱ་ནག་རྒྱལ་ཁབ་བཙུགས་མ་ཐག་གི་རྗེས་ལ་ཡིན་སྟབས་རྒྱལ་ཁབ་གཅིག་གྱུར་ཡོང་ཐབས་དང་ནང་ཉོག་འགོག་སྡོམ་ཡོང་ཐབས། དེ་བཞིན་སྟོབས་ཤུགས་གཅིག་གྱུར་བཟོ་སྟབས་སོགས་ལ་ཕན་ཐོགས་པོ་ཞེ་དྲགས་བྱུང་ཡོད་པ་རེད། རྒྱ་གར་ལ་མཚོན་ན་རྒྱ་གར་རང་བཙན་ཐོབ་མ་ཐག་ནས་དམངས་གཙོའི་ལམ་དུ་བསྐྱོད་དེ་མི་འབོར་མང་བོ་དང་། མི་རིགས་དང་ཆོས་ལུགས་ཀྱི་རྙོག་དྲ་མང་པོ་ཡོད་སྟབས་གནས་སྐབས་སུ་རྒྱལ་ཁབ་ཡར་རྒྱས་ལ་དཀའ་ངལ་ཆེན་པོ་འཕྲད་པ་རེད། ཡིན་ནའང་ཕུགས་ལ་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་ཡོད་པ་རེད། ཡིན་ནའང་ད་ལྟའི་དུས་ཚོད་ཀྱི་ཆ་ནས་རྒྱ་ནག་གི་སྔོན་མའི་དམར་ཤོག་གཅིག་སྡུད་ཀྱི་ལམ་ལུགས་དེར་ཕན་ཐོགས་དང་ནུས་པ་གང་ཡང་ཡོད་པ་མ་རེད། ལྷག་པར་རྒྱ་ནག་ལ་གྱོང་གུན་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། གལ་སྲིད་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་དང་མི་འབོར་མང་པོ་འདི་ལྟ་བུ་ཞིག་ད་ལྟའི་དུས་ཚོད་འདིའི་ནང་དམངས་གཙོའི་ལམ་དུ་བསྐྱོད་ཐུབ་པ་ཡིན་ན། རྒྱ་ནག་ལ་སྙན་གྲགས་ཆེན་པོ་ཆགས་པ་མ་ཟད་རྒྱ་ནག་གཞུང་དམངས་གཉིས་ལ་འཕྲལ་དང་ཕུགས་ཀྱི་ཁེ་ཕན་ཡང་ཆེན་པོ་འཐོབ་རྒྱུ་ཡིན་པ་སྨོས་མ་དགོས་པ་ཞིག་རེད།
དཔྱད་རྩོམ་འདིའི་བརྗོད་དོན་ཧྲིལ་པོས་ང་ཚོའི་ཁ་གཏད་རྒྱ་དམར་ལ་བཟང་ཆ་ཇི་ཡོད་གསལ་པོ་བསྟན་འདུག་པས། སོ་སོའི་ཁ་གཏད་ལ་གདོང་ལེན་བྱེད་དགོས་ན། ཕ་རོལ་པོའི་ངན་ཆ་མ་ཡིན་པར་བཟང་ཆ་དེ་དག་ངོས་འཛིན་ཐུབ་དགོས་པ་ནི་སྨོས་མེད་ལ་སོང་། ང་ཚོའི་སྤྱི་ཚོགས་ནང་རྒྱ་དམར་དེ་ཇི་འདྲ་ཞིག་ཡིན་པ་གསལ་པོ་ངོ་མི་ཤེས་མཁན་ཚོར་དབྱེ་ཞིབ་འདི་ཚོས་ངོ་སྤྲོད་རབ་ཙམ་ཡོང་ངེས་པས། དཔྱད་ཞིབ་པའི་དགོངས་པ་ཡང་དེ་ལྟར་ཡིན་ངེས་པས་ཐུགས་རྗེ་ཆེ།
རྒྱ་ནག་ནམ་ཡང་དམངས་གཙོར་འགྱུར་མི་སྲིད་ཅེས་པ་དེ་ནི་བསམ་ཚོད་ཀྱི་གནད་དོན་ཞིག་མ་ཡིན་རྒན་ལགས། འཛམ་གླིང་ནང་འབྱུང་མི་སྲིད་པར་སྣང་བའི་གནད་དོན་ཧ་ཅང་མང་པོ་བྱུང་ཡོད་ལ་ད་དུང་ཡང་འབྱུང་གིན་ཡོད། དེས་བས་རང་ཉིད་ཀྱིས་འཐབ་རྩོད་བྱས་ནས་ཐོབ་པའི་དབང་ཆ་ཕྱིར་སྤྲོད་བྱེད་སྲིད་ཀྱི་མ་རེད་ཟེར་བ་དེ་ཡང་གཏན་འཇགས་ཀྱི་ཆོས་ཉིད་ཅིག་རྩ་བ་ནས་མ་རེད། འབར་ལིན་གྱི་གྱང་གཏོར་བ་དང་། ནེལ་སོན་མན་གྲལ་ལ་བཙོན་འཇུག ཨ་རབ་ཀྱི་དཔྱིད་ཀའི་གསར་བརྗེ། གྷ་ཏ་ཕི་གནས་དབྱུང་། ས་དམ་གྱི་སྲིད་དབྱུང་གསར་བརྗེ་བྱས་པ། ཕྷི་ལིབ་ཕིན་གྱི་ཉལ་ཐ་གཏོར་བཅོམ་དྲག་རྒོལ་སོགས་འཛམ་གླིང་ནང་གི་མི་སུས་ཀྱང་ཚོད་དཔག་བྱས་མེད་ཅིང་། དེ་བས་ཆབ་སྲིད་མཁས་དབང་དག་གིས་ཀྱང་དེ་འདྲ་ཞིག་འབྱུང་སྲིད་པའི་བསམ་བློ་འཁོར་མེད་པ་རེད། འོན་ཀྱང་། གནས་དེ་དག་མང་པོ་བྱུང་ཟིན་པ་ཡོད་ལ་ད་ལྟ་འབྱུང་གིན་ཡོད་པའང་ཡོད། དེས་ནས་རྒྱུ་མཚན་རེ་འགའ་ཞིག་ལ་བརྟེན་ནས་རྒྱ་ནག་དམངས་གཙོར་འགྱུར་མི་སྲིད་ཅེས་ཐག་གཅོད་བྱས་ན་དེ་ནི་བློ་དང་ལྡན་པ་ཞིག་གི་བསམ་ཚུལ་ཆགས་ཀྱི་ཡོད་དམ།
ངས་བལྟས་ན་འདིར་ངེད་ཅག་གིས་གནད་དོན་ཁྱོན་ཡོངས་ལ་བལྟ་བའི་བློ་གྲོས་རྒྱ་སྐྱེད་གནང་རྒྱུ་དེ་ཧ་ཅང་གལ་ཆེ་བར་མཐོང་། ང་ཚོ་མང་པོ་ཞིག་གིས་གནས་སྐབས་མངོན་གསལ་དུ་རྒྱ་ནག་དམངས་གཙོར་འགྱུར་མི་སྲིད་པར་སྣང་མུས་ཡིན་ཡང་དོན་དངོས་པོའི་འགྱུར་ལྡོག་ཅི་འདྲ་ཞིག་ཡོང་མིན་སུས་ཀྱང་སྔོན་དཔག་བྱེད་དཀའ། གནད་དོན་དེ་ལྟ་བུའི་ཐད་ངེད་ཅག་དཔྱད་བརྗོད་པ་དག་གིས་བློ་ཞིབ་མོས་ཕྱོགས་ཀུན་ལ་གཞིགས་པའི་དཔྱད་བརྗོད་སྤེལ་ན་དཔྱད་བརྗོད་ཀྱི་རིན་ཐང་ཡང་ཆེ་རུ་འགྲོ་ཐུབ་པར་མངོན།
དཔྱད་རྩོམ་ཞེ་དྲགས་ཡག་པོ་བྲིས་འདུག བསམ་བློ་ཞིབ་ཆགས་མོ་དང་ཞིབ་འཇུག་གཏིང་ཟབ་མོ་གནང་འདུག ཐུགས་རྗེ་ཤིན་ཏུ་ཆེ་ཞུ་བཞིན་ཡོད། ཡིན་ནའང་ང་ཁྱོད་རང་གི་བསམ་ཚུལ་ལ་ཐད་པ་མིན་ས་ཁ་ཤས་བྱུང་སོང་།
དཔེར་ན། འཛམ་གླིང་དམངས་གཙོར་འགྱུར་ཡང་རྒྱ་ནག་དམངས་གཙོར་འགྱུར་གི་མ་རེད་ཟེར་བ་དེར་མོས་མཐུན་མེད། རྒྱ་ནག་དམངས་གཙོར་འདོད་ཡོད་དང་མེད་དམར་ཤོག་ཚོགས་པའི་རང་དབང་དུ་ཡོད་པ་ཞིག་མ་རེད། རྒྱ་མི་རིགས་བྱིངས་ཀྱི་འདོད་མོས་དང་བསམ་བློ་དང་གོ་རྟོགས་ཡར་རྒྱས་འགྲོ་ཐུབ་མིན་ལ་ཐུག་ཡོད་པ་ཞིག་རེད། རྒྱ་ནག་དེ་འཛམ་གླིང་གི་མི་འབོར་མིང་ཤོས་དང་། མི་རིགས་དང་ཆོས་ལུགས་རུ་འཛེང་གི་རྒྱལ་ཁབ་ཅིག་ཡིན་སྟབས་ནམ་ཞིག་རྒྱ་ནག་མི་མང་གི་བློ་ཁ་འགྱུར་ན་རྒྱ་ནག་གཞུང་མགོ་རྟིང་སློག་པར་བདུན་ཕྲག་གཅིག་གཉིས་ལས་འགོར་མི་དགོས་པའི་གནས་ཚུལ་ཞིག་རེད།
གཉིས་པ་དེ། དེང་སྐབས་འཛམ་གླིང་ཐོག་རྒྱ་ནག་ལ་མི་དགའ་མཁན་དང་། རྒྱ་མི་ལ་ཁྱི་ནང་བཞིན་ལྟ་གི་ཡོད་པ་མ་རེད་ཟེར་བ་དེར་མོས་མཐུན་མེད། ང་རང་ནུབ་ཕྱོགས་སུ་སྡོད་མཁན་ཞིག་གི་ངོས་ནས་བཤད་ན། དེང་སྐབས་ནུབ་ཕྱོགས་སུ་རྒྱ་མི་ཟེར་ན་མི་གྲལ་དུ་མི་འཇོག་པར་ཧ་ལམ་ར་ལུག་ལྟ་བུ་ཞིག་ལ་ལྟ་བཞིན་འདུག་ལ། ར་ལུག་ནང་ནས་ཀྱང་རྒྱུད་དང་སྤུས་ཀ་ཡག་པོ་མེད་པའི་སེམས་ཅན་ལྟ་བུ་ཞིག་ལ་ལྟ་བཞིན་འདུག