ཨིན་ཌི་ནེ་ཤི་ཡའི་ནུབ་བྱང་ཁུལ་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བྱུང་སྟེ་ད་སྔ་མི་ ༢༠ ཙམ་རྐྱེན་ལམ་དུ་ཤོར་བ་ཤེས་རྟོགས་བྱུང་འདུག
ཨིན་དྷི་ཨེ་ཤ་ཡ་གསར་ཁང་ (IANS) གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱོགས་པའི་ཐོ་རངས་ཆུ་ཚོད་ ༥།༣ སྟེང་ཨིན་ཌི་ནེ་ཤི་ཡའི་བྱང་ནུབ་ཁུལ་གྱི་ (Aceh) ཞིང་ཆེན་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བྱུང་བའི་ཁྲོད་ད་སྔ་ཡུལ་མི་ ༢༠ རྐྱེན་ལམ་དུ་ཤོར་བ་དང་། ཡུལ་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་མ་ཟད། ས་ཁུལ་དེའི་སྡོད་ཁང་དང་གཞུང་ལམ་སོགས་ལའང་བརྡིབ་སྐྱོན་བྱུང་ཡོད་འདུག
རང་བྱུང་ས་ཡོམ་རྟོགས་ཞིབ་ཚན་ཁག་ནས། ཐེངས་འདིའི་ས་ཡོམ་གྱི་གཏང་ཚད་ལ་སྤྱི་ལེ་ ༡༠ དང་ཁྱབ་ཚད་ལ་སྤྱི་ལེ་ ༡༨ ཡོད་སྐོར་བརྗོད་འདུག གནས་ཚུལ་ལྟར་ན། ཨིན་ཌི་ནེ་ཤི་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་ཡུལ་གཤོངས་ (Ring of Fire) སུ་འཁེལ་གྱི་ཡོད་སྟབས། ལོ་བཞིན་ས་ཡོམ་དང་མཚོ་རླུང་སོགས་རང་བྱུང་གོད་ཆག་མང་པོ་འབྱུང་གི་ཡོད་འདུག
ཕྱི་ལོ་ ༢༠༠༤ ལོར་ཞིང་ཆེན་དེར་ཚད་རིམ་ ༩.༢ ཅན་གྱི་ས་ཡོམ་བྱུང་སྟེ་ཁྱོན་ཡུལ་མི་ ༡༢༠༠༠༠ རྐྱེན་ལམ་དུ་ཤོར་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།