ཨ་རིའི་སྲིད་འཛིན་འོས་བསྡུ་ཚན་པའི་ཚོགས་མི་ ༥༣༨ ཀྱིས་འོས་ཤོག་འཕེངས་ཏེ་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་དགོས་ངེས་ཀྱི་འོས་གྲངས་ ༢༧༠ ཐོབ་སྟེ་ཨ་རིའི་སྲིད་འོས་ཐོབ་ཀྱི་ཐག་ཆོད་བྱས་ཡོད་འདུག
དེ་རིང་སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་འོས་བསྡུ་ཚན་པའི་ (Electoral College) ཚོགས་མི་ ༥༣༨ ཀྱིས་འོས་ཤོག་འཕངས་པ་བརྒྱུད་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་དགོས་ངེས་ཀྱི་འོས་གྲངས་ ༢༧༠ ཐོབ་སྟེ། ཨ་རིའི་སྲིད་འཛིན་འོས་ཐོབ་ཀྱི་ཐག་ཆོད་བྱུང་ཡོད་ཅིང་། འོས་གྲངས་ཀྱི་གྲུབ་འབྲས་དེ་ཕྱི་ཟླ་ ༡ ཚེས་ ༦ ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག
སྐུ་ཞབས་ཊི་རུམ་ཕི་མཆོག་གིས། “སྲིད་འཛིན་འོས་བསྡུའི་རྒྱལ་ཁ་འདི་ནི་རྒྱལ་ཡོངས་མི་མང་ས་ཡ་མང་པོའི་ཧུར་བརྩོན་དང་རྒྱབ་སྐྱོར་ལ་བརྟེན་ནས་མངོན་འགྱུར་བྱུང་བ་རེད། ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁའི་གོམ་པ་འདི་ལ་བརྟེན་ནས། ང་ཚོ་འོད་སྣང་ལྡན་པའི་མ་འོངས་པའི་ཕྱོགས་སུ་མདུན་སྐྱོད་བྱ་ཐུབ། ངས་ང་ཚོའི་རྒྱལ་ཁབ་ཅིག་སྒྲིལ་ཡོང་ཐབས་ལ་འབད་བརྩོན་བྱས་ཏེ་ཨ་རིའི་མི་མང་གི་སྲིད་འཛིན་བྱ་རྒྱུ་ཡིན། གཞུང་མང་གཉིས་མཉམ་འབྲེལ་ཐོག ང་ཚོས་ཡང་བསྐྱར་ཨ་རི་སྟོབས་ཆེན་རྒྱལ་ཁབ་བཟོ་ངེས་ཡིན། སྲིད་འཛིན་འོས་བསྡུའི་རྒྱལ་ཁ་འདི་ནི། ང་ཚོའི་དམངས་གཙོའི་ལམ་ལུགས་འོག་ཚ་ཚ་འུར་འུར་གྱི་སྒོ་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཞིག་ཡིན།” ཞེས་བརྗོད་འདུག
ཨ་རིའི་སྲིད་འཛིན་འོས་བསྡུའི་སྔོན་འགྲོ་དང་དངོས་གཞིའི་སྐབས་སུ། མང་མོས་ཀྱི་འོས་གྲངས་ཐད་ནས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་མཆོག་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་གཉིས་བར་ལ་འོས་གྲངས་བརྒྱ་ཆ་གཉིས་ཀྱི་ཧེ་བག་ཤོར་ཡོད་ནའང་། འོས་གྲངས་གཞིར་བཟུང་གིས་སྐུ་ཞབས་ཊི་རུམ་མཆོག་ལ་འོས་གྲངས་ ༣༠༤ དང་ལྕམ་ཧེ་ལ་རེ་མཆོག་ལ་འོས་གྲངས་ ༢༢༧ ཐོབ་ཡོད་པ་མ་རེད།
སྐུ་ཞབས་ཊི་རུམ་ཕི་ཡི་མཐའ་མའི་སྲིད་འཛིན་རྒྱལ་ཁ་འདི་ལ་རྟེན་ནས། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་གི་རྒྱབ་སྐྱོར་མི་མང་གིས། ཨ་རིའི་གྲོས་ཚོགས་ཀྱི་སྒོ་མདུན་དུ། མི་མང་གི་འདོད་མོས་མེད་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱལ་ཁ་ཐོབ་པར་ཁོང་ཁྲོའི་རྣམ་འགྱུར་ཡང་བསྟན་ཡོད།
ཕྱི་ཟླ་ ༡ པའི་ཚེས་ ༢༠ ཉིན་གྱི་ཉིན་གུང་ནས་སྐུ་ཞབས་ཊི་རུམ་ཕི་མཆོག་ནས་ཨ་རིའི་སྲིད་འཛིན་ ༤༥ པའི་ལས་འགན་མགོ་འཛུགས་བྱ་རྒྱུ་ཡིན་འདུག
གཞན། རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨ་རིའི་ལས་ཐོག་སྲིད་འཛིན་ཨོ་བྷ་མས། ཨུ་རུ་སུའི་གཞུང་གིས་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སུ། ཨ་རིའི་གཞུང་འབྲེལ་དྲ་ལམ་ནང་ལྐོག་འཛུལ་དང་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་ཐེ་གཏོགས་བྱས་ཡོད་པར་སྐྱོན་བརྗོད་གནང་འདུག
གསར་འགོད་པ། པདྨ་རྒྱལ།