“ཁྱེད་རང་ཚོའི་ངོས་ནས་ཧུར་ཐག་འབད་ཐག་བྱེད་བཞིན་པར་བརྟེན་ངོས་ནས་ཀྱང་རིང་དུ་འཚོ་བར་ཤོག་སྙམ་པའི་འདུན་པ་གཏོང་གི་ཡོད་ལ། འདུན་པ་གཏོང་བའི་འདོད་པ་ཡང་ཡོང་གི་འདུག དེ་མིན་ཕན་ཐོགས་དེ་ཙམ་མེད་པ་དང་། བཤད་ནས་མ་ཉན་པ་ལྟ་བུ་ཞིག་ཆགས་ན་བསྡད་ནས་ཕན་ཐོགས་དེ་ཙམ་མེད།” ༧གོང་ས་མཆོག་གིས་གསུངས།
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན། དཔལ་ལྡན་འབྲས་དཀར་སྤུངས་པའི་དགོན་པ་ཕྱག་བཏབས་ཏེ་ལོ་ངོ་ ༦༠༠ འཁོར་བའི་མཛད་སྒོའི་སྟེང་། ༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་ཁོང་གིས་བཀའ་སློབ་གནང་དོན། འདིར་རྟེན་འབྲེལ་ཞིག་མེད་དམ་སྙམ་པ་བྱུང་། དཔལ་ལྡན་འབྲས་དཀར་སྤུངས་པ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་ཕྱག་བཏབ་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་སྐབས་འདིར། དགེ་འདུན་ཚོགས་པ་དབུས་སུ་ཁྲི་གདན་ཟུར་རྣམ་པ་གཉིས་དང་། ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་ཀྱིས་དབུས་ཚང་མས་བརྟན་བཞུགས་གནང་བ་ནི། སྤྱིར་བཏང་གི་བརྟན་བཞུགས་དང་མི་འདྲ་བ་ཞིག་ཡིན། སྔར་ངོས་རང་ལོ་ངོ་བཅུ་གསུམ་སོགས་ལོ་སྐེག་འཁེལ་བའི་སྐབས་སོགས་སུ་བརྟན་བཞུགས་ཧ་ཅང་མང་པོ་ཞིག་ཕུལ་བ་རེད། དེ་རིགས་ཁྲལ་ལྟ་བུ་ཞིག་ཡིན་པ་ལས་དེ་ཙམ་གྱི་གལ་གནད་ཆེ་བ་མེད། དེང་སྐབས་ཀྱི་བརྟན་བཞུགས་རྣམས་དེ་ལྟ་བུ་ཞིག་མིན། ང་རང་ཚོའི་བསྟན་པ་དང་ཆབ་སྲིད་ཉག་ཕྲའི་གནས་སྐབས་ཤིག་ཆགས་ཡོད། གཙོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་དང་ལས་འབྲེལ་ཡོད་པ་ཧ་ཅང་གསལ་པོ་ཡིན།
དེ་ནས་ཡར་འདེད་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་ལས་འབྲེལ་ཡོད་པ་ཧ་ཅང་གསལ་པོ་རེད་འདུག དེར་བརྟེན། ངོས་ནས་བོད་ཀྱི་བསྟན་སྲིད་མི་དམངས་དང་བཅས་པའི་བདེ་དོན་ལ་ཞབས་འདེགས་ཕྲན་བུ་སྒྲུབ་བཞིན་ཡོད། འཛམ་གླིང་སྤྱི་ལ་ཡིན་ནའང་ངོས་ཀྱིས་གང་ལ་གང་འཚམ་གྱི་ཕན་ཐོགས་ཤིག་བྱེད་ཐུབ་ཀྱི་ཡོད་སྟབས། ངོས་ཀྱིས་རྟག་ཏུ། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་དེ་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་འདོན་ནས་སྨོན་ལམ་རྒྱག་བཞིན་ཡོད། སྨོན་ལམ་བརྒྱབ་པ་ཙམ་མིན་པར་ལག་ལེན་ངོ་མའི་ཐོག་ནས་གང་ཡོང་བྱེད་བཞིན་ཡོད། དེས་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཤིག་ཡོད་སྟབས་ངོས་རང་གི་ངོས་ནས་ཀྱང་ཕན་ཐོགས་ཡོད་ས་དེར་ཡུན་རིང་ཙམ་གནས་ཐུབ་ན་ཕན་པ་ཞིག་ཡོང་བ་དང་། གལ་གནད་ཆེ་ཤོས་ཤིག་ལ་འདིར་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན།
གདན་ས་ཁག་ཏུ་སློབ་གཉེར་བྱ་རྒྱུར་ཚང་མས་ཧུར་ཐག་བྱས་ཏེ་ཡག་ཐག་ཆོད་རེད་འདུག གཞན་ཡང་ཁ་སང་དང་ཁ་ཉིན་བཅས་འདིར་ང་ཚོ་ཚན་རིག་ཚོགས་འདུ་འཚོགས་པའི་སྐབས་སོགས་སུ་དེང་དུས་ཀྱི་ཤེས་ཡོན་ཡོད་པ་བཅས་འདབ་ཆགས་གཤོག་པ་ཟུང་ལྡན་ཞེས་བརྗོད་པ་ལྟར་གང་འཚམ་ཚད་མཐོན་པོར་བསླེབས་པ་ལྟ་བུ་ཆགས་ཡོང་གི་འདུག ཁྱེད་རང་ཚོའི་ངོས་ནས་ཧུར་ཐག་འབད་ཐག་བྱེད་བཞིན་པར་བརྟེན་ངོས་ཀྱི་ངོས་ནས་ཀྱང་རིང་དུ་འཚོ་བར་ཤོག་སྙམ་པའི་འདུན་པ་གཏོང་གི་ཡོད་ལ། འདུན་པ་གཏོང་བའི་འདོད་པ་ཡང་ཡོང་གི་འདུག དེ་མིན་ཕན་ཐོགས་དེ་ཙམ་མེད་པ་དང་། བཤད་ནས་མ་ཉན་པ་ལྟ་བུ་ཞིག་ཆགས་ན་བསྡད་ནས་ཕན་ཐོགས་དེ་ཙམ་མེད། ད་ལྟ་ཚང་མ་དད་པ་དང་དམ་ཚིག་གཙང་མ། དེ་ཡང་སྤྱིར་བཏང་ཕལ་སྐད་ཀྱི་ཐོག་ནས་བརྗོད་ན། ངོས་ཀྱིས་ཉམས་མྱོང་མང་པོ་ཞིག་བསགས་ཡོད་ལ། ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ཀྱང་ངོས་ཀྱི་ཤེས་ཀྱི་ཡོད། དེ་ལྟ་བུའི་ཐོག་ནས་ངོས་ཀྱི་བསམ་འཆར་བཤད་པ་དང་། ལམ་སྟོན་བྱས་པ་དེ་དག་གི་ཐོག་ཏུ་ཕལ་སྐད་ལྟར་བཤད་ན། རྒྱག་གཅིག་མཆོངས་གཅིག་གི་ཐོག་ནས་ཁྱེད་རང་ཚོས་འགྲོ་བཞིན་ཡོད། དེས་ན་ངོས་ཀྱི་བསམ་བློའི་ནང་དུ་ང་ཚོ་ཚང་མང་མས་ཐུན་མོང་གི་ཐོག་ནས་དཀའ་ལས་བརྒྱབ་ནས་གྲུབ་འབྲས་གང་ལ་གང་འཚམ་ཐོན་གྱི་འདུག་སྙམ་པ་དང་། མཐར་གཏུགས་ན་རྣམ་འདྲེན་ཤཱཀྱ་སེངྒེའི་ཐུགས་ཀྱི་དགོངས་པ་ང་ཚོས་སྒྲུབ་བཞིན་ཡོད། དེ་བཞིན། འཕགས་པ་འཇམ་དཔལ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་མཚོན་པས་ས་ལ་གནས་པའི་སེམས་དཔའ་དེ་དག་གི་ཐུགས་བཞེད་ང་ཚོས་སྒྲུབ་བཞིན་ཡོད། ལྷག་པར་དུ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པཎ་གྲུབ་བཅུ་བདུན་གྱིས་ཡེ་ཤེས་ཀྱིས་གཟིགས་སྐབས་ཁོང་རྣམས་ཀྱིས་བརྩམས་པའི་ལེགས་བཤད་རྣམས་ལོ་ངོ་སྟོང་ཕྲག་གཉིས་ཙམ་ཕྱིན་པའི་རྗེས་སུའང་། ཁོང་རྣམས་ཀྱིས་བརྩམས་པའི་ལེགས་བཤད་རྣམས་བདག་པོ་རྒྱག་མཁན་ཞིག་འདུག་དགོངས་ནས་ཐུགས་མཉེས་པོ་ཡོང་ངེས་ཡིན།
ཉེ་སྔོན་ངོས་ཀྱིས་སོག་ཡུལ་དུ་རྩེད་མོ་དང་བཅས་ཏེ་ལབ་རྒྱུ་བྱུང་། སྔར་ངོས་རང་སོག་ཡུལ་དགའ་ལྡན་དགོན་དུ་བསླེབས་སྐབས་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་སྤྲད་པ་དེ་དག་འདུ་ཁང་གི་རྒྱབ་ངོས་སུ་འགྲེམས་འཇོག་གནང་ཞིང་། མདུན་ངོས་སུ་ཕྱག་རྡོར་དང་། འཇིགས་བྱེད་སོགས་ལྷག་པའི་ལྷ་རྫིག་པོ་དེ་རིགས་ཡོད་པ་བྱས་ཏེ། པཎ་གྲུབ་བཅུ་བདུན་རྣམས་རྒྱབ་ངོས་སུ་གབ་ནས་བཞུགས་པ་ལྟ་བུ་ཞིག་ཆགས་འདུག དེར་བརྟེན། ངོས་ནས་རྩེད་མོ་དང་བཅས་ཏེ་ཁྱེད་རང་ཚོས་འདིར་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་སློབ་གཉེར་བྱེད་ཀྱི་མེད་སྟབས། པཎ་གྲུབ་བཅུ་བདུན་གྱི་དགོངས་པ་ལ་ང་ཚོས་བརྩམས་པའི་གཞུང་ལུགས་རྣམས་བདག་པོ་རྒྱག་མཁན་མི་འདུག་པས། ང་ཚོ་རྒྱབ་ངོས་སུ་ངལ་གསོ་བརྒྱབ་ནས་བསྡད་ཡོད་ཅེས་པ་ལྟ་བུ་ཞིག་འདུག་ཅེས་བརྗོད་རྒྱུ་བྱུང་། དེ་རྗེས་ངོས་ནས་སླར་ཡང་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཞིག་སྤྲད་ནས་འོག་ཏུ་རྗེ་བདག་ཉིད་ཆེན་པོས། བསྟན་པ་རིན་ཆེན་ཕྱོགས་ཀྱིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་ཐུགས་སྨོན་མཛད་པའི་ཚིགས་སུ་བཅད་པ་དེ་བྲིས་ནས་སྐུ་ཐང་དེ་ཕུལ་ནས་སྐུ་ཐང་འདི་དག་གབ་ནས་བཞུགས་རྒྱུ་ཞིག་མིན་ཞེས་བརྗོད་པ་ཡིན།
འདིར་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་རྣམས་གབ་ནས་མ་བཞུགས་པར་མདུན་ངོས་སུ་བཞུགས་འདུག གལ་གནད་ཆེ་ཤོས་ནི། ངོས་ནས་ཞུས་པ་ལྟར་སློབ་གཉེར་ཧུར་ཐག་བྱེད་དགོས། དེའི་སྐོར་མ་གཞི་རྗེས་སུ་ཞུ་འཆར་ཡོད། སློབ་གཉེར་ཐད་ཧུར་ཐག་འབད་ཐག་བྱས་ན་པཎ་གྲུབ་བཅུ་བདུན་གྱི་ཐུགས་དགོངས་ལ་ཁོང་རྣམས་ཀྱིས་བརྩམས་པའི་ལེགས་བཤད་རྣམས་ད་དུང་ཡང་བདག་པོ་རྒྱག་གི་འདུག་དགོངས་པ་ཞིག་བྱུང་ན་ཐུགས་མཉེས་པ་ཡོང་ངེས་མ་ཟད། དེ་དག་གི་ཐུགས་རྗེ་བྱིན་རླབས་ཤིག་ཀྱང་ཏན་ཏན་ཡོང་གི་རེད།
དེ་བཞིན། འདིར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཡོད་པ་དང་། ངོས་རང་ཆུང་ངུའི་སྐབས་ནས་ཀྱང་འབྲེལ་བ་ཡོད་པ་གནས་ཆུང་རྡོ་རྗེ་གྲགས་ལྡན་སྤྱན་འདྲེན་ཞུས་པ་ལྟར་གོང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོས་ངོས་རང་ལོ་ ༡༠༨ བཞུགས་རོགས་གནང་ཞེས་ཨུ་ཚུགས་ཤུགས་ཆེན་བསྐྱོན་གྱི་འདུག དེར་བརྟེན། དེ་རིང་འདིར་རྟེན་འབྲེལ་བཟང་པོ་དང་། ཧ་ཅང་ཡག་པོ་བྱུང་ལ། གཙོ་ཆེ་ཤོས་ཁྱེད་རང་ཚོས་ལྷག་བསམ་རྣམ་དག་བྱས་པ་རེད། བླ་མ་འཚོ་དང་མི་འཚོ་ཟེར་བ་ནི། སློབ་མ་རྣམས་ཀྱིས་ཧུར་ཐག་འབད་ཐག་བྱས་མིན་ལ་རག་ལུས་ཡོད། ད་ལྟ་བར་ཧུར་ཐག་བྱེད་ཀྱི་འདུག ད་དུང་ཡང་ཧུར་ཐག་བྱེད་ཤོག་ཨང་། སླ་རུ་མི་འགྲོ་བ་དང་རྒྱབ་མདུན་ངོ་ལྐོག་མེད་པ་ཡག་པོ་ཞིག་དགོས་ལ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཞིག་བཅས་དགོས་པ་རེད། ཅེས་སོགས་གསུངས་འདུག