ཨ་རིའི་སྲིད་འཛིན་ཨོ་བྷ་མས་གསང་ཉུལ་བར་དོགས་གཞི་ཡོད་པའི་ཨ་རིའི་ནང་གི་ཨུ་རུ་སུའི་མི་སྣ་ ༣༥ ཨ་རི་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཁོས་ཨུ་རུ་སུའི་ནང་ཡོད་པའི་་རིའི་མི་སུ་གང་ཡང་ཕྱིར་འཕུད་གཏོང་རྒྱུ་མིན་པ་མ་ཟད། ཁོ་ཚོ་དང་མཉམ་དུ་ཡེ་ཤུ་འཁྲུངས་སྐར་ལ་རོལ་ཡོད་སྐོར་བརྗོད་འདུག
ཁ་སང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། “ཨ་རིའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ ༣༥ ཡིས་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་གསང་ཉུལ་བྱས་པའི་དོགས་གཞིའི་འོག་ཁོ་ཚོ་ཕྱིར་འཕུད་གཏོང་བ་དང་། ཨུ་རུ་སུའི་གསང་འཕྲིན་ལས་ཁུངས་ཀྱི་དཔོན་རིགས་ཚོ་བཀག་སྡོམ་བྱེད་ཀྱིན་ཡོད་ཀྱང་། ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་ཕྱི་འབྲེལ་མི་སྣ་གཅིག་ཀྱང་ཕྱིར་འཕུད་གཏང་མི་སྲིད་ལ། དེ་ལས་ལྡོག་སྟེ་ཡེ་ཤུ་འཁྲུངས་སྐོར་ཉིན། ངས་ཨ་རིའི་ཕྱི་འབྲེལ་མི་སྣ་དང་ཁོ་ཚོའི་ནང་མི། བྱིས་པ་སོགས་མགྲོན་འབོད་བྱས་ཏེ། ང་ཚོ་མཉམ་དུ་གནམ་ལོ་གསར་བའི་སྤྲོ་ཚོགས་ལ་རོལ་བ་ཡིན། ཨ་རི་དང་ཨུ་རུ་སུ་གཉིས་བར་གྱི་ད་ལྟའི་རྩོད་རྙོག་ཐག་གཅོད་མ་བྱས་སྔོན་ལ། ངས་འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཕོ་བྲང་དཀར་པོའི་ནང་འཐོན་རྒྱུ་ཡིན་པའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡི་ཕྱི་འབྲེལ་སྲིད་ཇུས་ལ་རེ་སྒུག་བྱས་ཡོད།” ཅེས་བརྗོད་འདུག
རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱི་གནས་ཚུལ་ནང་། ཨ་རིའི་སྲིད་འཛིན་བདམས་འཐོན་པ་སྐུ་ཞབས་ཊི་རུམ་ཕི་ཡིས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཨ་རིའི་ཕྱི་འབྲེལ་མི་སྣ་ཕྱིར་འཕུད་གཏོང་རྒྱུ་མིན་པ་དང་། ཨོ་བྷ་མའི་བྱེད་སྟངས་དེར་རྒོལ་ལན་སློག་འདོད་མེད་པ་དེར་བསྔགས་བརྗོད་བྱས་ཡོད་འདུག ཨ་རིའི་རྒྱལ་ཡོངས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་རྗེམ་སི་ཁི་ལ་ཕིར་ (James Clapper) ཟེར་བ་ཞིག་གིས། ཨ་རིའི་གྲོས་ཚོགས་ནང་ཨུ་རུ་སུས་ཨ་རིའི་ནང་སྲིད་ལ་ཐེ་གཏོགས་བྱས་ཡོད་མེད་ར་སྤྲོད་བྱ་རྒྱུ་ཡིན་པ་དང་། དེ་ནི་སྐུ་ཞབས་ཊི་རུམ་ཕི་ལ་མཚོན་ན། འབྱུང་འགྱུར་ཨུ་རུ་སུ་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་རྒྱ་སྐྱེད་ཀྱི་གོ་སྐབས་ཡག་པོ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
ཕྱི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞུང་འབྲེལ་གསལ་ཤིག་སྤེལ་ཏེ། ཨ་རིའི་ནང་ཡོད་པའི་གསང་མྱུལ་བར་དོགས་གཞི་ཡོད་པའི་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ ༣༥ ཙམ་ཨ་རི་ནས་ཕྱིར་འཕུད་གཏོང་རྒྱུ་དང་། ཨུ་རུ་སུའི་གསང་བའི་མི་སྣ་གཉིས་ཀྱི་ལས་དོན་ཐོག་དམ་དྲགས་བྱ་རྒྱུ་ཡིན་པ། ཕྱིར་འཕུད་གཏོང་འཆར་ཡོད་པའི་ཨུ་རུ་སུའི་མི་སྣ་དེ་དག་ཆུ་ཚོད་ ༧༢ ནང་། སོ་སོའི་ནང་མི་དང་བཅས་ཨ་རི་ནས་འཐོན་དགོས་སྐོར་སོགས་བརྗོད་ཡོད།
ཁ་སང་ཕྱི་དོར་ཨུ་རུ་སུའི་གསང་འཕྲིན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་གཞུང་གིས་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ ༣༥ ཕྱིར་འཕུད་དང་ཨུ་རུ་སུའི་གསང་འཕྲིན་ལས་ཁུངས་ཀྱི་དཔོན་རིགས་ཚོ་བཀག་སྡོམ་བྱས་པ་ཡིན་ན། ཨུ་རུ་སུའི་གཞུང་གིས་ཀྱང་ཨུ་རུ་སུའི་ནང་ཡོད་པའི་ཨ་རིའི་ཕྱི་འབྲེལ་མི་སྣ་ཕྱིར་འཕུད་བཏང་སྟེ། ཨ་རི་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཨུ་རུ་སུའི་ཕྱི་འབྲེལ་བློན་ཆེན་ལ་ཝ་རོ་ཝ་ (Lavrov) ཟེར་བ་ཞིག་གིས། “ངས་སྲིད་འཛིན་ཕུ་ཊེན་དང་མཉམ་དུ་ཨུ་རུ་སུའི་ནང་ཡོད་པའི་ཨ་རིའི་ཕྱི་འབྲེལ་མི་སྣ་ཚོ་ཕྱིར་འཕུད་གཏོང་རྒྱུ་དང་བཀག་སྡོམ་བྱེད་ཕྱོགས་ཐད་ལ་གྲོས་མོལ་བྱས་པ་ཡིན། ཨ་རིའི་གཞུང་གིས་ཨུ་རུ་སུའི་གསང་བའི་མི་སྣས་དྲ་ཐོག་ནས་ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱས་སོང་ཟེར་བ་དེ་ནི། ཨུ་རུ་སུར་གཞི་མེད་སྐྱོན་འཛུགས་བྱས་པ་ཡིན་སྟབས། ཨ་རིའི་གཞུང་གིས་ཨུ་རུ་སུའི་མི་སྣ་ཕྱིར་འཕུད་དང་བཀག་སྡོམ་བྱེད་པར་མཐའ་གཅིག་ཏུ་རྒོལ་ལན་སློག་རྒྱུ་ཡིན།” ཞེས་བརྗོད་འདུག
ཁ་སང་ཕྱི་དྲོར་ཨུ་རུ་སུའི་གཞུང་འབྲེལ་རླངས་འཁོར་ ༦ ཡོང་སྟེ། ཨ་རིའི་ཤར་རྒྱུད་གྲོང་ཁྱེར་མ་རེ་ལན་ཊི་ནང་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་ས་ཁང་གི་སྒོ་བརྒྱབ་སྟེ། དེ་གའི་ལས་བྱེད་དང་བཅའ་དངོས་སོགས་དབོར་འདྲེན་བྱས་ཡོད་པ་དང་། ས་ཁང་དེ་གཉིས་ནི་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་དང་ཨུ་རུ་སུའི་གསང་འཕྲིན་ལས་ཁུངས་ཀྱི་དཔོན་རིགས་ཚོ་གུང་གསེང་དང་སྤྲོ་གསེང་ལ་ཡོང་ས་གཙོ་བོ་ཞིག་ཡིན་ཞིང་། ས་ཁང་དེ་གཉིས་ནང་ཨུ་རུ་སུའི་ཟློས་གར་ཁང་དང་གློག་བརྙན་ཁང་། གསོལ་མགྲོན་ཁང་དང་ཆུ་རྩེད་རྭ་བ། སྤྲོ་འཆམ་གླིང་ཁ་སོགས་བཟོ་སྐྲུན་བྱས་ཡོད་འདུག
གནས་ཚུལ་ལྟར་ན། སྲིད་འཛིན་ཨོ་བྷ་མས་ཨུ་རུ་སུའི་མི་སྣ་ ༣༥ ཨ་རི་ནས་ཕྱིར་འཕུད་གསལ་བསྒྲགས་བསྐྱངས་དོན་ནི། ཨུ་རུ་སུའི་དྲ་ཐོག་གསང་ཉུལ་བ་ཚོས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་བསྡུ་ལས་ཁང་གི་དྲ་ལམ་ནང་ལྐོག་འཛུལ་བྱས་པ་དང་། ཕྱི་ཟླ་ ༡༡ ཚེས་ ༨ ཉིན་གྱི་འོས་བསྡུའི་སྐབས་སྲིད་འཛིན་འོས་བསྡུའི་ལས་རིམ་ལ་ལྐོག་ལྟ་བྱས་ཡོད་ཅིང་། ཨུ་རུ་སུའི་དྲ་ཐོག་གསང་ཉུལ་བ་དེ་དག་གི་དམིགས་འབེན་གཙོ་བོ་སྤྱི་མཐུན་ཚོགས་པའི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱས་ཏེ་དམངས་གཙོ་ཚོགས་པའི་ལྕམ་ཧེ་ལ་རེ་ཕམ་ཉེས་བཟོ་རྒྱུ་དེ་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།