ཟླ་འདིའི་ཚེས་ ༡༡ ཉིན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁོ་རང་གི་སྲིད་འཛིན་ལས་ཡུན་རྫོགས་རྒྱུར་ཉིན་ ༡༠ ལས་མེད་པ་དང་བསྟུན་ཏེ། ཨ་རིའི་གྲོང་ཁྱེར་ཆེ་ཁཱ་ཀོའི་ནང་དུས་ཡུན་སྐར་མ་ ༥༠ རིང་གཏམ་བཤད་མཐའ་མ་དེ་གནང་ཡོད་པ་ཧྲིལ་བོ་འདིར་བོད་བསྒྱུར་བྱས་ཡོད།
“ ངའི་བརྩེ་བའི་ཨ་རི་བ་རྣམ་པ། བདུན་ཕྲག་འགའི་རིང་མའེ་ཤཱལ་དང་ང་ལ་འབྱོར་བའི་ཤིས་ཚིག་དག་གིས་ངེད་གཉིས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། འོན་ཀྱང་དོ་ནུབ་ནི་ངས་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་བའི་དུས་ཚོད་བསླེབས་སོང་། ད་ལྟ་ཁྱིམ་ཚང་ཁག་དང་སློབ་གྲྭ་ཁག ཞིང་གྲོང་དག་དང་། བཟོ་གྲྭ་ཁག དགུང་ཟས་ཟ་ས་དག རྒྱང་རིང་གི་དམར་སྒར་བཅས་སུ་ཡོད་པའི་ཨ་རིའི་མི་མང་རྣམ་པ། ངས་ད་བར་ཁྱེད་ཅག་དང་ལྷན་དུ་གླེང་མོལ་བྱས་པའི་ཁྲོད་ནས་ང་ཚོ་ཕན་ཚུན་མོས་མཐུན་བྱུང་ཡོད་ན་འདྲ་ལ། མོས་མཐུན་གཏན་ནས་བྱུང་མེད་ནའང་འདྲ། ཁྱེད་ཅག་དང་མཉམ་དུ་གླེང་མོལ་བྱས་བ་དེ་དག་ནི། ང་རང་མི་གཞུང་དྲང་ཞིག་ཡོང་བའི་རྒྱུ་རྐྱེན་ཆགས་སོང་། གླེང་མོལ་དེ་དག་གིས་ང་ལ་སྐུལ་ལྕགས་ཐེབས་ཤིང་འབད་བརྩོན་རྒྱུན་འཁྱོངས་བྱེད་དུ་བཅུག་བྱུང་། ངས་རྒྱུན་པར་ཁྱོད་ཚོ་ལས་བསླབ་བྱ་བླངས་བ་ཡིན་ལ། ཁྱེད་ཅག་གིས་ང་རང་སྔར་ལས་ལྷག་པའི་སྲིད་འཛིན་ཞིག་དང་། སྔར་ལས་ལྷག་པའི་མི་ཞིག་བཟོས་སོང་།
ང་ཐོག་མར་ཆེའེ་ཁཱ་ཀོ་(Chicago)ལ་འབྱོར་སྐབས་ང་རང་ལོ་ཉི་ཤུ་རྩ་སྟོད་ཅིག་ཡིན། དེ་དུས་ངས་ད་དུང་རང་ཉིད་འཚོལ་བཞིན་པའི་སྐབས་རེད། རང་ཉིད་ཀྱི་མི་ཚེའི་དམིགས་འདུན་འཚོལ་བཞིན་ཡོད། ངས་ཐོག་མར་ལས་མགོ་འཛུགས་ས་ནི། ཉེ་འགྲམ་གྱི་ཡེ་ཤུའི་ཆོས་ཁང་གི་ཚོགས་པ་ཞིག་དང་ལྷན་དུ་ལས་ཀ་བྱས་པ་ཡིན། ལམ་ཁ་དེ་དག་བརྒྱུད་ནས་ངས་ཡིད་རྟོན་གྱི་སྟོབས་ཤུགས་མཐོང་སོང་། འབད་བརྩོན་ཁྲོད་ནས་ཕམ་ཁར་གདོང་གཏོད་ཕོད་པའི་བཀུར་འོས་པའི་ངལ་རྩོལ་མི་དམངས་མཐོང་བྱུང་། འདི་ནས་ངས་འཕོ་འགྱུར་ཟེར་བ་དེ་མི་མང་དཀྱུས་མ་ཚོས་ཆ་ཤས་བླངས་ཤིང་། མཉམ་ཞུགས་ཀྱིས་དགོས་འདུན་བཏོན་པ་ཁོ་ནར་བརྟེན་ཏེ་ཡོང་དགོས་པ་ཞིག་ཡིན་པ་ཤེས་སོང་།
ལོ་ངོ་བརྒྱད་ཀྱི་རིང་ལ་ང་ཁྱེད་ཅག་གི་སྲིད་འཛིན་བྱས་པའི་གནས་ལུགས་དེ་ལ་ངས་ད་དུང་ཡིད་ཆེས་བྱེད་ཀྱིན་ཡོད། དེ་ནི་ང་གཅིག་པུའི་ཡིད་ཆེས་ཙམ་མ་རེད། དེ་ནི་ཨ་རིའི་བའི་བྲང་གཞུང་ན་ལྷོག་ལྷོག་དུ་ལྡང་བཞིན་པའི་སྙིང་གསོན་པོ་དེ་རེད། དེ་ནི་ང་ཚོ་ཨ་རིའི་གཞུང་འཛིན་ཁྲོད་ཀྱི་ཉམས་མྱོང་ཆེན་པོ་ཞིག་ཡིན་ལ། དེ་ནི་དཀོན་མཆོག་གིས་ང་ཚོ་ཚང་མ་འདྲ་མཉམ་བཟོས་ཤིང་། ང་ཚོའི་མི་ཚེའི་ནང་དཀོན་མཆོག་གིས་ལྷན་སྐྱེས་ཀྱི་ཐོབ་ཐང་དང་། བདེ་སྐྱིད་ལ་སྙེགས་པའི་རང་དབང་གནང་ཡོད་པའི་ཡིད་ཆེས་དེ་ཡིན།
ཐོབ་ཐང་ནི་འབད་བརྩོན་བྱས་ཏེ་ལེན་དགོས་པ་ཞིག་ལས་རང་འགུལ་གྱིས་བྱུང་བ་ཞིག་མིན་པ་གསལ་བོར་ཤེས་དགོས། ང་ཚོ་མི་མང་གིས་དམངས་གཙོའི་བྱེད་ཐབས་བརྒྱུད་ནས་སྔར་ལས་ལྷག་པའི་ཆིག་སྒྲིལ་ཞིག་བྱེད་ཐུབ་ངེས་ཡིན། འཚོལ་སྙེགས་རང་དབང་ནི་ཅི་འདྲའི་བསམ་ཚུལ་གལ་ཆེན་ཞིག་རེད། དེ་ནི་ང་ཚོའི་རྒྱལ་ཁབ་འཛུགས་མཁན་ཚོས་ང་ཚོར་གནང་བའི་ལེགས་སྐྱེས་ཅི་འདྲའི་རྩ་ཆེན་ཞིག་རེད་ཨང་། དེ་ནི་རྔུལ་ཆུ་དང་འབད་བརྩོན་འཆར་སྒོ་སོགས་ལ་བརྟེན་ནས་མི་སྒེར་གྱི་རྨི་ལམ་དང་རེ་བར་སྙེགས་པ་དང་། གལ་ཆེའི་མཉམ་འབྲེལ་གྱི་འབད་བརྩོན་ལ་བརྟེན་ཏེ་སྤྱི་བར་ཕན་པ་བསྒྲུབ་པ་དང་། སྔར་ལས་ལྷག་པའི་གནས་རིམ་ཞིག་ལ་སྙེགས་ཐུབ་པར་བྱེད་པ་དེ་རེད།
ལོ་ངོ་ ༢༤༠ རིང་ང་ཚོའི་རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་ལས་ཀ་དང་། མི་རབས་གསར་བ་རེ་རེ་བཞིན་དམིགས་ཡུལ་ལྡན་པ་བྱེད་རྒྱུར་ཁག་ཐེག་བྱས་པ་རེད། དེ་ནི་རྒྱལ་གཅེས་པ་ཚོར་བཙན་རྒྱལ་རིང་ལུགས་པ་ཞིག་ལས་སྤྱི་མཐུན་རྒྱལ་ཁབ་ཅིག་འདེམ་དུ་འཇུག་བྱེད་དེ་ཡིན་ལ། དེ་ནི་གནའ་སྔ་མོའི་མི་རྣམས་ནུབ་ཕྱོགས་སུ་ཡོང་དུ་འཇུག་བྱེད་དེའང་ཡིན། དེ་ནི་བྲན་གཡོག་ཚོས་རང་དབང་གི་ཆེད་དུ་ལྕགས་ལམ་བཀོལ་བའི་སྙིང་སྟོབས་བསྐྱེད་བྱེད་དེའང་ཡིན།
དེ་ནི་རྒྱ་མཚོ་དང་རེའོ་གྷན་ཊི་གཙང་པོ་བརྒལ་ནས་ཡུལ་སྤོར་བ་ཚོ་དང་སྐྱབས་བཅོལ་བ་ཚོ་འདིར་འགུག་བྱེད་དེ་ཡིན་ལ། དེ་ནི་བུད་མེད་ཚོས་འོས་འཕེན་པར་སྐུལ་བྱེད་དེའང་ཡིན། དེ་ནི་དམག་ཆེན་གཉིས་པའི་སྐབས་ཀྱི་དམག་མི་ཚོས་ཨོ་མཱ་ཧཱ་མཚོ་འགྲམ་དང་ཨེ་རག ཨ་ཧྥི་གྷ་ནི་སི་ཐེན་བཅས་སུ་ཅི་ཕྱིར་ཁོ་ཚོའི་ཚེ་སྲོག་འབུལ་དོན་དེའང་ཡིན་ལ། དེ་བཞིན། དེ་ནི་སེལ་མཱ་ནས་སྐྱེས་པ་དང་བུད་མེད་ཚོས་ཁོ་ཚོའི་རེ་ཞུར་ཡ་ལན་མ་སྤྲད་པར་ཚེ་སྲོག་འབུལ་རྩིས་བྱེད་དོན་དེ་ཡང་ཡིན། (ཐལ་མོ་སྡེབ་སྒྲ) དེར་རྟེན། ང་ཚོས་ཨ་རི་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བརྗོད་དོན་དེ་ཡིན། ང་ཚོའི་རྒྱལ་ཁབ་ཐོག་མར་འཛུགས་སྐབས་ནས་སྐྱོན་མེད་པ་ཞིག་མིན་མོད། ང་ཚོས་སྐྱོན་དེ་དག་ལ་བཅོས་བསྒྱུར་གཏོང་ཐུབ་པའི་ཁོག་རྒྱ་བསྐྱེད་ཅིང་རྗེས་སུ་འབྲང་མཁན་ཚོའི་མི་ཚེ་སྔར་ལས་ལེགས་པ་ཞིག་ཏུ་བསྐྲུན་པས་རེད།
ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆ་སྙོམ་བྱས་ཏེ་ཡོང་བ་ཞིག་མིན། དམངས་གཙོའི་ལས་ཀ་བྱེད་སྐབས་དཀའ་ཁག་མང་པོར་འཕྲད་ཀྱིན་ཡོད། མཚསམ་རེར་ཁ་རྩོད་ཤོར་བ་དང་ཚེ་སྲོག་ཤོར་བའང་ཡོང་གི་ཡོད། མདུན་བསྐྱོད་ཀྱི་གོམས་པ་གཉིས་རེའི་མཚམས་སུ་ང་ཚོས་གོམས་པ་གཅིག་ཕྱིར་སྤོས་པ་ལྟ་བུའི་ཚོར་སྣང་སྟེར་སྲིད་མོད། འདས་པའི་ལོ་རྒྱུས་ནང་ཨ་རི་དུས་དང་རྣམ་པ་ཀུན་དུ་མདུན་སྐྱོད་བྱས་ཏེ་ཡོང་ཡོད། འུ་ཅག་གི་འཛུགས་སྐྲུན་དང་རྒྱ་བསྐྱེད་ཀྱི་ཡིད་ཆེས་ལྡོག་དུ་མེད་པ་དེ་མི་འགའ་ཤས་ལ་ཡོད་པ་ཙམ་མ་ཡིན་པར་དེ་ནི་མི་ཚང་མར་ཁྱབ་ཡོད།(ཐལ་མོ་སྡེབ་སྒྲ)
གལ་ཏེ་ལོ་ངོ་བརྒྱད་ཀྱི་གོང་དུ་ངས་ཁྱེད་ཅག་ལ་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཞིག་ལྡོག་རྒྱུ་དང་། བཟོ་སྐྲུན་ལས་གྲྭ་བསྐྱར་དུ་འཛུགས་རྒྱུ། ལོ་རྒྱུས་ནང་གི་ཁྱབ་ཚད་ཆེ་ཤོས་ཀྱི་ལས་བགོ་བསྐྲུན་རྒྱུ། ཁོའུ་བྷ་(Cuba)ཡི་མི་རྣམས་ལ་ང་ཚོས་ལེའུ་གསར་བ་ཞིག་སྒོ་འབྱེད་རྒྱུ། དེ་བཞིན། མེ་མདའ་གཅིག་ཀྱང་རྒྱག་མ་དགོས་པར་ཨེ་རན་གྱི་རྡུལ་ཕྲན་ལས་གཞི་སྒོ་རྒྱག་རྒྱུ། དགུ་བའི་བཅུ་གཅིག་གི་དོན་རྐྱེན་གཏེ་བོ་ཚར་གཅོད་རྒྱུ། མཚན་མཐུན་གཉེན་སྒྲིག་འདྲ་མཉམ་ཡོང་བ་བྱེད་རྒྱུ། ཨ་རིའི་མི་སེར་ས་ཡ་ཉི་ཤུ་ལ་འཕྲོད་བསྟེན་འགན་ལེན་བྱེད་རྒྱུ་ཡིན་པ་སོགས་ངས་ཁྱེད་ཚོར་བཤད་ཡོད་ན་ཁྱེད་ཚོས་འུ་ཅག་གི་དམིགས་ཚད་དེ་ཅུང་མཐོ་དྲགས་འདུག་ཅེས་བརྗོད་ཡོད་སྲིད།
འོན་ཀྱང་དེ་དག་འུ་ཅག་གིས་བསྒྲུབས་ཟིན་པ་ཞིག་རེད། དེ་ནི་ཁྱེད་ཚོས་བསྒྲུབས་པ་ཞིག་རེད། ཁྱེད་ཚོ་ནི་འཕོ་འགྱུར་དེ་ཡིན་ལ། ཁྱེད་ཅག་གིས་མི་མང་གི་རེ་བ་བསྐངས་ཤིང་། ཁྱེད་ཅག་ལ་བརྟེན་ཏེ་ད་ལྟ་ཨ་རི་ནི་ཕལ་ཆེར་ཕྱོགས་གང་གི་ཆ་ནས་ཀྱང་སྔར་ང་ཚོའི་མགོ་འཛུགས་ས་ལས་ལྷག་པའི་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་ཡོད།
ཉིན་བཅུའི་ནང་འཛམ་གླིང་གིས་ང་ཚོའི་དམངས་གཙོའི་མཚོན་རྟགས་ཤིག་མཐོང་ངེས་རེད། མ་རེད། མ་རེད། རང་དབང་གིས་འོས་འཐེན་བྱས་པའི་སྲིད་འཛིན་ཞིག་གིས་སྲིད་འཛིན་རྗེས་མ་དེར་བདེ་འཇགས་ངང་དབང་ཆ་རྩིས་སྤྲོད་བྱེད་རྒྱུ་རེད། སྲིད་འཛིན་བྷུ་ཤིས་ང་ལ་བྱས་པ་ལྟར། ངས་སྲིད་འཛིན་འོས་ཐོབ་པ་ཊི་རུམ་ཕི་ལ་ངའི་སྲིད་གཞུང་ཞི་འཇམ་ངང་རྩིས་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད།
རྒྱུ་མཚན་ནི་འུ་ཅག་གི་སྲིད་གཞུང་གིས་ང་ཚོར་ད་དུང་འཕྲད་སྲིད་པའི་དཀའ་ངལ་ལ་རྒྱབ་སྐོར་བྱེད་ཐུབ་པ་ངེས་གཏན་བྱེད་རྒྱུ་དེ་ང་ཚོ་ཚང་མར་རག་ལས་ཡོད། ང་ཚོར་དཀའ་ཁག་ལ་གདོང་ལེན་བྱེད་པར་ཅི་ཞིག་དགོས་པ་ཚང་མ་ཡོད་པ་རེད། ང་ཚོ་ནི་སའི་གོ་ལའི་སྟེང་གི་སྟོབས་འབྱོར་དང་བརྩི་མཐོང་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན།
ང་ཚོའི་གཞོན་སྐྱེས་ཚོ་དང་ཁོང་ཅག་གི་མདུན་ལམ། ང་ཚོའི་སྣ་མང་རང་བཞིན་དང་གུ་ཡངས་རང་བཞིན། ང་ཚོའི་ཉེན་འགོག་གི་སྟོབས་ཤུགས་དང་མཐའ་མེད་པའི་གསར་སྐྲུན་གྱི་ནུས་པ་སོགས་ཀྱིས་མ་འོངས་པ་ནི་ང་ཚོར་དབང་འོས་པ་མཚོན་ཡོད། ཡིན་ན་ཡང་ནུས་པ་དེ་དག་ང་ཚོའི་རྒྱལ་ཁབ་ཀྱི་དམངས་གཙོ་སྲ་བརྟན་ཡོང་བ་དང་། ང་ཚོའི་ཆབ་སྲིད་པ་ཚོས་མི་མང་གི་མངོན་འདོད་ལེགས་པར་རྟོགས་ཐུབ་པ། སྲིད་དོན་ཕྱོགས་ཁག་མི་འདྲ་པ་དང་དེའི་འདོད་འདུན་མི་གཅིག་པ་ལས་བརྒལ་ཏེ། དམིགས་བསལ་གྱི་དུང་བ་ཞིག་ལ་བརྟེན་ཏེ་ད་ལྟ་ང་ཚོར་ཧ་ཅང་དགོས་མཁོ་ཆེ་བའི་མཐུན་མོང་གི་དམིགས་ཡུལ་དང་། དེའི་འདུ་ཤེས་བསྐྱར་སྐྲུན་བྱེད་ཐུབ་པ་བྱུང་ན་གཞི་ནས་ང་ཚོར་ནུས་པ་དེ་དག་འཐོན་ཐུབ།
ངས་དོ་ནུབ་ང་ཚོའི་དམངས་གཙོའི་གནས་བབ་སྐོར་ཞིག་བརྗོད་འདོད་པ་ནི། དམངས་གཙོའི་གོ་བ་ལོན་པར་ང་ཚོ་ཚང་མའི་བསམ་ཚུལ་གཅིག་པ་ཡིན་དགོས་དོན་མེད། ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་མེས་པོ་གོང་མ་ཚོས་མཚམས་རེར་ཕན་ཚུན་རྩོད་པ་བརྒྱབ་པ་དང་། སྐབས་རེར་འགྲིག་མཐུན་བྱུང་བ་སོགས་བརྒྱུད་ནས་ཡོང་ཡོད། ཁོ་ཚོས་ང་ཚོས་ཀྱང་དེ་ལྟར་བྱེད་པར་རེ་བ་བྱས་ཡོད། ཁོ་ཚོས་དམངས་གཙོ་ལ་གཞི་རྩའི་ཆིག་སྒྲིལ་གྱི་འདུ་ཤེས་ཤིག་དགོས་པ་རྟོགས་ཡོད་ལ། དེ་ནི་ང་ཚོར་མི་རིགས་དང་བསམ་བློ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་སྡོད་ས་གཅིག་མཚུངས་ཡིན་སྟབས། ང་ཚོ་ཡར་རྒྱས་འགྲོ་ན་འགྲོ་མཉམ་དང་། ཉམས་རྒུད་འགྲོ་ན་འགྲོ་མཉམ་ཡིན་པའི་བསམ་བློ་དེ་ཡོད་དགོས།
འདས་པའི་ལོ་རྒྱུས་ཁྲོད་ང་ཚོའི་ཆིག་སྒྲིལ་ལ་འཇིགས་ཉེན་ཐེངས་ཁ་ཤས་བྱུང་ཡོད། དུས་རབས་འདིའི་མགོ་སྟོད་ལ་ཐེངས་ཤིག་བྱུང་པ་རེད། འཛམ་གླིང་ཆུང་དུ་སོང་ཞིང་ཡར་རྒྱས་དོ་མི་མཉམ་པ་དང་། འཁོར་ཡུག་འགྱུར་ལྡོག་བྱུང་བ་དང་། འཇིགས་སྐུལ་རིང་ལུགས་པ་བྱུང་བ་སོགས་གནས་སྟངས་དེ་དག་གིས་ང་ཚོའི་བདེ་འཇགས་དང་། ཡར་རྒྱས་སྟོབས་ཤུགས་ལ་ཉམས་ཚོད་ཐེངས་ཤིག་བླངས་པ་ཙམ་མ་ཡིན་པར། ང་ཚོའི་དམངས་གཙོ་ལའང་ཡིག་རྒྱུགས་གཏོང་གི་ཡོད། ཡིན་ནའང་ང་ཚོར་དམངས་གཙོའི་ཆོད་སེམས་བརྟེན་པོ་དང་། བྱིས་པ་ཚོར་ཤེས་ཡོན་དང་ལས་ཀ་ཡག་པོ་སྐྲུན་པའི་ནུས་པ་སོགས་ཀྱི་ཆེད་དུ། ང་ཚོས་ཅི་ནས་ཀྱང་དཀའ་ཁག་དག་ལ་གདོང་ལེན་བྱེད་དགོས། ཚིག་གཞན་གྱིས་བཤད་ན། དེ་ཡིས་འུ་ཅག་གི་མ་འོངས་པ་ཐག་གཅོད་བྱེད་པ་ཡིན་ལ། མི་ཚང་མར་དཔལ་འབྱོར་འཚོལ་སྒྲུབ་གྱི་གོ་སྐབས་འདྲ་མཉམ་ཡོད་པའི་ཚོར་བ་ཞིག་མེད་ན། ང་ཚོའི་དམངས་གཙོའི་ལམ་སྲོལ་འདི་ལམ་ལྷོངས་མི་ཡོང་།(ཐལ་མོ་སྡེབ་སྒྲ)
གནས་ཚུལ་ལེགས་པ་ཞིག་ནི། ང་ཚོའི་དཔལ་འབྱོར་བསྐྱར་དུ་འཕེལ་རྒྱས་འགྲོ་བཞིན་ཡོད། ལས་གླ་དང་ཡོང་འབབ། སྡོད་ཁང་གི་གནས་ཚད། རྒན་ཕོག་སོགས་ཚང་མ་སླར་ཡང་ཡར་རྒྱས་འགྲོ་བཞིན་ཡོད། (ཐལ་མོ་སྡེབ་སྒྲ) འབྱོར་ལྡན་པ་ཚོས་དཔྱ་ཁྲལ་དྲང་སྙོམ་འབུལ་གྱིན་ཡོད། ཐ་ན་ཁྲོམ་རའི་མ་རྐང་ཆགས་ཀྱང་ལོ་བཅུ་ཕྲག་གཅིག་རིང་ལས་མེད་ཀྱི་གྲངས་ཀ་ཡར་འཕར་བའི་དཀའ་ངལ་མེད། ཉེན་སྲུང་མ་འཇོག་མེད་པའི་ཚད་ནི་སྔར་བྱུང་མྱོང་མེད་པ་ཞིག་དམའ་རུ་སོང་ཡོད།
སྨན་བཅོས་ལྟ་སྐྱོང་འགྲོ་གྲོན་འཕར་ཚད་ལོ་ ༥༠ ནང་ཆེས་དམའ་ཤོས་ཀྱི་ཚད་གཞིར་བསླེབས་ཡོད། ང་ཚོའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ནི་འགྲོ་གྲོན་ཆུང་ཞིང་མི་མང་པོར་ཁྱབ་ཡོད། ང་ཚོས་དེའི་ནང་ཡར་རྒྱས་གང་བཏང་བ་ལས་ལྷག་པའི་འཆར་གཞི་མི་གཞན་པ་སུ་ཞིག་ཡིན་ཡང་གཏོང་ཐུབ། དེའི་ཐད་ངས་དམངས་ཁྲོད་རང་བཞིན་གྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གང་ཡིན་ཟེར་ན། དེ་ནི་ང་ཚོས་ཅི་ཕྱིར་ཞབས་ཞུ་བསྒྲུབ་དོན་གནས་དེ་རེད། དེ་ནི་ཆེ་མཐོང་དང་བྱས་རྗེས་སྟོན་པའི་ཆེད་མ་རེད། (ཐལ་མོ་སྡེབ་སྒྲ)
འོན་ཀྱང་ང་ཚོས་ཡར་རྒྱས་བཏང་བ་ཡོངས་རྫོགས་ཀྱིས་ད་དུང་འདང་གི་མི་འདུག དཔལ་འབྱོར་འཕེལ་རྒྱས་ཐད་མི་མང་པོ་ཞིག་མགྱོགས་པོར་འབྱོར་འབྲིང་ཆགས་བཞིན་པ་ལྟར། ང་ཚོའི་མང་ཚོགས་རྣམས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་འདོད་པ་དེ་ཙམ་གྱིས་མགྱོགས་པོ་མི་འདུག དེ་ནི་དཔལ་འབྱོར་ཐད་ཀྱི་འདོད་ཚུལ་རེད། མཐོང་ཚུལ་ལ་འདྲ་མཉམ་མེད་པ་འདི་ཡང་དམངས་གཙོའི་ལྟ་ཚུལ་གྱི་བར་གེགས་ཡིན། རྩེ་གྲས་བརྒྱ་ཆ་གཅིག་ལ་དཔལ་འབྱོར་དང་ཡོང་འབབ་ཀྱི་བསྐལ་ཆེ་ཤོས་ཐོབ་ཡོད་ན་ཡང་། གྲོང་ཁྱེར་ནང་དང་ཐག་རིང་གི་རང་སྐྱོང་རྫོང་ཁག་ཏུ་མི་ཚང་ཧ་ཅང་མང་པོ་ཞིག་ད་དུང་རྗེས་སུ་ལྷག་ཡོད།
བཟོ་གྲྭ་སྒོ་བརྒྱབ་པའི་ལས་མི་ཚོ་དང་ཟ་ཁང་གི་ཞབས་ཞུ་མ་ཚོ། ཡང་ན་འཕྲོད་བསྟེན་ལྟ་སྐྱོང་གི་ལས་མི་ཚོ་ལྟ་བུ་འཚོ་བ་སྐྱེལ་ཐུབ་ཙམ་དང་། གཞི་རྩའི་འགྲོ་གྲོན་ཙམ་ཡང་འབད་པས་གསོག་དགོས་མཁན་ཚས་ཁོ་ཚོ་ནི་ཕམ་ཁ་ཉོ་མཁན་དང་། ཁོ་ཚོའི་སྲིད་གཞུང་གིས་དབང་འཛིན་པ་གཅིག་པར་ཞབས་ཞུ་སྒྲུབ་བཞིན་ཡོད་པར་འདོད་ན། དེ་ནི་ང་ཚོའི་འཛིན་སྐྱོང་ལ་ཡིད་ཆེས་མེད་མཁན་ཇེ་མང་ནས་ཇེ་མང་དང་། འཛིན་སྐྱོང་འཐོར་ཞིག་ཏུ་འགྲོ་བའི་རྐྱེན་རྩ་ཆགས་ངེས་ཡིན།
དུས་ཡུན་རིང་པོར་འགྱུར་བ་གཏོང་དགོས་པའི་རིགས་མགྱོགས་པོར་བཅོས་ཐབས་མེད། ང་ཚོའི་ཚོང་ལས་ནི་དྲང་པོ་དང་རིན་མེད་རང་མིན་པ་ཞིག་དགོས་པར་ང་མོས་མཐུན་ཡོད། ཡིན་ནའང་དཔལ་འབྱོར་འགོག་རྐྱེན་ནི་ཕྱིའི་རྒྱལ་ཁབ་ནས་ཡོང་བ་ཞིག་མིན། དེ་ནི་འཕྲུལ་རིགས་བཀོལ་སྤྱོད་ཀྱི་འགྲོས་ལ་བརྟེན་ཏེ་འབྱོར་འབྲིང་གི་ལས་རིགས་བེད་མེད་བཏང་བ་ལས་ཡོང་གི་ཡོད། དེར་བརྟེན། ང་ཚོས་འུ་ཅག་གི་བྱིས་པ་ཚོར་མཁོ་བའི་ཤེས་ཡོན་རག་རྒྱུར་ཁག་ཐེག་བྱེད་པའི་སྤྱི་ཚོགས་གྲོས་ཆོད་ཅིག་འཇོག་དགོས། (ཐལ་མོ་སྡེབ་སྒྲ)
ངལ་རྩོལ་པར་གླ་ཆ་ཡག་པོ་ཐོབ་ཆེད་ཁོ་ཚོ་ཆིག་སྒྲིལ་ཡོང་བ་དང་། སྤྱི་ཚོགས་བདེ་འཇགས་ཀྱི་འབྲེལ་བ་ད་ལྟའི་འཚོ་བའི་གནས་ཚད་ལྟར་འཐུས་ཚང་དུ་གཏོང་བར་ནུས་པ་ཚད་མཐོ་རུ་གཏོང་དགོས། དཔྱ་ཁྲལ་སྒྲིག་གཞི་བསྐྱར་བཅོས་ཡང་ཡང་བྱས་ན་ད་གཟོད་ད་ལྟའི་དཔལ་འབྱོར་འགྲོ་སྟངས་འདི་ལས་ཁེ་ཕན་ཐོབ་མཁན་ཚོང་ལས་ཁག་དང་། གང་ཟག་སྒེར་བ་ཚོས་ཁོང་ཚོར་ཁེ་ཕན་སྤྲོད་མཁན་སྲིད་གཞུང་གིས་སྐུལ་བའི་འགན་འཁྲིར་གཡོལ་གི་མ་རེད། (དགའ་འབོད་དང་། ཐལ་མོ་སྡེབ་པ།)
ང་ཚོས་དམིགས་ཡུལ་དེ་དག་ཇི་ལྟར་ལེགས་འགྲུབ་ཡོང་ཐབས་ལ་རྩོད་པ་བརྒྱབ་ན་འགྲིག་ཀྱང་། ང་ཚོ་དམིགས་ཡུལ་དེ་གཅིག་པུས་ཚིམ་བསྡད་ན་ག་ལ་འགྲིག གལ་ཏེ་ང་ཚོས་མི་ཚང་མར་གོ་སྐབས་མ་སྤྲད་ན། ད་ལྟ་ང་ཚོའི་ཡར་རྒྱས་ལ་འགོག་རྐྱེན་འཕྲད་བཞིན་པའི་ཡི་མ་རངས་བ་དང་དབྱེ་འབྱེད་དེ་དག་འབྱུང་གྱུར་གྱི་ལོ་ཟླའི་ནང་རྣོ་ངར་ཇེ་ཆེར་འགྲོ་ངེས་རེད། དེ་ནི་ང་ཚོའི་དམངས་གཙོའི་འཇིགས་ཉེན་གཉིས་པ་དེ་ཡིན་ལ། ཉེན་ཁ་དེ་ནི་ང་ཚོའི་རྒྱལ་ཁབ་ལ་ད་བར་ཡོད་བསྡད་པ་ཞིག་རེད།
ང་ལ་སྲིད་འཛིན་གྱི་འོས་ཐོབ་པའི་རྗེས་ལ་མི་རིགས་དབྱེ་འབྱེད་མེད་པའི་ཨ་རི་ཞེས་པའི་བཤད་སྲོལ་ཞིག་བྱུང་ཡོད། གང་ལྟར། མཐོང་སྣང་དེ་དང་རེ་བ་དེ་ནམ་ཡང་མངོན་འགྱུར་བྱུང་མེད། ང་ཚོའི་སྤྱི་ཚོགས་ནང་ད་དུང་མི་རིགས་དབྱེ་འབྱེད་ཀྱི་ནུས་པ་ཞིག་དང་དབྱེ་འབྱེད་ཤུགས་རྐྱེན་ངན་པ་ཞིག་མུ་མཐུད་དུ་གནས་ཡོད།
ང་སྲིད་འཛིན་དུ་བསྡད་པའི་རིང་མི་རིགས་དབྱེ་འབྱེད་ཐད་རྒྱུས་ལོན་འདང་ངེས་ཤིག་བྱས་ཡོད། མི་ཁ་ཤས་ཀྱིས་ཇི་ལྟར་བཤད་ཀྱང་། མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་ད་ལྟ་ལོ་བཅུ་དང་ཉི་ཤུ། སུམ་བཅུ། བཞི་བཅུའི་གོང་དང་བསྡུར་ན་ཆུང་བ་ཡོད། (ཐལ་མོ་སྡེབ་སྒྲ) དེ་ནི་སྡོམ་ཚིག་ཙམ་ཞིག་མ་ཡིན་པར་ཁྱེད་ཅག་གིས་དངོས་སུ་མཐོང་ཐུབ་ངེས། དེ་ནི་ཁྱེད་ཀྱིས་ཆབ་སྲིད་ལས་རིགས་ཁྲོད་ཀྱི་ན་གཞོན་ཨ་རི་བ་རྣམས་ཀྱི་བསམ་བློ་ཁྱེར་སོ་ལས་མཐོང་ཐུབ། འོན་ཀྱང་ད་དུང་ང་ཚོས་གང་འདོད་པ་དེ་ཡོང་མེད། ད་དུང་ང་ཚོ་ཚང་མར་བསྒྲུབ་དགོས་རྒྱུ་མང་པོ་ཞིག་ལྷག་ཡོད། (ཐལ་མོ་སྡེབ་སྒྲ)
གལ་ཏེ་དཔལ་འབྱོར་གྱི་གནས་ཚུལ་དེ་ཧུར་རྩོན་ཅན་གྱི་འབྱོར་འབྲིང་མི་རིགས་དཀར་པོ་དང་ལས་ཀ་མི་ཐོབ་པའི་གྲངས་ཉུང་མི་རིགས་བར་གྱི་འཐབ་རྩོད་ཅིག་ཆགས་པ་ཡིན་ན། འབྱོར་ལྡན་ཚོ་སྒེར་གྱི་ས་ཆ་ཁུ་སིམ་པོ་དག་ལ་མུ་མཐུད་གནས་སྤོར་གྱི་ཡོད་ཀྱང་། ལས་རིགས་ཆུང་ཚེགས་གཉེར་བའི་ངལ་རྩོལ་བ་རྣམས་ཀྱིས་ད་དུང་ལས་ཀ་ཕྲན་ཚེགས་རིགས་འཕྲོག་རྩོད་བྱེད་དགོས་པ་ཆགས་ངེས་རེད། (ཐལ་མོ་སྡེབ་སྒྲ)
རྒྱལ་ཁབ་འདིར་གནས་སྤོར་བའི་བྱིས་པ་དག་ནི་ང་ཚོ་དང་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ། འུ་ཅག་ལ་ཁོང་ཚོའི་ཆེད་དུ་མ་རྩ་འཇོག་འདོད་མེད་ན། དེ་ནི་ང་ཚོ་རང་ཉིད་ཀྱི་བྱིས་པ་ཚོའི་མཐོང་རྒྱ་ཆུང་དུ་བཏང་བ་དང་གཅིག་པ་ཡིན། ཤ་མདོག་སྨུག་པོའི་བྱིས་པ་དེ་དག་མ་འོངས་པར་ཨ་རིའི་ནང་གི་ལས་ཀ་བ་ཧ་ཅང་ཕོན་ཆེན་པོ་ཞིག་གི་ངོ་ཚབ་ཏུ་འགྱུར་ངེས་རེད། (ཐལ་མོ་སྡེབ་སྒྲ)
ང་ཚོའི་དཔལ་འབྱོར་དེ་གཅིག་རྒྱལ་གཅིག་ཕམ་གྱི་གནས་སྟངས་ཤིག་མིན་པ་གསལ་བོར་བསྟན་ཡོད། ལོ་སྔོན་མའི་དཔལ་འབྱོར་འཕེལ་རྒྱས་ནི། མི་རིགས་དང་སྡེ་ཚན། ཕོ་མོ་ཚང་མའི་ཆེད་དུ་བྱུང་ཡོད། དེར་རྟེན། ང་ཚོས་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བའི་ཆེད་དུ་ནན་ཏན་བྱེད་དགོས། ལས་བགོ་བྱེད་ཕྱོགས་དང་ཁང་པ་རྒྱག་པའི་ཐད། ཤེས་ཡོན་སྤྲོད་ཕྱོགས་དང་གྱོད་དོན་དྲང་བདེན་ཐག་གཅོད་བཅས་ཀྱི་ཐད་དུ་ང་ཚོས་དབྱེ་འབྱེད་འགོག་པའི་ཁྲིམས་ལུགས་ལ་རྒྱབ་སྐྱོར་བྱེད་དགོས། (ཐལ་མོ་སྡེབ་སྒྲ)
དེ་ནི་ང་ཚོའི་ལྷན་ཁང་དང་ཆེས་མཐོའི་རྩ་དོན་ཁག་དུ་གང་དགོས་པ་དེ་ཡིན། འོན་ཀྱང་ཁྲིམས་ལུགས་གཅིག་པུས་མི་འགྲིག་པར་བསམ་བློ་ལ་ངེས་པར་ཏུ་འགྱུར་བ་གཏོང་དགོས། དེ་ནི་ཞག་གཅིག་ལ་འགྱུར་བ་འགྲོ་བ་ཞིག་མ་རེད། སྤྱི་ཚོགས་ཀྱི་ཀུན་སྤྱོད་བསྒྱུར་བ་ལ་མི་རབས་ནས་མི་རབས་འགོར་བ་རེད། སྣ་མང་དུ་འཕེལ་བཞིན་པའི་རྒྱལ་ཁབ་འདིའི་ནང་ང་ཚོར་དམངས་གཙོ་ཚད་ལྡན་དང་ལྡན་པ་ཞིག་ཡོང་དགོས་ན། ང་ཚོ་མི་རེ་ངོ་རེ་ནས་ཨ་རིའི་རྟོག་སྒྲུང་ཞིག་གི་མི་སྣ་གལ་ཆེན་ཨ་ཁྲེ་ཁཱ་སུ་ཧྥེ་ཆི(Atticus) ཡི་བསླབ་བྱར་དོ་སྣང་བྱེད་དགོས། ཁོས “ ཁྱེད་ཀྱིས་མི་ཞིག་གི་ནང་བསམ་པའི་འཇིག་རྟེན་ཉུལ་ཏེ། ཁོའི་འདོད་ཚུལ་ལ་བརྩི་འཇོག་མ་བྱས་བར་དུ་ཁྱེད་ཀྱིས་མི་དེ་ཆ་ཚང་ཞིག་གཏན་ནས་རྟོགས་མི་ཐུབ།” ཅེས་ལབ་ཡོད།
དེའི་དོན་ནི། མི་རིགས་ནག་པོ་དང་གཞན་གྲངས་ཉུང་མི་རིགས་སྐོར་ཞིག་ལ་མཚོན་ན། ང་ཚོས་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱས་པ་ནི་རྒྱལ་ཁབ་འདིའི་ནང་གི་མི་མང་པོར་འཕྲད་པའི་དཀའ་ངལ་ཞིག་རེད་ཟེར་བ་དེ་ཡིན། དེ་ནི་སྐྱབས་བཅོལ་བ་དང་གནས་སྤོར་བ། གྲོང་གསེབ་སྐྱོ་བོ་དང་མཚན་སྒྱུར་བྱས་པའི་ཨ་རི་པ་ཚོ་གཅིག་པུ་མ་ཡིན་པར། ཐ་ན་ཕྱི་ནས་ཡོང་བའི་མི་དཀར་དར་མ་ཞིག་ཡིན་ནའང་ཁོ་ལ་ཁེ་ཕན་ཆ་ཚང་ཐོབ་ཡོད་པ་ལྟ་བུར་སྣང་སྲིད་ཀྱང་། ཁོའི་འཇིག་རྟེན་ནི་དཔལ་འབྱོར་དང་རིག་གནས་འཕྲུལ་ལས་སོགས་ཀྱི་འགྱུར་བའི་དེད་ཡོད་པ་རེད། དེ་ལ་ང་ཚོས་དོ་སྣང་སྤྲོད་དགོས་ལ་ཉན་ཡང་དགོས། (ཐལ་མོ་སྡེབ་སྒྲ)
ཨ་རི་བ་མི་རིགས་དཀར་པོ་ཚོར་མཚོན་ན། དེ་དོན་ནི(གོང་གི་བསླབ་བྱ་དེ)བྲན་གཡོག་གི་ཤུགས་རྐྱེན་དང་། མི་རིགས་ནག་པོར་གཉའ་གནོན་བྱེད་ཆོག་པའི་ཁྲིམས་སོགས་ནི་ཕྱི་ལོ་ ༡༩༦༠ ནང་གློ་བུར་དུ་ཡལ་སོང་བ་ཞིག་མ་ཡིན་པ་དང་། གྲངས་ཉུང་སྡེ་ཁག་གིས་ཡིད་མ་འགུ་བའི་སྐད་འབོད་བྱེད་དོན་ནི། ཁོ་ཚོས་མི་རིགས་རང་ལུགས་རྩ་མེད་གཏོང་འདོད་པ་དང་། ཆབ་སྲིད་ལེགས་བཅོས་གཏོང་འདོད་ཙམ་ཞིག་མ་ཡིན་ལ། ཁོ་ཚོས་མུ་མཐུད་དུ་ཞི་བའི་སྐད་འབོད་བྱེད་དོན་ནི། ཁོ་ཚོར་དམིགས་གསལ་བའི་ལྟ་སྐྱོང་ཞིག་དགོས་ཟེར་བ་དེ་ཡང་མ་ཡིན་པར། ང་ཚོའི་རྒྱལ་ཁབ་འཛུགས་མཁན་ཚོས་འུ་ཅག་ལ་ཁག་ཐེག་བྱས་ཡོད་པའི་མི་རིགས་འདྲ་མཉམ་དེ་དགོས་ཟེར་གྱིན་ཡོད་པ་ངོས་ལེན་བྱེད་ཐུབ་དགོས་ཟེར་བ་དེ་ཡིན། (ཐལ་མོ་སྡེབ་སྒྲ)
ཨ་རིའི་གདོད་མའི་མི་རིགས་ཚོ་ལ་མཚོན་ན། དེའི་དོན་ནི(གོང་གི་བསླབ་བྱ་དེ) པོ་ལནྜིའི་ཡུལ་མི་སོགས་དེང་སང་འདིར་གནས་སྤོ་བྱེད་མཁན་ཚོས་ཨ་རིའི་རྩ་བའི་ཁྱད་ཆོས་གཏོར་བཤིག་གཏོང་གི་རེད་ཟེར་ཀྱི་ཡོད་མོད། དོན་དངོས་ཐོག་ཨ་རི་ནི་གསར་ཏུ་འབྱོར་བ་ཚོས་སྐྱོ་རུ་བཏང་མེད་པ་གསལ་བོ་ཡིན། གསར་འབྱོར་བ་ཚོས་རྒྱལ་ཁབ་འདིའི་རྩ་དོན་བསྐྱངས་ཤིང་རྒྱལ་ཁབ་འདི་སྲ་བརྟན་དུ་བཏང་ཡོད་པ་དྲན་སྐུལ་བྱེད་དགོས་ཟེར་གྱིན་ཡོད། (ཐལ་མོ་སྡེབ་སྒྲ)
ང་ཚོས་དབང་འཛིན་བྱས་ཡོད་པ་ཙམ་ལ་མ་ལྟོས་པར། ང་ཚོའི་མི་སེར་ཚང་མ་ང་ཚོ་ལྟར་རྒྱལ་ཁབ་འདི་ལ་དགའ་ཞེན་ཡོད་པ་ངོས་ལེན་བྱེད་དགོས། ཁོ་ཚོས་ཀྱང་ཧུར་བརྩོན་བྱེད་རྒྱུ་དང་ཁྱིམ་ཚང་གི་གནད་དོན་ཐད་ང་ཚོ་ལྟར་གཙིགས་ཆེན་བྱེད་ཀྱིན་ཡོད། དེ་བཞིན། ཁོ་ཚོའི་བྱིས་པ་ཚོར་ཡང་ང་ཚོའི་བྱིས་པ་ཚོ་ལྟར་རེ་བ་དང་བརྩེ་བ་བྱེད་པའི་རིན་ཐང་ཡོད། (ཐལ་མོ་སྡེབ་སྒྲ་དང་། མི་མང་གི་དགའ་འབོད།)
དེ་ནི་བསྒྲུབ་སླ་བོ་ཞིག་མ་རེད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་། མཐོ་སློབ་ཁག ཆོས་བྱེད་ས་ཁག ལྷག་པར་དུ་སྤྱི་ཚོགས་བརྒྱུད་ལམ་ཁག་གཅིག་མཚུངས་རེད། རང་ཉིད་ཀྱི་ཆབ་སྲིད་ལྟ་བར་ནམ་ཡང་ཁ་གཏད་བཅཊ་མ་མྱོང་བའི་མི་མང་ས་དག་ཏུ་ང་ཚོ་རང་ཉིད་ཀྱི་འདོད་ཚུལ་ཐོག་ཕྱི་ནུར་བྱེད་རྒྱུ་བདེ་འཇགས་ཆེ་ཤོས་རེད། རིགས་ཞེན་དང་དཔལ་འབྱོར་འཕེལ་རྒྱས། ས་ཁུལ་འདྲ་མིན། སྤྱི་ཚོགས་བརྒྱུད་ལམ་སྣ་མང་དར་བ་འདི་དག་ཡོད་ཚད་ཀྱིས་དབྱེ་བསལ་བྱེད་པ་ནི་ཆོས་ཉིད་ཅིག་དང་། ཐ་ན་སྤྱི་ཚོགས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་མངོན། མུ་མཐུད་ནས་ང་ཚོ་རང་ཉིད་ཀྱི་འདོད་ཕྱོགས་གང་ཡིན་པ་དེར་ཞེན་པ་ཆེ་རུ་ཕྱིན་ཏེ། ང་ཚོས་གནས་ཚུལ་གང་ཞིག་བདེན་པ་ཡིན་མིན་ཕྱིའི་བདེན་དཔང་ཡོད་མེད་ལ་མ་ལྟོས་པར། གང་ཞིག་རང་གི་བསམ་ཚུལ་དང་མཐུན་པ་ཡིན་ན་དེ་ཁས་ལེན་པ་ཡིན། (ཐལ་མོ་སྡེབ་སྒྲ)
འདི་ནི་ང་ཚོའི་དམངས་གཙོ་ཡི་འཇིགས་ཉེན་གསུམ་པ་དེ་ཡིན། ལྟོས་དང་ཆབ་སྲིད་རིག་པ་ནི་བསམ་བློའི་དམག་འཐབ་ཅིག་རེད། དེ་ནི་འུ་ཅག་གི་དམངས་གཙོ་འཆར་འགོད་བྱས་པ་དེ་རེད། བགྲོ་གླེང་ཚད་ལྡན་ཞིག་གི་ཁྲོད་དུ་ང་ཚོས་ཕུགས་འདུན་མི་འདྲ་བ་དང་། དེ་དག་སྒྲུབ་ཐབས་མི་འདྲ་བར་གཙིགས་ཆེན་བྱེད་པ་ཡིན། སྤྱིར་བཏང་གི་གཞི་བཅོལ་སའི་བདེན་པ་ཞིག་དང་། གནས་སྟངས་གསར་བ་དང་ལེན་བྱེད་པའི་སྤོབས་པ་ཞིག རང་གི་ཁ་གཏད་ཀྱི་མི་ལ་གནས་ལུགས་ཡོད་སྲིད་པ་སོགས་ཀྱི་རྒྱུ་མཚན་དང་རིག་པར་བརྩི་འཇོག་མེད་ན། ང་ཚོས་ཕན་ཚུན་འདས་ཟིན་པ་བསྐྱར་གླེང་བྱས་ནས་སྡོད་ངེས་རེད། (མང་ཚོགས་ཀྱི་དགའ་འབོད)
ང་ཚོ་རྨང་ལ་བབས་ནས་འགྲིག་འཇགས་ཡོང་མི་སྲིད། དེ་ནི་ཆབ་སྲིད་ཁྲོད་ཀྱི་བློ་ཕམ་སྐྱེ་ས་མ་ཡིན་ནམ། ང་ཚོས་བྱིས་པ་དག་གི་ཆེད་དུ་སྔོན་འགྲོའི་སློབ་གྲྭར་དངུལ་གཏོང་བའི་གྲོས་ཆོད་འཇོག་དུས་དངུལ་དམར་ཆེ་ཞིང་། གཞུང་གི་དཔྱ་ཁྲལ་ཉུང་དུ་གཏོང་དུས་ལག་འཁུམ་པའི་གཞུང་ཞབས་པ་དེ་འདྲར་ང་ཚོས་འོས་ཇི་ལྟར་འཕེན་ཐུབ། ང་ཚོས་རང་ཉིད་གཏོགས་སའི་སྲིད་དོན་ཚོགས་པའི་ཀུན་སྤྱོད་ཐོག་ཐལ་ཆ་ཤོར་ཚེ་ཁག་བཀྲི་ས་འཚོལ་ཞིང་། སྲིད་དོན་ཚོགས་པ་གཞན་གྱིས་དེ་ལྟར་བྱས་ཚེ་རྒོལ་བ་བྱེད་དོན་ཅི་ཡིན། དེ་ནི་དྲང་བདེན་མིན་པ་ཙམ་མ་རེད། དེ་ནི་ཕྱོགས་འཐེན་རེད། དེས་རང་ཉིད་ཕམ་དུ་འཇུག་པ་ཡིན། ངའི་ཨ་མས་རྒྱུན་དུ། “བདེན་པ་ལ་ཁྱོད་འཛིན་པའི་ཐབས་ཤིག་ཡོད་པ་རེད”ཅེས་གསུངས་བ་བཞིན་རེད།
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཕྱོགས་ནས་བཤད་ན། ལོ་ངོ་བརྒྱད་ཀྱི་རིང་ང་ཚོས་ཕྱི་རྒྱལ་གྱི་རླངས་སྣུམ་བསྟེན་རྒྱུ་ཕྱེད་ཙམ་ཉུང་དུ་བཏང་བ་དང་། ང་ཚོས་འུ་ཅག་གི་བསྐྱར་གསོ་རུང་བའི་ནུས་ཤུགས་ཀྱི་ཐོན་ཁུངས་ལྡབ་གཉིས་སྤར་བ་རེད། ང་ཚོས་འཛམ་གླིང་ཡོངས་ལ་གོ་ལ་སྲུང་སྐྱོབ་ཀྱི་དམ་བཅའ་འཇོག་པའི་སྣེ་ཁྲིད་བྱས་ཡོད། (ཐལ་མོ་སྡེབ་སྒྲ)
ལག་ལེན་དོན་དུ་འཁྱོལ་བ་ཞིག་མེད་ན། ང་ཚོའི་བྱིས་པ་ཚོར་གོ་ལའི་གནམ་གཤིས་འགྱུར་ལྡོག་གླེང་ཁོམ་ཙམ་ཡང་མེད་པར། ཁོ་ཚོས་དེའི་ཤུགས་རྐྱེན་ལ་འཐབ་རྩོད་བྱས་ཏེ་མཇུག་མི་རྫོགས་པར་སྡོད་དགོས་ངེས་རེད། འཁོར་ཡུག་གི་གནོད་འཚེ་ཇེ་མང་དང་དཔལ་འབྱོར་ཉམས་རྒུད་ཇེ་ཆེ། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འོག་གི་སྐྱབས་བཅོལ་བ་མང་པོས་གནས་ཡུལ་འཚོལ་བཞིན་ཡོད། ད་ནི་ང་ཚོས་དཀའ་ངལ་དེ་དག་སེལ་ཐབས་ཡག་ཤོས་གང་ན་ཅི་ཡོད་གླེང་རན་རེད། དཀའ་ངལ་དེ་དག་ལ་སྣང་ཆུང་བྱས་ན། ང་ཚོའི་མི་རབས་རྗེས་མ་ཚོ་བསླུ་བྲིད་བཏང་བ་ཙམ་མ་ཡིན་པར། རྒྱལ་ཁབ་འདིའི་འགང་ཆེ་བའི་སྙིང་སྟོབས་ལ་བསླུ་བྲིད་བཏང་བ་རེད། ང་ཚོའི་རྒྱལ་ཁབ་འཛུགས་མཁན་ཚོར་ལམ་སྟོན་བྱས་མྱོང་བའི་ལེགས་བཅོས་དང་དཀའ་ངལ་བསེལ་བའི་སྙིང་སྟོབས་ལ་བསླུ་བྲིད་བཏང་བ་རེད།(མང་ཚོགས་ཀྱི་དགའ་འབོད)
སྙིང་སྟོབས་དེ་ལས་འཁྲུངས་བའི་ཤེས་རབ་ཀྱིས་ང་ཚོ་དཔལ་འབྱོར་སྟོབས་དང་ལྡན་པ་ཞིག་ཏུ་སྐྲུན་ཡོད། སྙིང་སྟོབས་དེ་ནི་ཁེ་ཊེ་ཁཱ་ཝ་དང་ཁཱ་ཕི་ཁཱ་ནཱ་ཝིར་ནས་འཕུར་ཞིང་། སྙིང་སྟོབས་དེས་ནད་ཡམས་གསོས་ཞིང་། མི་རེའི་ཨམ་ཕྲག་ནང་རྩིས་འཁོར་རེ་བཞག་ཡོད། དེ་ནི་སྙིང་སྟོབས་རེད། དེ་ནི་གནས་ལུགས་དང་ཚོང་ལས་ཀྱི་དད་འདུན་ཞིག་སྟེ། དེ་ཡིས་འུ་ཅག་ལ་འཛམ་གླིང་གོད་ཆག་ཆེན་མོའི་སྐབས་སུ་ཡང་བཙན་རྒྱལ་རིང་ལུགས་དང་། ཕ་ཤཱི་རིང་ལུགས་ལ་རྒོལ་བའི་ནུས་སྟོབས་སྦྱིན་ཡོད། སྙིང་སྟོབས་དེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ང་ཚོར་དམངས་གཙོའི་རྒྱལ་ཁབ་དག་གི་གྲས་སུ་གོ་གནས་མཐོན་པོ་ཞིག་བླངས་ཡོད། དེ་ནི་དམག་ཤུགས་དང་རྒྱལ་ཁབ་མཉམ་འབྲེལ་གྱི་གོ་གནས་ཙམ་ཞིག་མ་ཡིན་པར། དེ་ནི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་། འདུ་ཚོགས་རང་དབང་། གསར་འགོད་རང་དབང་བཅས་ཀྱི་རྩ་དོན་གཞིར་བཅོལ་བའི་གོ་གནས་ཤིག་ཡིན། (ཐལ་མོ་སྡེབས་སྒྲ)
གོ་གནས་དེ་ལ་ད་ལྟ་གཞན་གྱིས་རྒོལ་བ་བྱེད་རྩིས་བྱེད་ཀྱིན་ཡོད། ཐོག་མར་དྲག་སྤྱོད་ལ་དགའ་བ་ཚོས་ཁ་ཆེ་བའི་ཆེད་དུ་སྐད་ཆ་ཤོད་ཀྱི་ཡོད་མདོག་དང་། ཉེ་ཆར་ཕྱི་རྒྱལ་གྱི་རྒྱལ་ས་རེ་འགར་དབང་ཆ་སྒེར་འཛིན་པ་ཚོས་གུ་ཡངས་བའི་དམངས་གཙོའི་རྒྱལ་ཁབ་ཁག་དང་མང་ཚོགས་ཁྲོད་དུ། ཁྲོམ་རའི་རང་དབང་འཚོལ་ཞིང་དེ་ནི་ཁོ་ཚོའི་སྟོབས་ཤུགས་ལ་འཇིགས་སྐུལ་ཞིག་ཏུ་བརྩི་བཞིན་འདུག ང་ཚོའི་དམངས་གཙོ་འདི་ནི་རླངས་འཁོར་འབར་གས་ཞིག་དང་། འབར་མདེལ་ཞིག་གིས་ཉེན་ཁར་ཐུག་འགྲོ་བ་ཞིག་ལས་ཡོངས་སུ་འགོངས་ཡོད།
ཁོ་ཚོས་འགྱུར་བ་གཏོང་རྒྱུའི་ཚབ་དུ་འཇིགས་སྣང་བྱེད་ཀྱིན་ཡོད་ལ། འདོད་ཚུལ་དང་དད་མོས་མི་འདྲ་བ། རེ་འབོད་མི་འདྲ་བའི་མི་རྣམས་ལ་འཇིགས་སྣང་བྱེད་ཀྱིན་ཡོད། བསམ་བློའི་རང་དབང་ལ་རྒྱབ་གཏོད་པ་དང་ཁྲིམས་འགལ་ནི་ཁོ་ཚོའི་དབུ་ཁྲིད་ཚོའི་འགྲེལ་བཤད་དུ་གྱུར་ཡོད། ཁོ་ཚོས་གྲི་དང་མེ་མདའ། འབར་མདེལ་དང་འུར་སྒྲོག་གི་སྒྲིག་འཛུགས་ཤིག་ནི་བདེན་པ་དང་ཐོབ་ཐང་ཐག་གཅོག་བྱེད་མཁན་ཉག་གཅིག་ཏུ་འདོད་ཀྱིན་ཡོད།
ང་ཚོའི་དམག་མི་ཚོའི་རྨད་དུ་བྱུང་བའི་སེམས་ཤུགས་དང་། གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཚོ། ཁྲིམས་ལུགས་ལག་སྟར་བ་ཚོ། ཕྱི་འབྲེལ་བ་ཚོ་བཅས་ཀྱིས་འུ་ཅག་གི་དམག་དཔུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། ལོ་ངོ་བརྒྱད་ཀྱི་རིང་ལ་ཕྱི་རྒྱལ་གྱི་འཇིགས་སྐུལ་ཚོགས་པ་དག་གིས་ང་ཚོའི་རྒྱལ་ཁབ་ལ་འཐབ་རྒོལ་བྱེད་པའི་འཆར་གཞི་ལམ་ལྷོངས་བྱུང་མེད། (མང་ཚོགས་ཀྱི་དགའ་འབོད) (ཐལ་མོ་སྡེབ་སྒྲ)
བྷོ་སུ་ཊོན་ (Boston) དང་། འོར་ལན་ཌོ ་(Orlando) སཱན་བྷེར་ན་ཊོ་ཧྥོར་ཊི་ (SanBernardino) བཅས་སུ་ཉེན་ཁ་ཆེན་པོ་ཡོང་སྲིད་ན་ཡང་། ང་ཚོའི་ཁྲིམས་ལུགས་ལག་སྟར་ལྷན་ཁང་དག་ནི་སྔར་ལས་ལྷག་པའི་ནུས་སྟོབས་ལྡན་པ་ཡོད། ང་ཚོས་བྷེན་ལཱ་ཊན་སོགས་འཇིགས་སྐུལ་བ་སྟོང་ཕྲག་མང་པོ་རྩ་མེད་བཏང་ཡོད། (མང་ཚོགས་ཀྱི་དགའ་འབོད་དང་། ཐལ་མོ་སྡེབ་སྒྲ) ཁ་ཆེ་རྒྱལ་ཁབ་ཨེ་རག་དང་ཤར་དབུས་མཚོའི་(ISIL)ཁ་གཏད་དུ་ང་ཚོས་གོ་ལ་རང་བཞིན་གྱི་རྒྱལ་ཁབ་མཉམ་མཐུན་སྣེ་ཁྲིད་བྱས་ཏེ། ཁོ་ཚོའི་མགོ་ཁྲིད་དག་རྩ་མེད་བཏང་ཞིང་ཁོ་ཚོའི་མངའ་ཁོངས་ས་ཆ་ཕྱེད་ཙམ་བླངས་ཡོད། ཨེ་རག་དང་ཤར་དབུས་མཚོ་ནི་རྩ་མེད་གཏོང་ངེས་རེད། ཨ་རིར་འཇིགས་སྐུལ་གཏོང་མཁན་ལ་ནམ་ཡང་བདེ་འཇགས་མེད། ཁྱེད་ཚོར་ཞབས་ཞུ་ཞུས་ཟིན་པའམ་ཞུ་བཞིན་པ་ཚང་མས་ཁྱེད་ཅག་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་འོས་ཤིང་ཁྱེད་ཅག་གི་དབུ་ཁྲིད་བྱེད་རྒྱུ་བྱུང་བ་ནི་ང་རང་གི་མི་ཚེའི་གཟི་བརྗིད་ཡིན། (མང་ཚོགས་ཀྱི་དགའ་འབོད་དང་། ཐལ་མོ་སྡེབ་སྒྲ)
ང་ཚོའི་འཚོ་བ་སྐྱེལ་སྟངས་ལ་སྲུང་སྐྱོབ་བྱེད་པ་དེ་དམག་མིའི་ལས་ཀ་གཅིག་པུ་མིན། འཇིགས་སྣང་བྱུང་ཚེ་དམངས་གཙོའི་ནུས་པ་ཆུང་དུ་འགྲོ་སྲིད། དེར་རྟེན། ང་ཚོས་ཡུལ་མི་ཚོའི་ཆ་ནས་ཕྱིའི་བཙན་རྒོལ་ཐད་གྲུང་ཤ་དོད་པོ་བྱེད་དགོས། ང་ཚོས་རང་ཅག་གི་ངོ་རྟགས་ལ་སྲུང་སྐྱོབ་བྱེད་དགོས། (ཐལ་མོ་སྡེབ་སྒྲ) དེར་བརྟེན། འདས་པའི་ལོ་ངོ་བརྒྱད་ཀྱི་རིང་ལ་ངས་འཇིགས་སྐུལ་བར་ཁྲིམས་མཐུན་རྒོལ་འཛིང་བྱེད་པའི་གོམས་པ་བརྟན་པོ་སྤོ་ཆེད་དུ་ལས་ཀ་བྱས་པ་ཡིན། ང་ཚོས་གྷེ་ཊི་མོ (Gitmo) སྒོ་རྒྱབ་ནས་མནར་གཅོད་མཇུག་སྒྲིལ་བ་དང་། སྒེར་དང་མང་ཚོགས་ཀྱི་རང་དབང་སྲུང་སྐྱོབ་ཆེད་ཞིབ་འཇུག་བྱེད་པའི་ཁྲིམས་ལུགས་ལེགས་བཅོས་བྱས་ཡོད།
དེར་རྟེན། ཨ་རིའི་ཁ་ཆེ་བ་ཚོའང་ང་ཚོ་དང་འདྲ་བར། ང་ཚོའི་རྒྱལ་ཁབ་ལ་དགའ་ཞེན་གཅིག་པ་ཡོད་སྟབས། ཁོ་ཚོར་དབྱེ་འབྱེད་བྱེད་པར་ངས་ངོས་ལེན་བྱེད་ཀྱི་མེད། ང་ཚོས་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། བུད་མེད་ཀྱི་ཐོབ་ཐང་། མཚན་མཐུན་གཉེན་སྒྲིག་ཐོབ་ཐང་བཅས་རྒྱ་བསྐྱེད་ཡོང་ཆེད་ང་ཚོས་རྒྱལ་སྤྱི་རང་བཞིན་གྱི་འཐབ་རྩོད་དེ་དག་ཕྱིར་འཐེན་བྱེད་ཐབས་མེད།
ང་ཚོས་འབད་བརྩོན་བྱས་པ་དེ་དག་ཅི་ཙམ་འཐུས་ཚང་མིན་ན་འདྲ་ལ། གཞན་གྱིས་རིན་ཐང་དེ་དག་ལ་ཅི་ཙམ་སྣང་མེད་དང་ངོས་ལེན་མ་བྱས་ནའང་ཆོག གང་ལྟར། དེ་ནི་ང་ཚོས་ཨ་རིར་བདག་གཅེས་བྱེད་པའི་ཆ་ཤས་ཤིག་ཡིན། མཐར་ལྷུང་རིང་ལུགས་དང་། གུ་དོག་པོ། ལྟ་གྲུབ་ཕྱོགས་འཐེན་རིང་ལུགས། མཆོག་འཛིན་རིང་ལུགས་བཅས་ལ་རྒོལ་བ་ནི་སྒེར་བདག་རིང་ལུགས་དང་མི་རིགས་གཉའ་གནོན་བཅས་ལ་རྒོལ་བའི་ཆ་ཤས་ཞིག་ཡིན།
ང་ཚོས་རྩ་དོན་བློས་བཏང་སྟེ་རྒྱལ་ཁབ་ཆུང་ཆུང་ཚོར་ཐུབ་ཚོད་གཏོང་བའི་རྒྱལ་ཁབ་ཆེན་པོ་གཞན་དག་ལྟར་བྱས་ན་མ་གཏོགས། ང་ཚོའི་འགྲན་ཡ་རྒྱལ་ཁབ་ར་ཤཱི་ཡཱ་དང་རྒྱ་ནག་ལྟ་བུ་ཞིག་གིས། འཛམ་གླིང་ཁྱོན་ཡོངས་ཀྱི་ང་ཚོའི་ཤུགས་རྐྱེན་ལ་འགྲན་ཐབས་མེད། སྐད་ཆ་འདིས་ངའི་བརྗོད་དོན་མཐའ་མར་འབབ་པར་བྱེད། ང་ཚོས་ནམ་ཞིག་དམངས་གཙོའི་རིན་ཐང་མ་མཐོང་བ་ཡིན་ན་དེ་ནི་དམངས་གཙོའི་ཉེན་ཚབས་རང་བཞིན་ཡིན (ཐལ་མོ་སྡེབ་སྒྲ)
ང་ཚོས་རང་ཉིད་ཆབ་སྲིད་ཕྱོགས་ཁག་གང་དུ་གཏོགས་མིན་ལ་མི་ལ་བལྟས་བར། དམངས་གཙོའི་ལྟེ་གནས་ཁག་བསྐྱར་འཛུགས་བྱེད་པར་འབད་བརྩོན་བྱེད་དགོས། ཨ་རིའི་ནང་འོས་འཕེན་ཚད་གཞི་དེ་སྔོན་ཐོན་དམངས་གཙོའི་རྒྱལ་ཁབ་གཞན་ལས་དམའ་བར་ཡོད་སྐབས། ང་ཚོས་འོས་འཕེན་སྟབས་བདེར་བཟོ་དགོས་པ་ལས་འོས་འཕེན་རྒྱུ་ཁག་ཏུ་གཏོང་མི་རུང་། (ཐལ་མོ་སྡེབ་སྒྲ)
མང་ཚོགས་ཀྱིས་ལྷན་ཁང་ཁག་ལ་ཡིད་ཆེས་བྱེད་ཚད་ཆུང་དུ་སོང་ན། ཆབ་སྲིད་ལས་རིགས་ཁྲོད་ཀྱི་དངུལ་སྒོར་གྱི་ཤུགས་རྐྱེན་ངན་པ་འཁྲུ་ཐབས་བྱས་ཏེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཀུན་སྤྱོད་ཕྱི་གསལ་ནང་གསལ་ཡོང་ཐབས་ལ་ཤུགས་རྒྱག་དགོས། རྒྱལ་ཡོངས་གྲོས་ཚོགས་དཀའ་ཁག་ལ་ཐུག་ན་ང་ཚོས་ས་ཁུལ་ཁག་གི་སྲིད་དོན་པ་ཚོར་སེམས་ཤུགས་སྤར་ཞིང་བསམ་ཤེས་བྱེད་དགོས་པ་ལས་རྩུབ་ཐལ་ཤོར་མི་རུང་།(ཐལ་མོ་སྡེབ་སྒྲ)
འོན་ཀྱང་། དྲན་དགོས་པ་ཞིག་ལ་འདི་དག་ཚང་མ་རང་འགུལ་གྱིས་ཡོང་བ་ཞིག་མིན། འདི་དག་ཚང་མ་འུ་ཅག་གིས་ཆ་ཤས་ལེན་ཐུབ་མིན་ལ་རག་ལས་ཡོད། གནད་དོན་ཕྱོགས་གང་ནས་བྱུང་མིན་ལ་མ་ལྟོས་པར། ང་ཚོས་རྒྱལ་དམངས་འགན་ཁུར་ངོས་ལེན་བྱེད་དགོས་པ་ཡིན།
ང་ཚོའི་རྩ་ཁྲིམས་ནི་རྨད་དུ་བྱུང་ཞིང་མཛེས་སྡུག་ལྡན་པའི་ལག་སྐྱེས་ཤིག་ཡིན། ཡིན་ན་ཡང་དེ་ནི་ཡིག་ཆ་ཙམ་ཞིག་ཡིན། དེ་ལ་རང་ངོས་ན་ནུས་པ་གང་ཡང་མེད། ང་ཚོ་མི་རྣམས་ཀྱིས་དེ་ལ་ནུས་པ་བསྐྲུན་དགོས། ང་ཚོ་མི་རྣམས་ཀྱིས་དེ་དོན་སྙིང་དང་ལྡན་པ་ཞིག་བཟོ་དགོས་ཏེ། ང་ཚོས་ཆ་ཤས་ལེན་པ་དང་གདམ་གསེས་བྱེད་པ། མཉམ་འབྲེལ་བྱེད་པ་བཅས་ཀྱི་ཐོག་འབད་བརྩོན་བྱེད་དགོས།
ང་ཚོ་རང་ཉིད་ཀྱི་རང་དབང་གི་ཆེད་དུ་ཡར་ལངས་མིན་དང་། ཁྲིམས་ལུགས་ལ་གུས་བརྩི་དང་ཤུགས་རྒྱག་མིན་དེ་ང་ཚོ་རང་ཉིད་ལ་ཐུག་ཡོད། ཨ་རི་ནི་ཉམས་ཆོག་ཆོག་ཅིག་མིན་ལ། ང་ཚོ་རང་དབང་གི་ཕྱོགས་སུ་བསྐྱོད་པའི་འགྲུལ་བཞུད་རིང་མོའི་རྒྱལ་ཁ་དེ་ནི་རྦད་དེ་ཐག་བཅད་བཞག་ཡོད་པ་ཞིག་ཀྱང་མིན།
འཇོར་ཇི་ཝ་ཤིན་ཊོན་གྱི་མཇུག་མཐའི་གཏམ་བཤད་དུ་འདི་ལྟར། རང་རྒྱལ་སྐྱོང་བ་ནི་རྒྱུ་ནོར་དང་རང་དབང་བཅས་ཀྱི་ཕྱོགས་ནས་འུ་ཅག་གི་བདེ་འཇགས་བརྟན་པོར་བྱེད་པ་ཡིན། འོན་ཀྱང་། རྒྱུ་རྐྱེན་མི་འདྲ་བ་དང་ཟུར་ངོས་མི་འདྲ་བའི་ཐད་ནས་ཁྱེད་ཀྱི་བདེན་པར་ཡིད་རྟོན་ཀྱི་སེམས་པར་ན་ཟུག་ཆེན་པོ་གཏོང་ཞིང་དེ་ཉིད་ནུས་མེད་དུ་གཏོང་བ་ཡིན་ཞེས་བྲིས་ཡོད།
དེར་བརྟེན། ང་ཚོས་བདེན་པ་འདི་ཡིད་སྨོན་དང་ངལ་དུབ་ཀྱིས་སྲུང་དགོས་ཞིང་། ང་ཚོས་འུ་ཅག་གི་རྒྱལ་ཁབ་འདི་རྒྱལ་ཁབ་གཞན་ལ་མི་མཐུན་པར་བྱེད་པའི་སྦྱོར་བ་ཡོད་ཚད་ཐོག་མ་ནས་འདོར་དགོས་ཤིང་། ཁྱེད་ལ་གཟའ་ཟླ་བ་ནས་པ་སངས་བར་དུ་བསྐྱལ་ཡོང་བའི་ཉིན་མོ་དག་ཁྱེད་ཀྱིས་རང་ཉིད་ཀྱི་འཇིག་རྟེན་ནས་ཇི་ལྟར་མགོ་འཇུག་རྒྱུ་ཤེས་དགོས།
ཨ་རི། ང་ཚོས་ཆབ་སྲིད་གྲོས་མོད་ཁག་སྐྱོན་ཅན་དུ་བཏང་སྟེ། མི་ཡག་པོ་ཚོ་སྤྱི་ཚོགས་ཞབས་ཞུའི་ནང་ཞུགས་འདོད་མེད་པར་གྱུར་ན། ང་ཚོས་གལ་གནད་དེ་དག་ཉམས་ཞེན་དུ་བཏང་བ་ཡིན། གོ་ནོར་ཐེབས་པ་ཙམ་མ་ཡིན་པར་ཨ་རི་བ་ཚོ་སུ་ཞིག་དང་མོས་མཐུན་མ་བྱུང་བའི་སྡང་ཟུག་དང་རྩུབ་སྤྱོད་མཐོང་ཞིང་། ང་ཚོས་འུ་ཅག་ཁ་ཤས་ཤིག་ནི་ཨ་རི་བ་ངོ་མ་ཡིན་པའི་འགྲེལ་བཤད་བྱས་ན་དེས་ང་ཚོའི་གལ་གནད་དེ་དག་ཉམས་ཞེན་དུ་བཏང་བ་ཡིན། (ཐལ་མོ་སྡེབ་སྒྲ)
ང་ཚོས་སྒྲིག་འཛུགས་ཧྲིལ་བོ་ལྐོག་ཟ་དང་ཁ་བྲལ་ཐབས་མེད་པ་ཞིག་བཟོས་ཏེ། རང་ཉིད་རྒྱབ་ཏུ་ནུར་ཏེ་རང་གིས་ཞིབ་འཇུག་མེད་པར་འོས་བླུག་པའི་མགོ་ཁྲིད་ཚོར་ཁག་བཞག་ཚེ། ཕན་ཚུན་གཉིས་ཀའི་ཐད་ནས་དམངས་གཙོའི་འགན་འཁྲི་ཁྱེར་རྒྱུ་དཀའ་ངལ་ཅན་དུ་བསྒྱུར་བ་ཡིན། ང་ཚོའི་རླབས་ཆེ་བའི་རྒྱལ་ཁབ་འདི་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་རྒྱུར་གནང་བའི་སྤྲོ་གནང་དེ་དང་ལེན་བྱོས་དང་། དོན་དངོས་སུ་ང་ཚོའི་ཕྱི་ལུས་ཀྱི་རྣམ་པ་མི་མཐུན་པ་ཙམ་ལས་ཆེས་གལ་ཆེ་བའི་དམངས་གཙོའི་སྲིད་གཞུང་ཞིག་ཏུ་ང་ཚོ་ཚང་མས་རྒྱལ་དམངས་ཀྱིས་སྤོབས་པ་མཉམ་སྤྱོད་བྱེད་ཀྱིན་ཡོད། (ཐལ་མོ་སྡེབ་སྒྲ)
མང་ཚོགས་ཚོ། ཁྱེད་ཚོས་རྟོགས་བྱུང་ངམ། དེ་ནི་ང་ཚོའི་དམངས་གཙོར་གང་དགོས་པ་དེ་རེད། འོས་བསྡུའི་སྐབས་ཙམ་དང་ཁྱེད་ལ་གུ་དོག་ཅིང་ཕྱོགས་གཅིག་ཁོ་ནའི་དགའ་ཕྱོགས་ཡོད་དུས་ཙམ་མ་ཡིན་པར། ང་ཚོའི་དམངས་གཙོར་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཅག་དགོས་ལ། ཁྱེད་ཀྱིས་མི་ཚེ་ཧྲིལ་པོ་གཏོང་བ་ཞིག་དགོས་པ་ཡིན། གལ་ཏེ་ཁྱེད་རང་དྲ་ཐོག་ནས་ངོ་མི་ཤེས་པ་ཚོར་བགྲོ་གླེང་བྱེད་རྒྱུར་ཐང་ཆད་སོང་ན། འཚོ་བ་དངོས་ཀྱི་ནང་ནས་མི་གཞན་ལ་བགྲོ་གླེང་བྱེད་ཐབས་བྱོས། (ཐལ་མོ་སྡེབ་སྒྲ)
གལ་ཏེ་ཅི་ཞིག་བཅོས་བསྒྱུར་བྱེད་དགོས་ན། ལྷམ་སྒྲོག་མཐུད་ལ་བཀོད་སྒྲིག་བྱོས། (མང་ཚོགས་ཀྱི་དགའ་འབོད) གལ་ཏེ་ཁྱེད་ཀྱིས་འོས་འདེམས་བྱས་བའི་ལས་བྱེད་པས་ཡིད་ཕམ་དུ་བཅུག་ན། མིང་རྟགས་བསྡུ་རུབ་བྱས་ཏེ་རང་ཉིད་ཀྱིས་ལས་ཁུངས་འཛིན་པར་བྱོས། བསམ་ཚུལ་འདོན་དགོས། ལས་འགུལ་རྩོམ་དགོས། ལས་དོན་ཐོག་གཏན་ཚིགས་སུ་སྡོད། མཚམས་རེར་ཁྱེད་ལ་རྒྱལ་ཁ་ཐོབ་ལ། སྐབས་འགར་ཁྱེད་རང་ཕམ་ཁ་རག་ཀྱང་སྲིད། ལེགས་འགྲུབ་ཀྱི་མཛོད་ཅིག་དཀྱིལ་དགོས་ན་དེ་ནི་ཉེན་ཁ་ཅན་ཞིག་ཀྱང་ཡིན་ཆོག་ལ། ལེགས་འགྲུབ་ཀྱི་བརྒྱུད་རིམ་དེ་དག་གིས་ཁྱེད་རང་བློ་ཕམ་དུ་འཇུག་པའི་གནས་སྐབས་ཀྱང་ཡོད། ལས་བཟང་བའི་ང་ཚོར་མཚོན་ན་བརྒྱུད་རིམ་དེའི་ཆ་ཤས་ལེན་མཁན་ཞིག་བྱས་ཤིང་། དེ་ལ་ཉེ་བར་བཅར་ནས་བལྟ་བ་ནི་ནུས་སྟོབས་རྒྱས་བྱེད་ཅིག་ཡིན་ལ། སེམས་ཤུགས་འཕེལ་བྱེད་ཅིག་ཀྱང་རེད། ཁྱེད་ཀྱིས་ཨ་རི་དང་ཨ་རི་བར་བཅངས་བའི་ཡིད་ཆེས་དེ་ར་འཕྲོད་ངེས་ཡིན། ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་ལ་ང་རང་དེ་ལྟར་བྱུང་སོང་། (ཐལ་མོ་སྡེབ་སྒྲ)
ལོ་ངོ་བརྒྱད་ཀྱི་རིང་ལ་ངས་གདོང་ལ་སྤོབས་པས་ཁེངས་བའི་ན་གཞོན་སློབ་ཐོན་པ་དག་དང་། ང་ཚོའི་དམག་དོན་ལས་བྱེད་པ་གསར་བ་ཚོ་མཐོང་ལ། ངས་སྡུག་བསྔལ་གྱིས་མནར་བའི་ཁྱིམ་ཚང་དག་དང་ལྷན་དུ་མྱ་ངན་བྱས་ཤིང་ལྷ་ཁང་ཞིག་དུ་སྙིང་རྗེ་མཐོང་བྱུང་། ངས་འུ་ཅག་གི་ཚན་རིག་པ་ཚོས་ཚོར་བ་ཉམས་པའི་མི་ཞིག་ལ་རོགས་པ་བྱས་ཏེ། མི་དེས་རེག་བྱ་མྱོང་ཐུབ་པར་གྱུར་བ་མཐོང་བྱུང་། ངས་རྨས་ཕོག་པ་ལྕི་ཞིང་རེ་བ་བྲལ་བའི་དཔའ་བོ་ཚོ་སླར་ཡང་གོམས་པ་སྤོས་པ་མཐོང་བྱུང་།
ངས་ས་ཡོམ་གྱི་རྗེས་སུ་སྨན་པ་དང་། དང་བླངས་ཞབས་ཞུ་བ་ཚོས་མི་རྣམས་ལ་བསྐྱར་དུ་གསོན་པའི་རེ་བ་སྦྱིན་ཞིང་རིམས་ནད་ཡོངས་སུ་བཀག་པ་མཐོང་བྱུང་། ངས་བྱིས་པ་ཆུང་ཆུང་ཚོའི་རྣམ་འགྱུར་ལས་ང་ཚོ་ངོས་ཟིན་ཞིང་ང་ཚོའི་འགན་འཁྲི་སྟེ། སྐྱབས་བཅོལ་བ་དང་ཞི་བདེར་བདག་སྐྱོང་བྱེད་དགོས་པ་དང་། ཕན་ཚུན་རོགས་རམ་བྱེད་དགོས་པའི་གནས་ལུགས་ཤེས་ཡོད་པ་མཐོང་བྱུང་། ལོ་ངོ་འདི་དག་གི་གོང་དུ་ངས་རེ་བ་དང་ཡིད་ཆེས་བྱས་པ་དེ་དག་བློ་ཡུལ་ལས་འདས་བའི་ངང་མངོན་གྱུར་བྱུང་སོང་། ཁྱེད་ཚོའི་ཡིད་ཆེས་ཀྱང་དེ་ལྟར་བྱུང་ཡོད་པའི་རེ་བ་ཡོད།
དོ་དགུང་འདིར་ཡོད་པའི་ཁྱེད་ཚོ་འམ་ད་ལྟ་ཁྱིམ་ན་བལྟ་བཞིན་པ་ཚོ་ནི་དེ་སྔོན་ ༢༠༠༤ དང་། ༢༠༠༨། ༢༠༡༢ བཅས་སུ་དེར་ཡོད་པ་རེད། གཅིག་བྱས་ན་ཁྱེད་ཚོས་འུ་ཅག་གིས་འདི་དག་ཚང་ལེགས་འགྲུབ་བྱུང་བར་ད་དུང་ཡིད་ཆེས་ཀྱི་མེད་ཀྱང་སྲིད་མོད། དེ་ནི་ཁྱེད་ཚོ་གཅིག་པུ་མ་རེད། (མང་ཚོགས་ཀྱི་དགའ་འབོད)
མའེ་ཤལ། ལཱ་ཝན། རོ་བྷེན་སཱོན། ཁྱེད་ནི་ལོ་ངོ་ ༢༥ རིང་ལ་ངའི་ཆུང་མ་ཡིན་པ་དང་བྱིས་པ་ཚོའི་ཨ་མ་ཡིན་པ་གཅིག་པུ་མིན་པར། ཁྱེད་ནི་ངའི་གྲོགས་པོ་ཡག་ཤོས་ཀྱང་ཡིན། (མང་ཚོགས་ཀྱི་དགའ་འབོད་དང་། ཐལ་མོ་སྡེབ་སྒྲ) ཁྱེད་ཀྱིས་ཡོད་ཚད་དང་ལེན་བྱས་ཤིང་། ཡོད་ཚད་གཟི་བརྗིད་དང་ལྡན་པ་བྱས་བྱུང་། (མང་ཚོགས་ཀྱི་དགའ་འབོད་དང་། ཐལ་མོ་སྡེབ་སྒྲ)
ཁྱེད་ཀྱིས་ཕོ་བྲང་དཀར་པོ་ཚང་མར་དབང་བ་བྱས་ཤིང་། ཁྱེད་ཀྱིས་མི་རབས་གསར་བར་མིག་དཔེ་བསྟན་ཅིང་མཐོང་རྒྱ་བསྐྱེད་བྱུང་། ཁྱེད་ཀྱིས་ང་ལ་སྤོབས་པ་བསྩལ་ཞིང་། འུ་ཅག་གི་རྒྱལ་ཁབ་འདིར་སྤོབས་པ་སྦྱིན་སོང་། མཱ་ལེ་ཡཱ་དང་སཱ་ཤཱ་ཁྱེད་གཉིས་སྤྱིར་བཏང་མ་ཡིན་པའི་དུས་རིམས་ཤིག་གི་ནང་དུ་མཚར་སྡུག་ལྡན་པའི་བུ་མོ་གཉིས་སུ་སྙོམ་ལག་རྒྱས་བྱུང་། ཁྱེད་གཉིས་ནི་སྤྱང་གྲུང་ལྡན་ཞིང་ཡིད་དུ་འོང་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་ཁྱེད་གཉིས་ལ་བྱམས་བརྩེ་དང་བཟོད་སྲན་ཆེ་ཞིང་བསམ་ཤེས་ལྡན། ཁྱེད་གཉིས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་འགན་ཁུར་སླ་པོར་ཁྱེར་ཞིང་། ངའི་མི་ཚེའི་ལས་ཀ་ཡོད་ཚད་ལས་ཁྱེད་གཉིས་ཀྱི་ཨ་ཕ་བྱེད་པ་ནི་ངའི་གཟི་བརྗིད་ཅིག་ཡིན།
རྗོང་བྷ་ཌན་(Joe Biden)། སུ་ཁཱ་རན་ཊོན་ནས་ཡོང་བའི་བྱིས་པ་འཚུབ་པོ། སྒྲེ་ལཱ་ཝར་གྱི་བུ་གཅེས་ཤོས། ཁྱེད་ནི་ངས་འོས་མིར་ཐག་བཅད་པ་དང་པོ་ཡིན་ལ་ཡག་ཤོས་ཀྱང་བྱུང་སོང་། དེ་ནི་ཁྱེད་ཀྱི་སྲིད་འཛིན་གྱི་སློབ་སྟོན་པ་ཡག་པོ་བྱས་པ་གཅིག་པུ་མ་ཡིན་པར། རིན་གོང་ཆུང་ཆུང་ངང་ང་ལ་སྤུན་མཆེད་ཅིག་རག་པས་ཀྱང་ཡིན། ང་ཁྱེད་ཅག་ལ་ནང་མི་བཞིན་བརྩེ་བ་ཡོད། ཁྱེད་ཅག་གྲོགས་པོའི་བརྩེ་བ་ནི་ངའི་མི་ཚེའི་ཁྲོད་ཀྱི་སྤྲོ་སྣང་ཆེ་ཤོས་ཡིན།
ལོ་ངོ་བརྒྱད་ཀྱི་རིང་ལ་ངའི་ལས་བྱེད་ཁྱེད་ཅག་གིས་ང་ལ་ནུས་པ་བཏོན་ཞིང་། སྙིང་སྟོབས་དང་ཀུན་སྤྱོད། ཤེས་རབ་སོགས་ཁྱེད་ཅག་གིས་གང་གནང་བ་དེ་ངས་ལྡོག་སྤྲོ་བྱེད་ཁུལ་བྱས་པ་ཡིན། ངས་ཁྱེད་ཅག་ནར་སོན་ཞིང་གཉེན་སྒྲིག་པ་དང་། བུ་ཕྲུག་བསྐྱངས་ནས་ཁྱེད་ཚོ་རང་ཉིད་ཀྱི་རྨད་དུ་བྱུང་བའི་འགྲུལ་བཞུད་ཀྱི་མགོ་བཙུགས་པར་བལྟས་པ་ཡིན།
ཐ་ན་དུས་ཚོད་གཉེན་འཕྲེང་ཅན་དང་སེམས་ཁུར་ཆེ་བའི་སྐབས་སུ་ཡང་། ཁྱེད་ཅག་གིས་ཝ་ཤིན་ཊོན་ནམ་ཡང་ཕམ་དུ་བཅུག་མ་མྱོང་། ཁྱེད་ཅག་གིས་ང་ཚོར་ཡིད་ཆེས་སྐྲུན་བྱུང་། འུ་ཅག་གིས་བྱ་བཞག་ལེཊ་པོ་སྒྲུབ་པ་ཡོད་ཚད་ཀྱི་ཁྲོད་ནས་ངའི་སྤོབས་པ་ཆེ་ཤོས་བྱེད་ས་གཅིག་པུ་ནི་ང་ཚོས་མཚར་སྡུག་ལྡན་པའི་བསམ་བློ་ཡོད་ཚད་འདི་ནས་བཟུང་ལེགས་འགྲུབ་བྱེད་དུ་འཇུག་ངེས་པ་དེ་ཡིན། (ཐལ་མོ་སྡེབ་སྒྲ)
དེ་བཞིན། འདིར་ཡོད་པའི་ཁྱེད་ཅག་ཚང་མ་སྟེ། རྒྱུས་མེད་ཀྱི་གྲོང་བརྡལ་ཞིག་ཏུ་སྤོས་བའི་བཀོད་འདོམ་པ་ཀུན། ཁོ་ཚོར་སྣེ་ལེན་ལེགས་པོ་བྱས་པའི་སེམས་བཟང་ཅན་གྱི་ཁྱིམ་ཚང་ཡོད་ཚད། སྒོ་རེ་རེ་བཞིན་རྡུང་ནས་ལས་ཀ་བྱས་བའི་དང་བླངས་ལས་མི་ཀུན། དེ་བཞིན། འོས་འཕེན་ཐེངས་དང་པོ་ཡིན་པའི་ན་གཞོན་ཡོད་ཚད། འཕོ་འགྱུར་ཀྱི་ཆེད་དུ་དཀའ་ལས་རྒྱབ་པའི་ཨ་རི་བ་ཡོད་ཚད། ཁྱེད་ཅག་ནི་རྒྱབ་སྐྱོར་བ་ཆེས་ཡག་ཤོས་དང་། རེ་ལྟོས་བཅོལ་ས་བླ་ན་མེད་པ་དེ་ཡིན། ངས་རྟག་ཏུ་ཁྱེད་ཚོའི་བཀའ་དྲིན་སྙིང་ནས་དྲན་གྱིན་ཡོད། རྒྱུ་མཚན་ནི་ཁྱེད་ཚོས་འཇིག་རྟེན་ལ་འགྱུར་བ་བཏང་བ་རེད། དེར་རྟེན། ངས་རྒྱལ་ཁབ་འདི་ལ་སྔར་ལས་ལྷག་པའི་རེ་བ་བཅངས་ཏེ། དོ་དགུང་སྲིད་སྟེགས་འདི་ལས་འཐོན་རྒྱུ་ཡིན། རྒྱུ་མཚན་ནི་ཁྱེད་ཚོས་འུ་ཅག་གི་བྱ་གཞག་ནི་ཨ་རི་བ་མང་པོ་ཞིག་གིས་ཕྱག་རོགས་བྱས་ནས་བསྒྲུབས་པ་ཙམ་མ་ཡིན་པར། དེས་ཨ་རི་བ་མང་པོར་བློ་སྤོབས་སྤེལ་ཡོད་པ་ཤེས་ཤིང་། ལྷག་པར་དུ་གཞོན་སྐྱེས་མང་པོ་ཞིག་གིས་ཁོ་ཚོས་ཁྱད་དུ་འཕགས་པའི་བྱ་གཞག་སྒྲུབ་ནུས་པར་ཡིད་རྟོན་ཡོད་ཅིང་རེ་བ་ཆེ་བས་ཡིན།
ངས་རྒྱལ་ཁབ་འདིའི་ཕྱོགས་གང་ས་ནས། ད་ལྟའི་མི་གསར་བ་ནི་རང་གཅེས་འཛིན་ཆུང་ཞིང་གཞན་ཕན་ལྡན་པ། རྒྱལ་གཅེས་བསམ་བློ་ཤུགས་ཆེ་བར་མཐོང་བྱུང་། ཁྱེད་ཚོ་དྲང་བདེན་དང་ཕུན་སུམ་ཚོགས་པའི་ཨ་རིར་ཡིད་ཆེས་ཤིང་། ཁྱེད་ཚོས་འགྱུར་བ་ཡང་ཡང་ཡོང་བ་ནི་ཨ་རིའི་མཐུན་མོང་མ་ཡིན་པའི་རྟགས་མཚན་ཞིག་དང་། དེ་ནི་འཇིགས་སྣང་བྱེད་དགོས་པ་ཞིག་མ་ཡིན་པར། གཟི་བརྗིད་དུ་བརྩི་འོས་པ་ཞིག་ཡིན་པ་ཤེས་ཡོད། ཁྱེད་ཚོར་དཀའ་ཁག་ཅན་གྱི་དམངས་གཙོའི་ལས་དོན་འདི་རྒྱུན་སྐྱོང་འདོད་ཡོད་པ་རེད། མི་རིང་བར་ཁྱེད་ཚོས་འཕེལ་རྒྱས་འབྱུང་ཞིང་། དེའི་འབྲས་བུར་མ་འོངས་པར་ལེགས་འགྲུབ་ཡོང་བ་ང་ལ་ཡིད་ཆེས་ཡོད། (ཐལ་མོ་སྡེབ་སྒྲ)
ངའི་བརྩེ་བའི་ཨ་རི་བ་རྣམ་པ། ཁྱེད་ཚོར་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་བ་ནི་ངའི་གཟི་བརྗིད་ཡིན། ངས་ཁྱེད་ཅག་ལ་ཞབས་འདེགས་ཞུ་རྒྱུ་མཚམས་མི་འཇོག རྒྱལ་ཁབ་ཀྱི་འབངས་མི་ཞིག་ཏུ་ང་ནམ་ཡང་ཁྱེད་དང་ལྷན་དུ་ཡོད། ཡིན་ན་ཡང་ད་ལྟ་ངས་ཁྱེད་ཅག་ལ་ཁྱེད་ཚོའི་སྲིད་འཛིན་གྱི་ངོས་ནས་རེ་བ་མཐའ་མ་ཞིག་ཞུ་རྒྱུ་ཡོད་པ་ནི། སྔོན་མ་ཁྱོད་ཚོས་ང་ལོ་ངོ་བརྒྱད་ཀྱི་གོང་དུ་ང་སྲིད་འཛིན་ལ་བསྐོ་སྐབས་ངས་ཁྱོད་ཚོར་རེ་བ་ཞུས་པ་བཞིན། ཁྱོད་ཚོ་རྒན་གཞོན་སུ་ཡིན་ཡང་། ངའི་འཇོན་ནུས་ཀྱིས་ཁྱེད་ཅག་ལ་འགྱུར་བ་ཞིག་བཏང་ཡོང་བར་ཡིད་རྟོན་བྱེད་པ་ལས་རང་ཉིད་ལ་ཡིད་ཆེས་བྱེད་རོགས་ཞུ་རྒྱུ་ཡིན།
བྲན་གཡོག་དང་ངོ་རྒོལ་བ་ཚོས་ཤབ་ཤུབ་ཀྱིས་དགོས་འདུན་འདོན་པ་དང་། སྙིང་སྟོབས་ཀྱི་རང་སྒྲ་གནས་སྤོ་བ་དང་ཞིང་པ་ཚོས་དྲང་བདེན་གྱི་ཆེད་དུ་ཡར་ལངས་བྱས་པ། ཡིད་ཆེས་བསྐྱར་སྐྲུན་ཞིག་སྟེ། གོ་ལ་མི་གཅིག་པ་འདི་ནས་ཟླ་བའི་ནང་རྒྱལ་དར་བཞག་པ། ད་དུང་ཨ་རི་བ་ཡོད་ཚད་ཀྱི་སེམས་གཏིང་གི་ཡིད་ཆེས་ཏེ། ཁོ་བོ་ཅག་གི་གཏམ་རྒྱུད་ད་དུང་འབྲི་བར་འགྱུར་བ་བཅས་ངས་ཁྱེད་ཅག་ལ་མུ་མཐུད་དུ་ང་ཚོའི་གསར་གཏོད་ཀྱི་ལོ་རྒྱུས་ལ་ཡིད་རྟོན་བྱེད་རོགས་ཞུ་བཞིན་ཡོད།
རེད། ང་ཚོས་བསྒྲུབ་ཐུབ་ངེས་རེད། ང་ཚོས་བསྒྲུབས་ཀྱང་ཡོད་ལ། ང་ཚོས་བསྒྲུབ་ཐུབ་ངེས་རེད།
བཀའ་དྲིན་ཆེ།
དཀོན་མཆོག་གིས་ཁྱེད་ཚོར་མགོ་སྐྱབས་གནང་ངེས།
དཀོན་མཆོག་གིས་མུ་མཐུད་དུ་ཨ་རིར་མགོན་སྐྱབས་གནང་བར་ཤོག
བཀྲའ་དྲིན་ཆེ། ”
རྐ་འོད་ཟེར་ལགས་ཀྱིས་བོད་ཡིག་ཏུ་ཕབ་བསྒྱུར་ཞུས།
བཀའ་དྲིནཆེ། ཨོ་བྷ་མའི་མཐའ་མའི་གཏམ་བཤད་འདི་ཕབ་ལེན་ཐུབ་པའི་བཀའ་དྲིན་སྩོལ་གནང་མཁྱེན། ང་ལ་དགོས་མཁོ་ཆེན་པོ་ཞིག་བདོག
ཨ་རིས་དམངས་གཙོ་དང་རང་དབང་ལ་བཅངས་པའི་རེ་བ་དང་ཡིད་ཆེས་དེར་ཡིད་འགུལ་ཆེན་པོ་ཐེབས་བྱུང་།
ཨོམ་པད་མས་གཏམ་བཤད་ཡག་པོ་དང་རིང་བོ་བྱས་འདུག འོན་ཀྱང་ཁོང་གི་མི་ལོ་བརྒྱད་ཀྱི་རིང་དེར་རྒྱ་ནག་གི་ཧམ་པ་དང་སྟོབས་ཤུགས་ཞེ་དྲག་ཆེ་རུ་ཕྱིན་སོང་། གལ་ཏེ་ད་དུང་ལོ་ངོ་བརྒྱད་ཁོང་གིས་བཟུང་དབང་བཏང་ན་རྒྱ་ནག་ཨ་རིའི་སྒང་ལ་འཛེག་གྲབས་བྱས་ས་རེད།