མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷི་བྷི་སི་གསར་ཁང་དུ་ངའི་མི་ལོ་ ༥༠ །

བོད་ཀྱི་དུས་བབ།
༢༠༡༧/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཇོན་སིམ་ཕུ་སོན-John Simpson.

སྐུ་ཞབས་ཇོན་སིམ་ཕུ་སོན་(John Simpson)ལགས་ནི་བྷི་བྷི་སི་(BBC)གསར་ཁང་གི་རྒྱལ་སྤྱིའི་གནས་བབ་སྡེ་ཚན་གྱི་ཞུ་དག་པ་མཁན་ཡིན་ཞིང་། ཁོང་གིས་དེ་སྔ་ཆབ་སྲིད་དང་ལོ་རྒྱུས་སྐོར་གྱི་དེབ་མང་པོ་བརྩམས་ཡོད་པ་དང་ད་ལྟ་དགུང་ལོ་ ༧༢ ཡིན་འདུག  གཤམ་གྱི་རྩོམ་ཡིག་དེ་ནི་ཁོང་གིས་རང་གི་གསར་འགོད་ཆེད་ལས་ཀྱི་འདས་པའི་མི་ལོ་ ༥༠ ཕྱིར་དྲན་བྱས་པའི་ཟིན་ཐོ་ཡིན།

༡༩༧༠ ལོར་ཇོན་སིམ་ཕུ་སོན་གྱིས་ལྷོ་ཨ་ཧྥི་རི་ཁའི་སོ་ཝེ་ཏྲོ་ས་གནས་ནས་གསར་འགོད་བྱེད་བཞིན་པ།

ཕྱི་ལོ་ ༡༩༦༦ ལོར་ངས་ཐོག་མར་བྷི་བྷི་སི་གསར་ཁང་དུ་ལས་མགོ་བཙུགས་པའི་ཉིན་ནས་ད་བར་འཛམ་གླིང་ལ་ཧ་ཅང་འགྱུར་བ་ཆེན་པོ་ཕྱིན་ཡོད།

དེའི་སྐབས་སུ་ཨ་མེ་རི་ཁ་ནི་རྒྱལ་ཁབ་བྱིངས་ལས་ནམ་ཡང་སྔོན་ཐོན་ཡིན་པར་སྣང་ལ། ཨུ་རུ་སུར་མཚོན་ན་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རང་དབང་མེད་ཅིང་།  དཀའ་ཚེགས་ཆེ་བའི་འཕེལ་རིམ་རིང་མོ་ཞིག་གི་དུས་མགོ་ཚུགས་ཡོད། རྒྱ་ནག་ཏུ་མའོ་ཙེ་ཏུང་གིས་དྲག་རྩུབ་ཆེ་བའི་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་གྲབས་ཡོད་ལ། ཡུ་རོབ་གླིང་ནི་འཛམ་གླིང་དམག་འཁྲུག་གཉིས་པའི་གོད་ཆག་ལས་ད་དུང་གྲོལ་ཐུབ་མེད།

དེ་བཞིན། དབྱིན་ཡུལ་(Britain)ལ་མཚོན་ན། གནའ་བོའི་གྲལ་རིམ་རིང་ལུགས་སུ་སྐྱོད་བཞིན་པའི་ས་ཆ་སྤྲོ་སྣང་མེད་པ་ཞིག་ཡིན་པ་དང་། དེར་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་ཚོང་ལས་རིགས་གཉེར་མཁན་ཧ་ལམ་མེད་སྟབས། ཡུལ་གཞན་གྱི་མི་ཞིག་ཡུལ་སྐོར་སྤྲོ་འཆམ་ལ་ས་དེར་འོང་སྲིད་པའི་སྐད་ཆ་བཤད་པ་ཙམ་གྱིས་མི་རྣམས་ཁོང་དགོད་བྱེད། ལོ་འཁོར་རེ་གཉིས་ནང་དུ་འདི་དག་ཡོངས་རྫོགས་ལ་འགྱུར་བ་ཐེབས་སོང་།

ཝེ་ནམ་དམག་འཁྲུག་(Vietnam War)ངོ་རྒོལ་གྱིས་ཨ་མེ་རི་ཁ་ཕུ་དཀྲུག་མདའ་དཀྲུག་བཟོས་སྟབས། དུས་དེ་ནས་བཟུང་སྔར་གྱི་དབང་ཤུགས་གཏན་ནས་ཕྱིར་མ་ཐོབ་ལ། སོ་ཝེ་ཏའི་ལྷན་ཚོགས་(The Soviet)ཀྱིས་ཡུ་རོབ་ཤར་མའི་ཐོག་ཏུ་ཡོད་པའི་དབང་ཤུགས་ལ་རྩོད་ལེན་བསློགས་ཏེ། ཡུ་རོབ་གླིང་གི་དཔལ་འབྱོར་དང་སྟོབས་ཤུགས་ཀྱི་རྒྱང་སྐྱོད་རིང་མོ་མགོ་ཚུགས་སྟབས། གསོན་ཉམས་ལྡན་ཞིང་དེང་དུས་རང་བཞིན་གྱི་ལོན་ཌོན་(London)ནི་འཛམ་གླིང་གི་རྒྱལ་ས་རུ་གྱུར་སོང་།

བྷི་བྷི་སིའི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས། ང་ཚོའི་མི་ཚེར་འགྱུར་བ་བཏང་ཟིན་པའི་དོན་རྐྱེན་ཆེན་པོ་འདི་དག་དངོས་སུ་མཐོང་རྒྱུ་བྱུང་བ་ནི་ང་རང་ཉིད་ཀྱི་སྐལ་བཟང་ཞིག་ཏུ་རློམ་གྱིན་ཡོད།

བྷར་ལིན་གྱི་རྩི་གྱང་སྒྱེལ་བཞིན་པ། འདི་ནི་སོ་ཝེ་ཏའི་ལྷན་ཚོགས (Soviet Union) མགོ་རྟིང་ལོག་རན་པའི་སྔ་ལྟས་ཤིག་ཡིན།

ངས་ཕྱི་ལོ་ ༡༩༧༠ ལོའི་དཀྱིལ་དུ་སོ་ཝེ་ཏྲོ་གྱེན་ལོག་(Soweto Uprising)སྐབས་སུ་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ། རྒོལ་ལན་སློག་པ་མཐོང་སོང་ལ། ཨི་རན་དུ་གསར་བརྗེ་ཆེན་མོ་བྱུང་སྟེ། ཡུལ་གྲུ་གང་སར་གནས་པའི་ཁ་ཆེ་བ་རྣམས་ལ་སྙིང་སྟོབས་གསར་བ་སྦྱིན་པའང་མཐོང་སོང་།

ངས་ད་དུང་སོ་ཝེ་ཏི་(The Soviet)ཡིས་ཨ་ཧྥི་གྷ་ནི་སི་ཐན་ལ་བཙན་འཛུལ་དང་། ཆབ་སྲིད་པ་མི་ཀི་ཧེ་རྒར་སྦེ་ཤེ་ (Mikhail Gorbachev)ཡི་རྒྱལ་ཁ་དང་། བྷར་ལིན་རྩིག་གྱང་(Berlin Wall)བསྒྱེལ་བའི་རྗེས་སུ། ཡུ་རོབ་གླིང་དུ་མ་ཁེ་སི་ལེ་ཉིན་རིང་ལུགས་ཉམས་རྒུད་དང་། ལྷོ་ཨ་ཧྥི་རི་ཁའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་ཇུས་མཚམས་འཇོག དམུ་རྒོད་རང་བཞིན་གྱི་བྷོ་སེ་ནི་དམག་འཁྲུག་(Bosnian War)བཅས་ཀྱི་ཐོག་དུ་གསར་འགོད་བྱས་པ་ཡིན།

དེ་བཞིན། ངས་ཐཱ་ལི་པན་(Taliban)ལྟ་བུའི་དྲག་སྤྱོད་རིང་ལུགས་ཚོགས་པ་དག་གི་དབང་ཤུགས་ལ་དར་རྒུད་ཀྱི་འཕོ་འགྱུར་དང་། སྲིད་འཛིན་སཱ་སྡེམ་ཧོ་སིན(Saddam Hussein)རྩ་མེད་བཟོས་བ། དེའི་རྗེས་ཀྱི་ཨི་རག་གི་ནང་འཁྲུག་དང་། སྒེར་སྤྱོད་པ་གྷ་ཌ་ཧྥི(Gaddafi)ལྟ་བུའི་ཁ་གཏད་དུ་གཉེར་བའི་གསར་བརྗེའི་ལས་འགུལ། རྒྱ་ནག་གི་བསྒྱུར་བཅོས་སྒོ་འབྱེད་ཆེན་མོ་དང་། སྲིད་འཛིན་པི་ཊེན་(Vladimr Putin)གྱི་གོ་གནས་འཕར་བའི་བརྒྱུད་རིམ་དང་། ལོ་གཉིས་ཀྱི་སྔ་རོལ་དུ་ཁོས་ཁི་རེ་མེ་ཡཱ་(Crimea)བཙན་གྱིས་བཟུང་བ་སོགས་མཐོང་སོང་།

གནས་ཚུལ་འདི་དག་གིས་ང་ཚོར་བརྗོད་པ་ནི། གལ་ཏེ་ང་ཚོས་འགྲོ་བ་མིའི་ལོ་རྒྱུས་ཀྱི་མཇུག་མར་དམ་ལྷོད་རན་པོས་འཇུ་ཐུབ་ཚེ། དེ་ཡིས་ང་ཚོ་གང་དུའང་འཁྲིད་ནུས།

༡༩༨༩ ལོར་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་རྒྱ་གཞུང་གིས་དམངས་གཙོའི་ངོ་རྒོལ་བར་དྲག་གནོན་བྱེད་བཞིན་པའི་སྐབས།

ངའི་ཆེད་ལས་འདིའི་མི་ཚེའི་རིང་དུ་ང་ཚོས་འཛམ་གླིང་འདི་དུས་འགྱུར་ཆེན་པོ་གཉིས་བརྒྱུད་དེ་ཕྱིན་དང་འགྲོ་བཞིན་པ་མཐོང་ཐུབ། དང་པོ་ནི་ཝ་ཤིན་ཏྲོན་(Washington)དང་མོ་སེ་ཁོ(Moscow)གཉིས་ཀྱིས་སོ་སོའི་ཁེ་ཕན་ཆེད་འཛམ་གླིང་དབང་དུ་བསྒྱུར་བ་དེ་ཡིན་ཡང་། ཕྱི་ལོ་ ༡༩༨༩ ཟླ་བ་ ༡༡ ཚེས་ ༩ ཉིན་འཇར་མན་ཤར་མའི་མགོ་ཁྲིད་རྣམས་ཀྱིས་མཇུག་འབྲས་སྔོན་དཔག་མ་ཐུབ་པར། བྷར་ལིན་རྩིག་གྱང་(Berlin Wall)བསྒྱེལ་ཏེ་འཇར་མན་ནུབ་མ་སྒོ་འབྱེད་བྱས་ཡོད། དེ་རྗེས་ཀྱི་གཟའ་འཁོར་དྲུག་གི་ནང་ཚུན་དུ་འཇར་མན་ཤར་ཕྱོགས་སུ་ཡོད་པའི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་དབང་ཤུགས་བརླགས་པར་མ་ཟད། ཕྱི་ལོ་ ༡༩༩༡ ཟླ་བ་ ༨ ནང་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱང་རྩ་མེད་དུ་ཕྱིན་ཡོད་ཅིང་། དེ་ནི་དུས་འགྱུར་དང་པོའི་མཇུག་ཡིན།

དུས་འགྱུར་གཉིས་པ་ནི་སྔར་ནས་ད་བར་ང་ཚོ་དང་ལྷན་དུ་ཡོད་པ་ཞིག་སྟེ། ཉམས་རྒུད་འགྲོ་བཞིན་པའི་ཨ་རི་དང་། ཉམས་ཆག་ཕྱིན་ཟིན་པའི་ཨུ་རུ་སུ། དར་རྒྱས་ཕྱིན་དང་འགྲོ་བཞིན་པའི་རྒྱ་ནག་བཅས་ཀྱི་དུས་འགྱུར་ཡིན། གཅིག་བྱས་ན། ཊི་རུམ་ཕིའི་འོས་ཤོག་དང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་(European Union )ལས་ཐོན་རྗེས་དུས་འགྱུར་འདིའི་མཇུག་ཀྱང་རྫོགས་རན་ལ། དབྱིན་ཇི་དང་། ཡུ་རོབ། ཨ་རི་བཅས་ཀྱི་དབང་ཤུགས་མར་ངོའི་ཟླ་ལྟར་སྒྲིབ་པར་བརྩམས།

གལ་ཏེ་དེ་ལྟར་གྱུར་ཚེ། དུས་འགྱུར་གསུམ་པའི་ནང་དུ། དེང་སྐབས་སི་རེ་ཡའི་གྲོང་ཁྱེར་ཨ་ལེ་ཕོ་(Aleppo)རུ་སི་རེ་ཡའི་གཞུང་དང་། དེའི་རྒྱབ་སྐྱོར་མཁན་ཨུ་རུ་སུ་གཉིས་ཀྱིས་ཚད་ལས་བརྒལ་བའི་གདུག་རྩུབ་བཀོལ་བའི་དྲག་སྤྱོད་ཁོ་ན་འབྱུང་ཉེན་ཆེ་ཞིང་། དེ་ལྟར་བྱུང་ཚེ་མེ་རྒྱོགས་དང་འཕྲུལ་མདའི་ཁྲོད་དུ་ང་ཚོ་སུའང་ཐར་ཐབས་མེད།

དེ་ལྟ་ན་ཡང་། ཕྱི་ལོ་ ༡༩༨༩ ལོའི་རྗེས་སུ་རྒྱལ་ཁབ་མང་ཆེ་བ་དེའི་སྔོན་དང་བསྡུར་ན་ཧ་ཅང་ཞི་བདེ་བག་ཕེབས་སུ་སོང་ཡོད་དེ། རྒྱལ་ཁབ་གཉིས་ཀྱི་བར་དུ་དམག་འཁྲུག་ཀྱི་གྲངས་ཀ་ཧ་ཅང་ཇེ་ཉུང་དུ་གྱུར་ཅིང་། ཕྱི་ལོ་ ༡༩༨༩ ལོའི་རྗེས་སུ་ནང་འཁྲུག་ཅུང་མང་ཙམ་བྱུང་ཡང་། དེ་རྗེས་རིམ་གྱིས་ཇེ་ཉུང་དུ་གྱུར། དུས་རབས་བཅུ་དགུ་པའི་ལོ་རབས་ ༥༠ ནང་དུ་མི་གྲངས་ས་ཡ་རེའི་ནང་དམའ་འཁྲུག་གིས་མི་གྲངས་ ༢༥༠ རེ་བསད་ཡོད་ཀྱང་། དེང་སྐབས་ས་ཡ་རེའི་ནང་དུ་དམག་འཁྲུག་གིས་བསད་པའི་གྲངས་ནི་མི་ ༡༠ ལས་ཉུང་དུ་སོང་ཡོད།

གྲང་དམག་(Cold War)གི་རྗེས་སུ་ཛ་དྲག་ཆེ་བའི་འཐབ་འཛིང་ཡང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་ཡོད་ཅིང་། རང་དབང་གི་ཚད་གཞི་ཧ་ཅང་ཇེ་མཐོར་ཕྱིན་ཡོད་པར་མ་ཟད། ཕྱི་ལོ་ ༡༩༦༦ ལོའི་ཡར་སྔོན་དུ་དམངས་གཙོའི་རྒྱལ་ཁབ་ ༤༠ ལས་མེད་ཀྱང་། དེང་སྐབས་རྒྱལ་ཁབ་བརྒྱ་ལྷག་དམངས་གཙོ་ཅན་དུ་གྱུར་ཡོད། དེ་བཞིན། ཕྱི་ལོ་ ༡༩༦༦ ལོའི་ནང་དུ་སྲིད་དབང་སྒེར་སྤྱོད་རིང་ལུགས་པ་ ༩༠ ཙམ་ཟིན་ཡང་། དེང་སྐབས་རྒྱལ་ཁབ་ ༢༠ ཙམ་ལས་ལྷག་མེད་ལ། བར་སྐབས་ཤིག་ལ་ངའི་ཆེད་ལས་སུ་བཅར་འདྲི་བྱ་སའི་སྒེར་སྤྱོད་པ་ཚབས་ཆེན་གྷ་ཌ་ཧྥི(Gaddafi)དང་། སཱ་སྡེམ་ཧོ་སིན(Saddam Hussein)ལྟ་བུ་དག་ཀྱང་ཧ་ལམ་རྩ་མེད་དུ་གྱུར་ཡོད།

ཉེ་བའི་དུས་སུ། འཇིགས་སྐུལ་རིང་ལུགས་པ་བསྐྱར་དུ་དར་ཡོད་ཀྱང་། ཕྱི་ལོ་ ༡༩༧༠ ནས་ ༡༩༩༠ ལོའི་བར་གྱི་འཇིགས་སྐུལ་རིང་ལུགས་པ་བཞིན་ཚད་མཐོ་པོར་བསླེབས་མེད་ལ། ཕྱོགས་གང་ཐད་ནས་བལྟས་ཀྱང་ལོ་ ༥༠ ཡར་སྔོན་དང་བསྡུར་ཚེ་འགྲོ་བ་མི་རྣམས་ཀྱི་མཐུན་ལམ་བྱེད་སྟངས་ཀྱང་ཇེ་བཟང་དུ་ཕྱིན་ཡོད། འོན་ཀྱང་། ང་ཚོ་ད་དུང་ཞི་ཞིང་དུལ་བའི་ངང་མཉམ་གནས་བྱེད་ཐུབ་ཀྱི་མེད།

ཨི་རག་དམག་འཁྲུག་སྐབས་སུ་མེ་མདའ་ཁ་ཤོར་ནས་སིམ་ཕུ་སོན་དང་ཁོའི་ལས་རོགས་ཚོར་ཕོག་སྟབས། ཁོང་ཅག་གི་སྐད་སྒྱུར་བ་འདས་གྲོངས་སུ་གྱུར།

དཔེར་ན། ལྷོ་ཨ་ཧྥི་རི་ཁ་ལྟ་བུར་ཕྱི་ལོ་ ༡༩༩༤ ལོར་ནེ་སན་མན་ཌ་ལཱ་ (Nelson Mandela)ལ་དགའ་སྤྲོའི་ངང་དབང་ཆ་ཐོབ་པར་དངོས་སུ་མཐོང་རྒྱུ་བྱུང་བ་ནི་ངའི་ལས་ཀ་ཁྲོད་ཀྱི་གཟི་བརྗིད་ཅིག་དང་། མན་ཌ་ལཱ་ཁོང་ནི་ངའི་གྲོགས་པོ་ཞིག་ཡིན་ཞེས་འབོད་རྒྱུ་དེའང་ངའི་སྤོབས་པ་ཡིན་མོད། ད་ལྟའི་ཆར། ལྷོ་ཨ་ཧྥི་རི་ཁའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་དང་གྲོས་ཚོགས་ཀྱི་སྐྱུག་བྲོ་བའི་ལྐོག་ཟ་རུལ་སུངས་ཀྱིས་རྨི་ལམ་དེ་རྩ་མེད་བཟོས་ཡོད། ཉེ་ཆར་ང་ལྷོ་ཨ་ཧྥི་རི་ཁར་ཕྱིན་སྐབས་མི་རིགས་ནག་པོའི་བྱིས་པ་ཞིག་གིས “མན་ཌ་ལཱ་ནི་མི་རིགས་དཀར་པོར་ཞབས་ཕྱི་སྒྲུབ་མཁན་གྱི་རྒས་པོ་ཞིག་རེད”ཅེས་བརྗོད་སོང་།

ལོ་ ༥༠ རིང་དུ་ངས་དམག་འཁྲུག་ ༤༨ དང་། གསར་བརྗེ། གྱེན་ལོག་སོགས་ལ་གསར་འགོད་བྱས་ཡོད། དེ་ནི་འཇིགས་སྣང་སྐྱེ་བྱེད་ཀྱི་དྲག་སྤྱོད་དང་ཚེ་སྲོག་ཤོར་བའི་དོན་རྐྱེན་དག་གི་ཕྱོགས་སྒྲིག་ཅིག་གོ།

དེང་རབས་ཀྱི་འཛམ་གླིང་ནང་དུ་ངས་ཆེས་ངན་གྲགས་ཆེ་བའི་སྡེབ་གསོད་གསུམ་དངོས་སུ་མཐོང་མྱོང་སྟེ། དང་པོ་ནི། ཕྱི་ལོ་ ༡༩༨༢ ལོར་བྱུང་བའི་སཱ་སྦི་ར་དང་ཆཱ་ཏྲི་ལ་(Sabra and Chatila)ས་གནས་སུ་བྱུང་བའི་སྡེབ་གསོད་དང་། གཉིས་པ་ནི། ཕྱི་ལོ་ ༡༩༨༨ ལོར་སཱ་སྡེམ་ཧོ་སིན་གྱིས་ཧ་ལ་སྦི་ཇེ(Halabjeh)ས་གནས་སུ་ཁར་ཌི་(Kurd)མི་རིགས་ལ་རྫས་དུག་སྤྱད་དེ་སྡེབ་གསོད་བཏང་བ། གསུམ་པ་ནི། ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་རྒྱ་ནག་སྒོ་མོའི་ཐང་ཆེན་དུ་མི་དམངས་བརྒྱ་ཕྲག་མང་པོ་མེ་མདའ་བརྒྱབ་སྟེ་སྡེབ་གསོད་བྱས་པ་བཅས་གསུམ་རེད།

གནད་དོན་དེ་ལྟ་བུ་རང་དགར་བརྗེད་མི་སྲིད་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། རང་ཉིད་ལ་ཆེས་ཤུགས་རྐྱེན་ནམ་གནོན་ཤུགས་ཆེ་ཤོས་ནི་མི་བྱེ་བྲག་པ་ཞིག་གི་འདས་གྲོངས་ཀྱི་དོན་རྐྱེན་ཞིག་ཡིན།

དེ་ཡང་། ཕྱི་ལོ་ ༢༠༠༣ ལོར་ཨ་རིས་ཨི་རག་(Iraq)བཙན་འཛུལ་མ་བྱས་གོང་དུ། ལོ་ན་གཞོན་པའི་ཁར་ཌི(Kurd)་རིགས་བ་ཁ་མེ་རེན(Kamaran)གྱིས་ང་ལ་ངའི་སྐད་སྒྱུར་གྱི་ལས་ཀ་བྱས་ན་འགྲིག་མིན་སྐད་ཆ་དྲིས་བྱུང་། ཁོ་ངའི་འཁྲིས་སུ་འགྲེང་བཞིན་ང་ཚོས་ཨ་རི་དང་ཁར་ཌི་རིགས་ཀྱི་དམག་མི་འགའ་ཞིག་ལ་གློག་བརྙན་ལེན་པའི་ཉིན་དེར། ཨ་རིའི་མཚོ་དམག་གནམ་གྲུའི་ཁ་ལོ་བ་ཞིག་གིས་ལྗི་ཚད་ཀི་ལོ་ ༤༥༤ ཅན་གྱི་འབར་རྫས་ཞིག་དཀྱིལ་དུ་གཡུགས་པས། མི་བཅུ་བདུན་འདས་གྲོངས་སུ་ཕྱིན་ཡོད་ལ། ཁ་མེ་རེན་གྱི་རྐང་པར་མདེའུ་ཡིས་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས། དངངས་སྐྲག་དང་ཁྲག་ཟད་དེ་འཕྲལ་དུ་གྲོངས་སོང་། ངས་ཤེས་ཚོར་མེད་པའི་ངང་ནས་ཁ་མེ་རེན་གྱི་འཆི་རྐྱེན་བཟོས་པའི་གནོངས་འགྱོད་དེ་ལས་ནམ་ཡང་ཐར་མ་མྱོང་།

ཨི་རག་གི་བྱང་ཕྱོགས་སུ་ཁ་མེ་རེན་གྱི་དུར་སར་རྗེས་དྲན་བྱེད་བཞིན་པ།

ང་རང་བྷི་བྷི་སི་གསར་ཁང་དུ་ལས་ཀ་བྱས་ནས་བགྲང་བྱ་ ༥༠ འཁོར་བའི་དུས་དྲན་དུ། ངས “ཕྱིར་བལྟས”ཞེས་པའི་ལས་ཚན་ཞིག་གི་ཆེད་དུ་གློག་བརྙན་ཞིག་སྒྲིག་སྦྱོར་བྱས་སྟབས། འདིས་ང་ལ་ཨི་རག་གི་བྱང་ཕྱོགས་ཨར་པི(Erbil)རུ་ཕྱིར་ལོག་སྟེ། ཁ་མེ་རེན་གྱི་ཨ་མར་མཇལ་བའི་གོ་སྐབས་ཤིག་སྦྱིན་སོང་།

སྐབས་དེར་ང་རང་ཧ་ཅང་ཚ་གེ་ཚིག་གེར་གྱུར་ཡོད་ཀྱང་། ཁོ་མོས་ནི་ཞི་དུལ་དང་གུས་ཞབས་ཀྱིས་ང་ལ་བསུ་བ་བྱས་ཏེ “མ་གཞི་ནས། ངས་ཁྱོད་ལ་ལན་ཁག་དཀྲི་དོན་མེད”ཅེས་བཤད་མ་ཐག་ང་རང་དབང་མེད་པར་ངུ་ཤོར་སོང་།

ལས་ཀ་བྱས་པའི་བགྲང་བྱ་ ༥༠ རིང་དུ་ཆབ་འབངས་མི་སེར་རྣམས་དཀའ་ངལ་དང་སྡུག་རྩུབ་ལས་བྲོས་པ་ངས་བལྟས་ཡིན་ལ། ལོ་རྒྱུས་ཁྲོད་ཀྱི་ནོར་འཁྲུལ་དག་ལ་ཡོ་བསྲང་བྱས་པའང་མཐོང་ཡོད། གཅིག་བྱས་ན། བགྲང་བྱ་ ༥༠ འདིས་རྐྱེན་པས། ང་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བཅིང་གྲོལ་ཐོབ་ཡོད་སྲིད།

སུམ་པ་བས་བོད་བསྒྱུར་ཞུས།

མ་ཡིག་འབྲེལ་ཐག http://www.bbc.com/news/world-38365810

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    ཕྱི་ལོ་ ༡༩༨༩ ལོར་གནམ་སྡེ་རྒྱ་ནག་སྒོ་མོའི་(རྒྱ་ནག་གནམ་སྡེ་སྒོ་མོའི་ཞེས་བྲིས་ན་བདེ་སྙམ།)ཐང་ཆེན་དུ་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese