ཨིན་ཌི་ཡ་ན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བོད་རྒྱ་རིག་པའི་མཁས་དབང་གྲགས་ཅན་ཨི་ལིའོ་ཊི་སྤིར་ལིན་ (Prof. Elliot Sperling )ལགས་ཉེ་སྔོན་གློ་བུར་དུ་སྐུ་གྲོངས་ཡོད་འདུག
སྐུ་ཞབས་ཨི་ལིའོ་ཊི་སྤིར་ལིན་ལགས་ནི་བོད་རྒྱའི་རིག་གནས་དང་། བོད་རྒྱ་གཉིས་དང་བོད་སོག་བར་གྱི་ལོ་རྒྱུས་འབྲེལ་བ་སོགས་ལ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ཆེད་མཁས་པ་ཞིག་ཡིན་པ་མ་ཟད། དེ་སྔོན་ཁོང་རྒྱ་ནག་ནང་ཐེངས་མང་ཕེབས་མྱོང་ཡོད་ལ། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་སྐྱོན་བརྗོད་གནང་སྟེ་བོད་མིར་གདུང་སེམས་མཉམ་སྐྱེད་དང་། ཁ་ཚ་དགོས་གཏུག་གིས་བོད་དོན་གླེང་ཞིང་། བོད་ལ་གཏིང་ཟབ་པའི་རྒྱུས་ལོན་ཡོད་པའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྟབས། ཉིན་ཤས་གོང་ཁོང་གློ་བུར་དུ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་རྗེས། བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱི་ལོ་ ༢༠༡༥ ལོར་བོད་རིག་པའི་མཁས་དབང་རོ་བྷིར་ཊོ་ཝེ་ཊཱ་ལི་(Roberto Vitali)ལགས་ཀྱིས་རྩོམ་སྒྲིག་གནང་ཞིང་། ཨི་ལིའོ་ཊི་སྤིར་ལིན་ལགས་དང་འགྲོགས་འདྲིས་ཟབ་པའི་བོད་རིག་པ་བ་དང་ཁོང་གི་གྲོགས་པོ་སྐོར་ཞིག་གིས་བརྩམས་པའི་“Trails of the Tibetan Tradition: Papers for Elliot Sperling” ཞེས་པའི་ཁོང་ལ་མངོན་བསྟོད་གླེགས་བམ་དེ་དང་། ཁོང་གི་བརྩམས་ཆོས་དང་པར་རིས་རྣམས་བསྐྱར་དུ་འགྲེམས་སྤེལ་བྱས་ཏེ་རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་བཞིན་འདུག
ཨི་ལིའོ་ཊི་སྤིར་ལིན་ལགས་ནི་ཕྱི་ལོ་ ༡༩༥༡ ཟླ་ ༡ ཚེས་ ༤ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྐྱེས་ཤིང་། སྐུ་ན་ཆུང་དུས་ནས་ཆབ་སྲིད་དང་སྤྱི་ཚོགས་རིག་གནས་ལ་དོ་སྣང་ཆེན་པོ་ཡོད་པ་དང་། ཕྱི་ལོ་ ༡༩༧༠ ལོར་ཁེན་སུ་མཐོ་སློབ་(Queens College)ཏུ་ཞུགས་ཏེ་འཛམ་གླིང་གི་ཡུལ་གྲུ་མང་པོར་བསྐོར་བ་བརྒྱབ་ནས་འཚོལ་ཞིབ་ཀྱི་འགྲུལ་བཞུད་བྱས་པ་བརྒྱུད། ཆེས་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་ཡོད་པའི་བོད་མི་དང་འབྲེལ་འདྲིས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་ཁོང་གིས་ཨིན་ཌི་ཡ་ན་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་དཔྱད་རྩོམ་དུ་ “Early Ming Policy toward Tibet: An Examination of the Proposition that the Early Ming Emperors Adopted a “Divide and Rule” Policy toward Tibet.” ཞེས་པའི་བོད་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་གནང་ཡོད་པ་དང་། དཔྱད་རྩོམ་དེར་རྒྱལ་སྤྱིའི་ཀློག་པ་པོ་མང་པོས་གདེང་འཇོག་ཆེན་པོ་བྱས་ཡོད་པ་རེད།
ཁོང་འབུམ་རམས་པ་མཐར་ཕྱིན་རྗེས་ཨིན་ཌི་ཡ་ན་གཙུག་ལག་སློབ་ཆེན་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། འདས་པའི་ལོ་ངོ་ ༣༠ ཙམ་རིང་ཁོང་དང་ཁོང་གི་གྲོགས་པོ་བོད་དོན་ཞིབ་འཇུག་པ་ཁག་ཅིག་གིས་ (Tibet Since 1950: Silence, Prison or Exile)དང་། (Studies on the History and Literature of Tibet and the Himalaya)ཟེར་བ་སོགས་བོད་དང་བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་འབྲེལ་བ། དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སོགས་ཀྱི་སྐོར་ལ་དཔྱད་རྩོམ་དཔེ་དེབ་རིགས་མང་པོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོར་ཁོང་གིས་བརྩམས་པའི་བོད་རྒྱའི་དཀའ་རྙོག་སྐོར་གྱི་དཔྱད་རྩོམ་ “The Tibet-China Conflict: History and Polemics” ཞེས་པར་ཀློག་པ་པོ་མང་པོས་དགའ་མོས་ཆེན་པོ་ཐོབ། ད་ལྟའི་བར་ཁོང་གིས་བོད་རྒྱའི་འབྲེལ་བ་དང་བོད་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་དཀའ་སྡུག་སོགས་ཀྱི་སྐོར་ལ་གཏམ་བཤད་སྤེལ་བ་དང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་མང་པོར་སྣེ་འཁྲིད་ལམ་སྟོན་གནང་ཡོད་པ་མ་ཟད། ཁོང་ནི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཞིག་ཀྱང་ཡིན་སྟབས། ཕྱི་ལོ་ ༢༠༡༤ ལོར་ཁོང་རྒྱ་ནག་ནང་ཕྱིན་སྐབས་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་ནག་གཞུང་གིས་ཆུ་ཚོད་གཅིག་ལྷག་རིང་འདྲི་གཅོད་བཀག་ཉར་བྱས་རྗེས་ཕྱིར་སློག་བཏང་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
མྱ་ངན་གུས་འདུད་ཞུ། སླར་ཡང་མི་ལུས་དལ་འབྱོར་དོན་ཡོད་ཅིག་འཐོབ་པར་ཤོག???