ཨ་རིའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོར་མོས་མཐུན་མེད་བཞིན་དུ་མང་མོས་ཐོག་སྐུ་ཞབས་རེཀ་ཊིལ་ལོར་སཱོན་ཨ་རིའི་རྒྱལ་དོན་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད།
དེ་རིང་བྷི་བྷི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཌོ་ནོལ་ཊི་རུམ་ཕི་ཡིས་སྐུ་ཞབས་རེཀ་ཊིལ་ལོར་སཱོན་(Rex Tillerson)མིང་འདོན་བྱས་པ་ལྟར། ཁ་སང་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་གནང་མཁན་ ༥༦ དང་། དགག་པ་རྒྱག་མཁན་ ༤༣ བྱུང་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་གནང་མཁན་ ༡༡ དང་དགག་པ་རྒྱག་མཁན་ ༡༠ བྱུང་སྟེ་མང་མོས་ཐོག་ཁོང་ལ་ཨ་རིའི་རྒྱལ་དོན་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚན་པའི་དྲི་བ་དྲིས་ལན་སྐབས། ཁོས་རྒྱ་ནག་དང་བོད་པའི་སྐོར་ལ་ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་ངམ་ཡང་ན་༧གོང་ས་ཏཱ་ལའི་བླ་མ་དང་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། པེ་ཅིན་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་སོགས་ལ་བརྩི་བཀུར་བྱེད་དགོས་སྐོར་སོགས་ལན་འདེབས་གནང་ཡོད་འདུག དེ་བཞིན། སྲིད་འཛིན་ཊི་རུམ་ཕི་དང་༧གོང་ས་མཆོག་མཇལ་འཕྲད་གནང་མིན་དྲིས་པའི་ལན་དུ་ཐེ་ཚོམ་མེད་པར་གནང་གི་རེད་ཅེས་ལན་འདེབས་གནང་ཡོད་པ་རེད།
སྐུ་ཞབས་རེཀ་ཊིལ་ལོར་སཱོན་ནི། ད་ལྟ་རང་ལོ་ ༦༤ ཡིན་པ་དང་། ས་གནས་ཊེཀ་ཛེས་(Texas)ཞེས་པར་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཁོ་དེ་སྔོན་ཨེཀ་ཛོན་མཱོ་བྷིལ་(Exxon Mobil)བཟོ་གྲྭའི་མགོ་འཛིན་གནང་ཡོད་འདུག
ཁོས་ལས་འཁུར་དམ་འབུལ་ཞུ་སྐབས། སྲིད་འཛིན་ཊི་རུམ་ཕིས་ “ཁྱོད་ཀྱི་མི་ཚེའི་ཉམས་མྱོང་ཡོད་ཚད་ནི་དེ་རིང་གི་དུས་ཚོད་འདིའི་ཆེད་དུ་བསགས་ཡོད་པ་རེད།” ཅེས་བརྗོད་པར། ཁོས་དེ་ལ་ “ངའི་སྲིད་འཛིན་གྱི་འོག་ལས་ཀ་བྱེད་ཡུན་རིང་། ནམ་ཡང་ཨ་རིའི་མི་མང་གི་མངོན་འདོད་དེ་དག་གཙིགས་སུ་གཟུང་རྒྱུ་ཡིན།”ཞེས་བརྗོད་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་འདིའི་སྐོར་འཁོད་པའི་ནང་། ཁོང་ད་སྔ་ཆབ་སྲིད་ཀྱི་ར་བར་ཞུགས་ཏེ་ལས་ཀ་བྱེད་མྱོང་མེད་ཀྱང་། དེ་སྔ་རྒྱ་ནག་དང་ཨུ་རུ་སུར་འབྲེལ་བ་དམ་ཟབ་ཡོད་སྟབས། ཨ་རིའི་སྤྱི་ཚོགས་ནང་ཁོའི་སྐོར་ལབ་གླེང་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་འདུག
སྐུ་ཞབས་ཊིལ་ལོར་སཱོན་དེ་སྔ་བཟོ་གྲྭའི་མགོ་འཛིན་ཡིན་སྐབས། ཨུ་རུ་སུའི་སྣུམ་གྱི་བཟོ་གྲྭ་རོས་ནིཊ་(Rosneft)ཞེས་པ་དང་ཨ་སྒོར་ཐེར་འབུམ་ལྷག་གི་ཚོང་འབྲེལ་བྱས་ཡོད་སྟབས། ༢༠༡༣ ལོར་ཨུ་རུ་སུའི་སྲིད་འཛིན་པུ་ཏིན་(Putin)གྱིས་ཁོ་ལ་གྲོགས་པོའི་སྒྲིག་ཁྲིམས་(Order of Friendship)ཞེས་པའི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་འདུག
སྐུ་ཞབས་ཊིལ་ལོར་སཱོན་རྒྱལ་དོན་དྲུང་ཆེར་བསྐོ་བཞག་སྐབས། ཁོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་གཞུང་གིས་འཐབ་འཛིང་རྒྱག་བཞིན་པར་དོ་སྣང་ནན་ཏན་བྱེད་པ་དེ་རྒྱུ་མཚན་ལྡན་པ་ཞིག་ཡིན་ཡང་། སྲིད་འཛིན་པུ་ཏིན་དམག་གི་ནག་ཉེས་ཅན་(War Criminal)ལ་ངོས་འཛིན་བྱེད་བཞིན་པ་དེར་ངོས་ལེན་མེད་ཅེས་ཁ་གསལ་བོར་བརྗོད་ཡོད་འདུག
ད་ནི་ཨ་རིའི་དྲུང་ཆེ་ཊིལ་ལོར་སཱོན་གྱིས་སྲིད་འཛིན་ཊི་རུམ་ཕིའི་ཚབ་ཏུ་རྒྱ་ནག་དང་ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་འཛིན་དགོས་པ་མ་ཟད། རྒྱལ་ཁབ་དེ་དག་གི་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་གྲོས་བསྡུར་གྱི་འགན་དབང་ཡང་ཡོད།
ཐེངས་འདིར་གྲོས་ཚོགས་ནང་སྐུ་ཞབས་ཊིལ་ལོར་སཱོན་དྲུང་ཆེར་བསྐོ་རྒྱུར་འོས་ཤོག་ཐོབ་པའི་གྲངས་ཐོ་འདི་དེ་སྔའི་དྲུང་ཆེ་རིམ་པ་ལས་ཉུང་ཤོས་དེ་ཆགས་ཡོད། སྲིད་འཛིན་ཨོ་བྷོ་མའི་སྐབས་སུ་དྲུང་ཆེ་ཇོན་ཀེ་རཱི་(John Kerry)ལ་འོས་ ༩༤ – ༣ ཐོབ་ཡོད་པ་དང་། དྲུང་ཆེ་ཧེ་ལ་རེ་(Hillary Clinton)ལ་འོས་ ༩༤ – ༢ ཐོབ་ཡོད་པ་མ་ཟད། སྲིད་འཛིན་ཇོཥ་བྷུས་(George W Bush)ཀྱི་སྐབས་སུ་ཡང་དྲུང་ཆེ་ཀོ་ལིན་པོ་བྷེལ་(Colin Powell)ལ་འོས་ ༨༥ – ༡༣ ཐོབ་ཡོད་འདུག
དྲུང་ཆེ་ཊིལ་ལོར་སཱོན་གྱིས་གདོང་ལེན་བྱེད་དགོས་པ་དང་པོ་ནི། སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ལས་ཁུངས་ཁག་ནས་ཁ་ཆེའི་རྒྱལ་ཁབ་བདུན་ལ་བསྐྱོད་མི་ཆོག་པ་དང་། རྒྱལ་ཁབ་དེ་དག་གི་མིའང་ཨ་རིར་གནས་སྤོ་བྱེད་མི་ཆོག་པའི་ཐག་གཅོད་དེས་བསླངས་པའི་ཟིང་ཆ་དང་འཇིགས་སྣང་དག་མེད་པ་བཟོ་རྒྱུ་དེ་ཡིན། ཁོས་ད་དུང་ཨ་རིའི་རྒྱལ་ཁབ་དང་འབྲེལ་ལམ་ཇེ་སྡུག་ཏུ་སོང་བའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བསྐྱར་གསོ་དང་། ཨ་རིའི་རྒྱལ་ཁབ་ལ་ཁོང་ཁྲོ་ཟ་བཞིན་པའི་ཡུ་རོབ་ཀྱི་མགོ་ཁྲིད་རྣམས་དང་འབྲེལ་ལམ་ཇེ་བཟང་དུ་གཏོང་དགོས།
སླར་ཡང་བྷི་བྷི་སི་གསར་ཁང་གི་གནས་ཚུལ་ཞིག་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༣༡ ཉིན་ཨ་རིའི་སྐུ་ཚབ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་གཞུང་ཚབ་མི་གྲངས་ ༡༠༠༠ ལྷག་གིས། འཛིན་ཊི་རུམ་ཕིས་ཕྱི་སྐྱོད་བཀག་འགོག་གི་སྲིད་ཇུས་དེར་མོས་མཐུན་མེད་པའི་མིང་རྟགས་བཀོད་ཡོད་འདུག
དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཊེ་རི་ས་མཱེ་(Theresa May)ཡིས་ཨ་རིའི་གཞུང་གིས་ཁ་ཆེའི་རྒྱལ་ཁབ་བདུན་ལ་བསྐྱོད་མི་ཆོག་པ་དང་། ཁོང་ཚོའི་མི་ཨ་རིར་གནས་སྤོ་མི་ཆོག་པའི་སྲིད་ཇུས་དེར་ངོ་རྒོལ་མཚོན་བྱེད་དུ། ཨ་རིའི་སྐུ་ཚབ་རྣམས་ལ་ཐུག་འཕྲད་བྱས་མེད་པ་དང་། དེ་བཞིན། སྲིད་འཛིན་ཊི་རུམ་ཕིས་ཨ་རི་དང་མེཀ་སི་ཁོ་གཉིས་ཀྱི་ས་མཚམས་ལ་རྩིག་གྱང་རྒྱག་དང་། དེའི་འགྲོ་གྲོན་མེཀ་སེ་ཁོ་གཞུང་གིས་སྤྲོད་དགོས་སྐོར་བཤད་པ་དེས། མེཀ་སི་ཁོའི་སྲིད་འཛིན་ཨ་རིའི་ཝ་ཤིན་ཊོན་དུ་སྐོར་སྐྱོད་དུ་ཡོང་འཆར་ཡོད་པ་དེའང་ཕྱིར་འཐེན་བྱས་ཡོད་འདུག