བོད་མིའི་འདུ་ཕྱིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་འདིའི་ཚེས་ ༢ ནས་དེ་རིང་ཚེས་ ༩ ཉིན་བར། རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་མཐོ་སློབ་དང་ཤེས་ཡོན་བསྟི་གནས་སོགས་སུ་མཛད་འཕྲིན་བསྐྱངས་ཏེ། དེ་རིང་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་འཐོན་གནང་ཡོད་འདུག
༧གོང་ས་མཆོག་གིས་ཟླ་འདིའི་ཚེས་ ༣ ཉིན་ལྡི་ལིའི་རྒྱ་གར་གནའ་རབས་རིག་གནས་བསྐྱར་གསོ་ལྟེ་གནས་(Vidyaloke)ཞེས་པར་རྒྱ་གར་བ་ ༤༠༠ ཙམ་ལ་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་གསུངས་པ་དང་འབྲེལ་ཏེ། ང་ཚོ་དེ་རིང་འདིར་འཛོམས་པ་དེ་ནི་ནང་ཆོས་འཆད་ཉན་ཙམ་མ་ཡིན་པར། དུས་རབས་ཉེར་གཅིག་དེ་དུས་རབས་ཉི་ཤུ་ལས་ལྷག་གི་འཆམ་མཐུན་ཞིག་འབྱུང་རྒྱུར་རེ་བ་རྒྱག་གི་ཡོད་སྐོར་སོགས་གསུངས་འདུག
སྐབས་དེར་ཁོང་གིས། “ནུབ་ཕྱོགས་ནང་ཁག་གཅིག་གིས་སེ་ཁུ་ལར་(secular)ཞེས་བརྗོད་སྐབས་ཆོས་ལ་དགག་བྱ་བྱེད་མཁན་ལྟ་བུར་བརྩི་བཞིན་ཡོད་པ་ནི། ང་རང་གི་བསམ་པར། ཧྥ་རན་སིའི་གསར་བརྗེ་ཆེན་མོ་(French revolutions) དང་། ཨུ་རུ་སུའི་ནང་ལེ་ཉིན་(Lenin) གྱིས་མགོ་ཁྲིད་པའི་བྷོལ་ཤེ་ཝིག་གསར་བརྗེའི་(Bolshevik revolutions)དུས་སྐབས་སུ་ཆོས་ཀྱིས་མིའི་བསམ་བློར་ཤུགས་རྐྱེན་སྤྲད་པ་དེས་སྒྲིག་འཛུགས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུར་དོ་ཕོག་གཏོང་གི་ཡོད་སྟབས། ཆོས་ལ་སྡང་ཟུག་བྱས་པ་ཞིག་ལས་ཆོས་ཀྱི་ནང་དོན་ལ་བསམ་བློ་བཏང་བ་ཞིག་ཕལ་ཆེར་མ་རེད། དེར་བརྟེན། ངོས་ཀྱིས་སེ་ཁུ་ལར་ཞེས་རིས་མེད་ཀྱི་བསམ་བློ་གཏོང་སྟངས་དེ་རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་དར་སྲོལ་ཡོད་པ་ལྟར་ཆོས་ལ་ཡིད་ཆེས་བྱེད་མཁན་དང་མི་བྱེད་མཁན་ཚང་མར་གུས་བཀུར་ཐོག་ནས་ལྟ་ཚུལ་ཞིག་ཡོད་པ་དེར་སེ་ཁུ་ལར་རྗོད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་འདྲ་མིན་མཐུན་སྒྲིལ་ངང་མཉམ་གནས་ཐུབ་པ་དེའི་རྨང་གཞི་གཙོ་བོ་དེ་ཡང་སྲོལ་རྒྱུན་གྱི་བསམ་བློ་དེར་ཐུག་ཡོད། རྒྱ་གར་ལ་མཚོན་ན། རྒྱ་གར་ཡུལ་འདིའི་ནང་བྱུང་ནས་དར་འཕེལ་བྱུང་བ་གྲངས་ཅན་པ་དང་རིག་པ་ཅན་པ། གཅེར་བུ་བ། ནང་པ། སིག་བཅས་འཆམ་མཐུན་ངང་ལོ་ངོ་མང་པོའི་རིང་མཉམ་གནས་ཐུབ་ཡོད་པ་ཙམ་དུ་མ་ཟད། ཕྱི་ནས་རྒྱ་གར་ནང་དར་འཕེལ་བྱུང་བའི་ཡེ་ཤུ་དང་ཁ་ཆེ། ཇིའུ། ཛོ་ར་ཛུ་དིན་བཅས་ཀྱང་རྒྱ་གར་ནང་འཆམ་མཐུན་ངང་གནས་བཞིན་ཡོད།” ཞེས་གསུངས་འདུག
ཕྱི་ཚེས་ ༦ ཉིན་ལྡི་ལིའི་ཡེ་ཤུའི་ལྷ་ཁང་(Convent of Jesus and Mary)ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ། རྒྱ་གར་གྱི་སློབ་གྲྭ་ ༨༠ ནས་ཕེབས་པའི་སློབ་ཕྲུག་ ༡༣༠༠ ཙམ་ལ་བཀའ་སློབ་གནང་དོན། ང་ཚོ་ཚང་མ་འཛམ་གླིང་གི་མི་ཐེར་འབུམ་བདུན་གྱི་ཆ་ཤས་ཤིག་ཡིན་པ་དང་། ཐོག་མ་སྐྱེས་སྟངས་དང་མཐའ་མར་འཆི་སྟངས་ཚང་མ་གཅིག་མཚུངས་ཡིན་སྟབས། ང་ཚོ་མི་སུ་དང་སུ་ཞིག་ཡིན་ཡང་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་སྟེ། སོ་སོ་ཙམ་མ་ཡིན་པར་མི་གཞན་རྣམས་ཀྱང་སྤུན་མཆེད་གྱི་འདུ་བཤེས་འཛིན་རྒྱུ་གལ་ཆེན་པོ་ཡིན། མཚམས་རེར་འདུ་ཤེས་དེ་བརླགས་པ་དང་སྣང་མེད་ལྟ་བུར་ཕྱིན་ཏེ་རྒྱལ་ཁབ་དང་ཆོས་ལུགས། རིགས་རུས་སོགས་ཀྱི་རྩོད་ཉོག་འབྱུང་བཞིན་ཡོད། ཅེས་སོགས་གསུངས་འདུག
ཕྱི་ཚེས་ ༧ ཉིན་ལྡི་ལིའི་བུད་མེད་ཡེ་ཤུ་མཐོ་སློབ་ཏུ་སློབ་ཕྲུག་ ༡༥༠ ལྷག་ལ་ཁོང་གི་མཛད་འཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་ཝེ་ཁ་ནན་ཌ་ Vivekananda International Foundation ཞེས་པའི་ཐེབས་རྩ་ཁང་གིས་གདན་འདྲེན་ཞུས་པ་ལྟར། གཞུང་ཞབས་ཟུར་བ་དང་ཤེས་ལྡན་མི་སྣ་ ༢༥༠ ལྷག་ལ་བཀའ་སློབ་གནང་དོ། “ཐེབས་རྩ་ཁང་འདིས་རྒྱ་གར་གྱི་རྣལ་འབྱོར་པ་ཝི་ཝེ་ཀ་ནནྡཱ་ (Swami Vivekananda) མཆོག་གིས་རྗེས་དྲན་ཙམ་མ་ཟད། ཁོང་གིས་ལམ་སྟོན་གནང་བའི་བསླབ་བྱ་དང་ལེགས་བཤད་དེ་དག་གཅེས་ཉར་དར་འཕེལ་ཡོང་ཐབས་གནང་བཞིན་ཡོད། ཁོང་གིས་ཧ་ཅང་རྩ་ཆེར་འཛིན་བཞིན་པའི་གནས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ཀནྱཱ་ཀུ་མཱ་རི་ (Kanyakumari) ཞེས་པར་བྲག་རྡོ་ཆེན་པོ་ཞིག་ཡོད་པ་དེར་ངོས་རང་འགྲོ་མྱོང་ཡོད།
ཕྱི་ལོ་ ༡༨༩༣ ལོར་རྣལ་འབྱོར་པ་ཁོང་གིས་ཨ་རིའི་གྲོང་ཁྱེར་ཆི་ཁ་གྷོའི་ནང་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་(Parliament of the World’s Religions)ཞེས་པ་དེར་ཕེབས་ནས་སྙན་གྲགས་ཆེ་བའི་གཏམ་བཤད་གནང་ཡོད། ཚོགས་ཆེན་དེར་ཡང་ངོས་རང་བསླེབས་པ་རེད། ཁོང་གི་འཆར་སྣང་སྐོར་གསུང་རྗེས་མི་མང་པོར་སེམས་འགུལ་ཤུགས་ཆེ་ཐེབས་རྗེས་ཕྱིས་སུ་འཆར་སྣང་དེ་དག་ལག་བསྟར་དོན་འཁྱོལ་ཡོང་སླད་ཨ་རིའི་ནང་ཝི་ཝེ་ཀ་ནནྡཱ་ཐེབས་རྩ་ཁང་བཙུགས་ཡོད་ཀྱང་། བར་སྐབས་ནས་ཐེབས་རྩ་ཁང་གཉིད་ཁུགས་པ་ལྟ་བུ་འདུག ཅེས་ངོས་ཀྱིས་ཁོང་ཚོར་བརྗོད་པ་ཡིན། དེར་བརྟེན་ཕྱིས་སུ་སལ་ལེག་སི་ཊི་ (Salt Lake City)ཞེས་ཨ་རིའི་གྲོང་ཁྱེར་ནང་ཐེབས་རྩ་ཁང་གིས་ངོས་རང་མགྲོན་འབོད་བྱེད་སྐབས་ཁོང་ཚོས་འབྱུང་འགྱུར་ལས་དོན་ཚགས་ཚུད་དང་ངར་ཤུགས་ཆེ་རུ་གཏོང་རྒྱུའི་ཁས་ལེན་གནང་ཡང་མཐར་ངོས་རང་ལྷན་ཚོགས་དེར་བཅར་མ་ཐུབ་པ་རེད།” ཅེས་གསུངས་འདུག
ཡང་ཁོང་གིས། ངོས་རང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་འབྱོར་སྐབས་སེམས་ཁྲལ་ཆེ་ཤོས་གཅིག་ནི་བོད་པའི་སྲོལ་རྒྱུན་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཇི་ལྟར་ཐུབ་མིན་དེ་རེད། འོན་ཀྱང་མཐར་པཎྜི་ཏ་ནེ་རུ་མཆོག་དང་མངའ་སྡེ་ཁག་གཅིག་གིས་གཟིགས་སྐྱོང་འོག་གདན་ས་ཁག་གི་གཙོས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དེ་དག་གཞི་ཚུགས་ཐུབ་པ་བྱུང་ཡོད། དགོན་པ་དེ་དག་ལ་བོད་ཀྱི་ནཱ་ལེནྡྲ་ཞེས་གྲགས།
ཕྱོགས་མཚུངས་པཎྜི་ཏ་ནེ་རུ་མཆོག་གིས་དགོན་པ་གྲྭ་ཚང་ཙམ་མ་ཟད། བོད་མིའི་སློབ་གྲྭ་བཙུགས་ནས་བོད་ཕྲུག་ཚོར་བོད་ཡིག་དང་དེང་དུས་ཤེས་ཡོན་ཐོག་ལའང་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བྱུང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པ་རེད། ཁོང་ནི་རྒྱ་གར་གནའ་རབས་ཀྱི་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་ཁང་ནང་གི་མཁས་ཆེན་གྲས་རེད། ཁོང་བོད་དུ་བྱོན་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་མཛད་པ་དེ་དག་བོད་མི་ཚོས་ད་བར་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱས་དང་བྱེད་མུས་ཡིན།” ཞེས་སོགས་གསུངས་འདུག
༧གོང་ས་མཆོག་གི་ལྡི་ལི་ཁུལ་གྱི་མཛད་འཆར་ཁག་གྲུབ་རྗེས་དེ་རིང་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཨན་ཌི་རྭ་མངའ་སྡེའི་གྲོང་ཁྱེར་ཝི་ཇི་ཝ་ར་(Vijayawada)ཆིབས་བསྒྱུར་བསྐྱངས་ཡོད་འདུག
“དབྱིན་ཡིག་ནང་གི་(Secular)ཞེས་པ་དེ་ཆོས་མེད་རིང་ལུགས་མ་ཡིན་པར་ཆོས་ལུགས་རིས་མེད་རེད།” ཁོང་གི་གསུང་པ་འདི་བདེན་པ་རེད་། མང་པོ་ཞིག་གི་ཨིན་ཡིག་སེ་ཀུ་ལར་ཞེས་པ་འདིར་གོ་ནོར་ཐེབས་ཀྱི་འདུག།