ཁ་སང་རྒྱ་ནག་བྱང་ཤར་ཅི་ལིན་ (Jilin) ཞིང་ཆེན་མི་མང་ཁྲིམས་ཁང་ཟེར་བས་པེ་ཅིན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་གཞོན་ཟུར་བ་ལུ་ཞི་ཝིན་ (Lu Xiwen) གྱིས་ཕྱི་ལོ་ ༢༠༠༡ ནས་ ༢༠༡༥ བར་རྒྱ་སྒོར་ས་ཡ་ ༡༨.༨ ལྐོག་ཟ་བྱས་ཡོད་པའི་ནག་ཉེས་འོག་ལོ་ ༡༣ གྱི་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་མོ་ལུ་ཞི་ཝིན་ནི་ད་ལྟ་རང་ལོ་ ༦༡ ཡིན་ཞིང་། དེ་སྔོན་ཁོ་མོ་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་སྐྱེད་སྲིང་བྱེད་སའི་སློབ་ཆེན་ཞིག་གི་སློབ་གཙོ་ཡིན་པ་དང་། ༢༠༡༥ ལོ་ནས་ཁོ་མོར་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ལུ་ཞི་ཝིན་གྱིས་ཁོ་མོའི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཁས་ལེན་བྱས་ཡོད་སྟབས། ཁྲིམས་ཆད་ཇེ་ཡང་དུ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། ཁྲིམས་ཁང་གིས་ཁོ་མོ་ཁྲིམས་རྩོད་པ་དང་ནང་མི་སོགས་ལ་ཐུག་འཕྲད་བྱེད་དུ་བཅུག་མི་འདུག
གནས་ཚུལ་ནང་། དེ་སྔའི་དམར་ཤོག་ཚོགས་པའི་གཙོ་འཛིན་ཟུར་བ་ཚོ་དང་འདྲ་བར་ལོ་ངོ་ ༤ ལྷག་གི་གོང་ནས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་སྤེལ་ཏེ། ཁོས་དམར་ཤོག་ཚོགས་པའི་དབང་ཤུགས་ཆ་ཚང་འཛིན་ཐབས་སུ་ནུས་པ་ཆེན་པོ་ཐོན་ཡོད་པ་དང་། ༢༠༡༢ ལོ་ནས་ད་ལྟའི་བར་ཞི་ཅིན་ཕིན་གཞུང་གིས། ལྐོག་ཟ་རུལ་སུངས་དང་གོ་དབང་ལོག་སྤྱོད་བྱས་པའི་ནག་ཉེས་འོག དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་བ་ཀྲུའུ་ཡཱོང་ཁང་གཙོས་པའི་གནད་ཡོད་དཔོན་རིགས་ ༡༧༠ ཙམ་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྐོར་བཀོད་འདུག
གསར་འགོད་པ། པདྨ་རྒྱལ།