རྒྱ་ནག་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག་ཞི་ཅིན་ཕིན་སྲོག་ཤིང་ཡིན་པ་ཤུགས་ཆེན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེས་སྲོག་ཤིང་དུ་གྱུར་བར་ཏན་ཏན་མ་འདང་བ་ཞིག་ཡིན་པ་གསལ་པོར་བསྟན་པ་རེད་ཟེར།
ཁ་སང་ཕྱི་ཚེས་ ༥ ཉིན། རྒྱ་ནག་རྒྱལ་ཡོངས་འཐུས་ཚོགས་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ ༥ པ་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་ཡོད་པ་དང་། ཚོགས་ཆེན་གཉིས་མགོ་མ་བཙུགས་སྔོན་ནས་བཟུང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གཙོ་བོར་གྱུར་བའི་པེ་ཅིན་གྲོང་ཁྱེར་གྱི་ལྟེ་བ་ཚང་མར་དམག་མི་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཏེ། འགྲུལ་བའི་འགྲོ་འོང་ལ་དམ་དྲག་དང་ཁྱིམ་ཚང་མང་པོའི་ཁྱིམ་ཐོར་ཞིབ་བཤེར་བྱས་པ་དང་སྦྲགས། པེ་ཅིན་དུ་ཡོང་བའི་ས་གནས་གཞན་གྱི་འགྲུལ་བ་མང་པོ་བཙན་གྱིས་རང་ཡུལ་དུ་ཕྱིར་སློག་བཏང་ཡོད་པ་མ་ཟད། སྤྱི་མང་ཐོབ་ཐང་འཐབ་རྩོད་པ་སོགས་མི་ཁག་ཅིག་འཛིན་བཟུང་བཀག་སྐྱིལ་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བརྗོད་ན། ཐེངས་འདིའི་འཐུས་མིའི་ཚོགས་ཆེན་ཐོག་ཁྱོན་འཐུས་མི་ ༢༩༢༤ ཞུགས་དགོས་པའི་ཁྲོད་ནས་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བར་མི་ ༢༨༧༥ ཡིས་འབྱོར་ཐོ་བརྒྱབ་ཡོད་པ་དང་། འཐུས་མི་ ༡༦༧ བསླེབས་མེད་པ་རེད། ད་ལན་གྱི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་གཙོ་བོ་རུལ་རྒོལ་གཙང་སྤེལ་དང་སྤྱི་ཚོགས་འགན་སྲུང་སྨན་བཅོས་ཀྱི་ལས་གཞིར་བསྒྱུར་བཅོས། ལས་ཞུགས་ཡོང་སྒོ། སློབ་གསོ་འདྲ་མཉམ། སྡོད་ཁང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྤྱི་པའི་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་ཟེར་བ་སོགས་ཀྱི་སྐོར་ལ་གཏམ་བཤད་བགྲོ་གླེང་བྱེད་བཞིན་ཡོད་ལ། སྤྱི་ཚོགས་ནང་རུལ་རྒོལ་གཙང་སྤེལ་ནི་གླེང་གཞི་ཚ་རླབས་ཆེ་ཤོས་དང་། གཞི་རིམ་གྱི་སྨན་བཅོས་ལྟ་སྐྱོང་ནི་ལེགས་བཅོས་བྱ་དགོས་པའི་གནད་དོན་ཆེ་ཤོས་ཆགས་པའི་བསམ་ཚུལ་འདོན་གྱི་ཡོད་སྐོར་ཡང་བསྒྲགས་འདུག
འཐུས་མིའི་ཚོགས་ཆེན་མགོ་འཛུགས་ཐོག་སྲིད་བློན་ལི་ཁེ་ཆིང་གིས་བྱ་བའི་སྙན་ཐོ་སྒྲོག་སྦྱངས་བྱས་ཏེ། ད་ལོར་རྒྱལ་ཁབ་ནུས་ཁོངས་བཅོས་བསྒྱུར་ལ་ཤུགས་སྣོན་དང་དཔལ་འབྱོར་གྱི་སྒྲིག་གཞི་ལེགས་བཅོས། ཐོན་སྐྱེད་ཡར་སྐུལ་སོགས་ནི་ལས་འགན་གཙོ་བོ་ཡིན་ལ། ཕྱི་ལོ་ ༢༠༡༧ ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༦.༥ ཡིན་སྐོར་བརྗོད་འདུག་ལ། འདས་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་བརྒྱ་ཆ་ ༦.༥ ནས་ ༧ བར་ཡིན་འདུག ད་དུང་སྲིད་བློན་ལི་ཡིས་ད་ལོར་གནམ་སྔོན་པོ་སྲུང་སྐྱོབ་ཀྱི་དམག་འཁྲུག་ཡག་པོ་ཞིག་རྒྱག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།
སྤྱི་ཚོགས་ཁྲོད་སྲིད་གཞུང་གིས་གོང་གི་གནད་དོན་དེ་ཚོ་རྒྱུན་དུ་གླེང་གི་ཡོད་པས་ལག་བསྟར་ཐོག་ཅི་ཙམ་ཡོད་མེད་བཤད་ཁག་པོ་ཡིན་ཡང་། དེང་སང་རྒྱ་ནག་བྱང་རྒྱུད་ཁུལ་དུ་མཁའ་དབུགས་དང་ཆུ་བོར་འབག་བཙོག་བྱུང་བའི་དཀའ་ངལ་ཉེན་འཚབ་ཅན་ཏུ་གྱུར་ཏེ་བཅོས་དཀའ་བའི་གནས་སུ་ལྷུང་ཡོད་སྟབས། ཁོར་ཡུག་གི་གནད་དོན་ཐོག་ནུས་པ་ཆེ་ཙམ་འདོན་སྲིད་སྐོར་དང་། སྲིད་གཞུང་གི་བྱ་བ་མང་པོ་ཞིག་ཕྱི་ཚུལ་རིང་ལུགས་ཙམ་ཡིན་པས་མི་མང་དཀྱུས་མ་ཚོས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་ལ་དེ་ཙམ་གྱིས་དོ་སྣང་བྱེད་ཀྱི་མེད་སྐོར་དང་། དཔལ་འབྱོར་ཡར་རྒྱས་ཐད་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྣམ་པ་སྔར་ལས་ཤུགས་ཆེན་པོ་འཐོན་ཐུབ་ཀྱང་། རྩ་བའི་ཐོན་ཁུངས་ཧ་ཅང་ཉེན་འཚབ་ཅན་ཏུ་གྱུར་སྐོར་སོགས་རྗོད་ཀྱི་འདུག
ཡང་བྱ་བའི་སྙན་ཐོའི་ནང་ཞི་ཅིན་ཕིན་གྱིས་སྲོག་ཤིང་བྱས་པའི་དབུས་གཞུང་གི་དབང་གྲགས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱས་ཏེ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་དབུས་གཞུང་གི་ཚད་མཐོའི་གཅིག་གྱུར་རང་རྟོགས་དགོས་ཚུལ་སོགས་བརྗོད་དེ། ཞི་ཅིན་ཕིན་གྱིས་སྲོག་ཤིང་བྱས་པ་ཟེར་བའི་སྐད་ཆ་དེ་མང་པོ་བསྒྲགས་པའི་རྐྱེན་གྱིས་པེ་ཅིན་དུ་ཡོད་པའི་རྒྱལ་ཕྱིའི་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས། ཞི་ཅིན་ཕིན་གྱིས་ཆེས་མཐའ་མཇུག་གི་གོ་སྐབས་བཟུང་སྟེ་སྲིད་དབང་གི་དམིགས་རེ་སྒྲུབ་ཀྱི་ཡོད་པ་དང་། ད་ལྟའི་སྲིད་སྟེགས་ལ་སྟོང་ཆ་རེ་ལྷག་ཡོད་སྐོར་སོགས་ཀྱི་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཧེ་པའེ་མི་མང་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཟུར་པ་ཀྲུའུ་ཞིན་ཞིན་གྱིས། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ག་རེ་བྱེད་ཀྱི་ཡོད་ན། དེ་ནི་ཁོ་ཚོར་ཏན་ཏན་དགོས་པ་དང་འདང་གི་མེད་པ་དེ་ཡིན་པ་གསལ་བཤད་བྱས་པ་ཡིན་སྟབས། སྲིད་བློན་ལི་ཁེ་ཆིང་གིས་ཞི་ཅི་ཕིན་གྱིས་སྲོག་ཤིང་བྱས་པ་ཤུགས་ཆེན་གླེང་བ་དེས་ཏང་ནང་ཁུལ་དུ་ད་དུང་སྲོག་ཤིང་གི་དབང་གྲགས་ལ་མ་འདང་བ་ཞིག་ཡོད་པ་གསལ་པོ་བསྟན་པ་ཡིན་ལ། དབང་གྲགས་ཟེར་དུས་དབང་ཆ་ཡོད་པ་གཅིག་པུ་མིན་པར་སྙན་གྲགས་ཀྱང་ཡོད་དགོས་པས། ཞི་ཅིན་ཕིན་ལ་སྙན་གྲགས་ཀྱི་ཆ་ནས་འདང་གི་མེད་པའི་དཀའ་གནད་ཅིག་གསལ་པོ་བསྟན་པ་ཡིན་སྐོར་བརྗོད་འདུག
ད་ལན་ནི་སྐབས་འདིའི་རྒྱལ་ཡོངས་ཚོགས་ཆེན་མཐའ་མ་དེ་ཡིན་པ་དང་། འདི་ལོའི་སྟོན་ཁར་ཏང་གི་ཚོགས་ཆེན་ ༡༩ པ་བསྡུས་ཏེ་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་མགོ་འཁྲིད་གསར་དུ་བསྐོ་བཞག་བྱ་རྒྱུ་ཡིན་སྟབས། ཚོགས་ཆེན་ ༡༩ པའི་ཐོག་ཞི་ཅིན་ཕིན་ཡང་བསྐྱར་ལོ་ལྔ་ལ་ཏང་གི་སྤྱི་ཁྱབ་དཔོན་པོར་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་སྔོན་ཅང་ཙེ་མིན་གྱིས་ཁ་གཏད་ཚོར་དམིགས་ཏེ་ལག་བསྟར་བྱས་པའི་བདུན་ཡར་བརྒྱད་མར་(七上八下)ཞེས་པའི་མཐོ་རིམ་མགོ་འཁྲིད་ཀྱི་ལོ་ཚད་སྒྲིག་གཞི་ལྟར་བྱས་ན། ད་ལྟའི་ཆེས་མཐོའི་དཔོན་རིགས་བདུན་གྱི་ནང་ནས་ལྔ་ངེས་པར་དུ་རྒན་ཡོལ་གཏོང་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། ཞི་ཅིན་ཕིན་གྱིས་དེ་སྔོན་ནས་ལོ་ཚད་ཀྱི་སྒྲིག་གཞིར་ངེས་གཏན་མེད་སྐོར་བརྗོད་ཟིན་པ་ལྟར་ཁོས་དེ་ལ་བསྒྱུར་བཅོས་གཏོང་སྲིད་པ་མ་ཟད། ད་ལྟ་ལོ་ན་ ༦༨ ཡིན་པའི་ཞི་ཡི་གྲོགས་པོ་རྙིང་པ་ཝང་ཆི་ཧྲན་སོ་སོའི་མུ་མཐུད་དཔུང་རོགས་སུ་ཉར་བའི་ཐབས་ལམ་འཚོལ་སྲིད་སྐོར་རྗོད་ཀྱི་འདུག
བདུན་ཡར་བརྒྱད་མར་ཞེས་པའི་ལོ་ཚད་ཀྱི་སྒྲིག་གཞི་དེར་ཆབ་སྲིད་ཀྱི་དགོས་དམིགས་བཞིན་དེ་སྔོན་ཡང་བཟོ་བཅོས་རྒྱག་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཅང་ཙེ་མིན་གྱིས་ཁོ་རང་གི་ཁ་གཏད་ཅིག་གནས་དབྱུང་གཏོང་ཆེད་ལོ་ཚད་ ༧༠ བཟོས་ཡོད་པ་དང་། ལོ་ལྔ་ཡི་རྗེས་སུ་ཡང་ཁ་གཏད་ཅིག་གནས་དབྱུང་ཆེད་ལོ་ཚད་ ༦༨ བཟོས་ཡོད་འདུག ཡིན་ནའང་། ཅང་ཙེ་མིན་ཁོ་རང་གིས་ལོ་ ༧༦ བར་དུ་ཏང་གི་སྤྱི་ཁྱབ་དཔོན་པོའི་གོ་དབང་བཟུང་ཡོད་པ་དང་། གལ་སྲིད་ཞི་ཅིན་ཕིན་ཡང་བསྐྱར་བསྐོ་བཞག་བྱས་པ་ཡིན་ན། ཕྱི་ལོ་ ༢༠༢༢ ལོར་སྲིད་འཛིན་གྱི་དུས་སྐབས་གཉིས་པ་རྫོགས་སྐབས་རང་ལོ་ ༦༩ ལ་བསླེབ་ཀྱི་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།