ཁཱེམ་གྱི་བྱེད་སྟངས་དེ་དག་ཕྱི་ཚུལ་ཙམ་ལས་ “རྒྱུ་མཚན་གང་ཡང་མེད་པ” ཞིག་ཏུ་མཐོང་ཡང་། ཁེམ་གྱིས་རང་ཉིད་ཀྱིས་ཅི་ཞིག་བྱེད་བཞིན་པ་དང་། ཁོ་རང་གི་སྲིད་ཇུས་དེ་དག་གི་འབྱུང་འགྱུར་ཇི་འདྲ་ཞིག་ཡིན་པ་སོགས་ཤེས་ཀྱི་ཡོད།
ཉེ་བའི་ཟླ་འདིའི་ནང་བྱང་ཀོ་རི་ཡིས་རང་ཉིད་རྒྱལ་སྤྱིའི་དོ་སྣང་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཡོད། བྱང་ཀོ་རི་ཡིས་སྲིད་ཇུས་དེ་དག་ནི་བསྐྱར་དུ་ “རྒྱུ་མཚན་ཅི་ཡང་མེད་པ།” དང་། “ཁྱད་མཚར་ཡ་མ་བརླ།” ཞིག་ཏུ་བསྒྱུར་ཡོད་པ་དང་། ཕ་ཤུལ་བུ་འཛིན་གྱི་མགོ་ཁྲིད་ཁཱེམ་ཇོང་ཨུན་ནི་དེ་ཡི་བྱེད་པོ་གཏེ་བོ་རེད།
ཁོས་འཛམ་གླིང་ལ་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱེད་པ་དང་། རང་གི་གཉེན་འབྲེལ་དང་ཉེ་འཁོར་གྱི་ལས་རོགས་ཚོ་ལྐོག་གསོད་བྱས་ཏེ་ལོག་ལམ་དུ་སོང་ཡོད། ཁཱེམ་གྱིས་རང་ཉིད་ཀྱིས་ཅི་ཞིག་བྱེད་བཞིན་པའང་ཤེས་ཀྱི་ཡོད།
ཕྱི་ཟླ་ ༡ པོའི་ནང་ཁོས་ཁོ་རང་གི་རྒྱལ་ཁབ་ནས་བར་ཐག་ཆེས་རིང་བོར་སྙོབས་ཐུབ་པའི་རྡུལ་ཕྲན་མཚོན་ཆ་ལེགས་འགྲུབ་ཚོད་ལྟ་བྱེད་འཆར་ཡོད་ཚུལ་བརྗོད་ཡོད་ལ། དེ་ནི་གླིང་ཕྲན་གཅིག་ནས་གཞན་ཞིག་གི་བར་ལ་སྙོབས་ཐུབ་པའི་རྡུལ་མཚོན་(ICBM)ཟེར་བ་དེ་རེད། དེའི་ནུས་པ་དང་དམིགས་འབེན་ནི་ཨ་རི་ཡིན་པ་ཤུགས་ཀྱིས་བསྟན་ཡོད་ལ། དེའི་རྗེས་རྡུལ་མཚོན་མང་པོ་ཞིག་དངོས་སུ་རིམ་པ་བཞིན་ཚོད་ལྟ་བྱས་ཡོད།
ད་སྔ་ཚོད་ལྟ་བྱས་པ་དེ་དག་ཨ་རིར་སྙོབས་པའི་ནུས་པ་མེད་ན་ཡང་། ཁོ་རང་ཚོའི་རྡུལ་མཚོན་བཟོ་སྐྲུན་ལག་རྩལ་མཐོ་བོ་དང་མགྱོགས་པོར་ཡར་རྒྱས་འགྲོ་བཞིན་ཡོད་ཚུལ་སྟོན་གྱི་ཡོད་ལ། དེས་ཕྱི་ཕྱོགས་ནས་མཚོན་ཆ་དབོར་འདྲེན་བྱེད་བཞིན་པའི་རྒྱལ་ཁབ་མང་བོ་ཞིག་ལ་ཀེམ་གྱིས་བྱང་ཀོ་རི་ཡས་གང་མགྱོགས་(ICBM)རྡུལ་མཚོན་བཟོ་ཐུབ་རྒྱུ་ཡིན་སྐོར་བཤད་པའི་སྐད་ཆ་དེར་ཡིད་ཆེས་ཆེ་རུ་འགྲོ་བཞིན་ཡོད།
དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་རྡུལ་ཕྲན་མཚོན་ཆ་དེ་དག་ཚོད་ལྟ་བྱས་རྗེས། ཕྱི་ཟླ་གཉིས་པའི་ནང་བྱང་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་ཁཱེམ་གྱི་སྤུན་མཆེད་ཁཱེམ་ཇོང་ནཱམ་ལྐོག་བསོད་བྱས་པ་རེད་ལ། ཁཱེམ་ཇོང་ནཱམ་ལོ་ངོ་བཅུ་ཕྲག་གཉིས་ལྷག་རིང་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་བ་བྱས་ཏེ་སྡོད་དགོས་བྱུང་ཡོད་པ་དང་། ཉེ་ཆར་བྱང་ཀོ་རི་ཡའི་མི་སྣས་ཁོ་ལ་འཇབ་རྒོལ་བྱས་ཏེ། མཱ་ལེ་ཤི་ཡའི་ཀོ་ལཱ་ལཱམ་པར་གནམ་ཐང་(Kuala Lumpur airport)ནས་དུག་གིས་སྐོག་བསོད་བྱས་ཡོད་པ་རེད།
ཁཱེམ་ཇོང་ནཱམ་གྱིས་དུས་ནམ་ཡང་ཁཱེམ་ཇོང་ཨཱན་ལ་མངོན་གསལ་དོད་པོའི་ཐོག་ནས་ངོ་རྒོལ་དང་འགྲན་སློང་བ་སོགས་བྱས་མེད་ལ། ཁོས་ནམ་རྒྱུན་ཆབ་སྲིད་ལ་དོ་སྣང་བྱེད་འདོད་མེད་ཚུལ་ནན་བཤད་བྱེད་ཀྱིན་ཡོད་པ་རེད། ཡིན་ན་ཡང་། ནམ་རྒྱུན་ཁཱེམ་གྱི་ནང་མིའི་ཁྲོད་ཕྱིའི་གསར་ལམ་ལ་སྐད་ཆ་བཤད་མཁན་གཅིག་རང་ཡོད་པ་དེ་ནི། ཁཱེམ་ཇོང་ནཱམ་ཆགས་ཡོད་པ་དང་། མཚམས་རེར་ཁོས་ཧ་ཅང་ཁ་སངས་པོའི་ཐོག་ནས་སྐད་ཆ་བཤད་ཡོད་པ་རེད།
ཁཱེམ་ཇོང་ནཱམ་ལྐོག་བསོད་དོན་རྐྱེན་དང་མཉམ་དུ་བྱང་ཀོ་རིའི་ནང་གནད་དོན་གཞན་ཞིག་གི་རྦ་རླབས་འཕྱུར་ཡོད་པ་ནི། མགོ་ཁྲིད་གཞན་ཁག་ཅིག་རྟགས་མཚན་གང་ཡང་མེད་པའི་ཐོག་ནས་མི་མངོན་པར་གྱུར་ཡོད་པ་དེ་རེད།
རྒྱ་ནག་གི་དཔལ་འབྱོར་བསྐྱར་སྐྲུན་བྱེད་ཚུལ།
ཁཱེམ་སྲིད་གཞུང་གིས་མུ་མཐུད་དུ་བྱང་ཀོ་རི་ཡའི་ནང་དཔལ་འབྱོར་བསྐྱར་སྐྲུན་ལག་བསྟར་བྱེད་བཞིན་ཡོད། རྡུལ་ཕྲན་མཚོན་ཆ་ཚོད་ལྟ་དང་ལྐོག་བསོད་དོན་རྐྱེན་དག་འཕུད་པའི་དཔལ་འབྱོར་བསྐྱར་སྐྲུན་གྱིས་མཚམས་རེར་རྒྱལ་སྤྱིའི་གསར་ལམ་ཁག་གི་དོ་སྣང་འགུག་བཞིན་ཡོད་པ་རེད།
མདོ་དེད་ན། དཔལ་འབྱོར་བསྐྱར་སྐྲུན་གྱི་ལས་དོན་སོགས་ནི། རྒྱ་ནག་གིས་ ༡༩༧༠ ལོའི་ནང་ག་རེ་བྱས་པ་དེ་དང་གཅིག་མཚུངས་ཆགས་ཡོད་པ་ཧ་ཅང་མངོན་གསལ་དོད་པོ་རེད། བྱང་ཀོ་རི་ཡའི་ནང་ཨུ་རུ་སུའི་སི་ཝེ་ཏཱན་(Soviet)གྱི་དཔལ་འབྱོར་བསྐྱར་སྐྲུན་བྱེད་སྟངས་དེ་རང་བཞིན་གྱིས་ཐོར་ཞིག་ཏུ་སོང་ཡོད་ནའང་། ཁྲོམ་རྭའི་དཔལ་འབྱོར་དང་ཆབ་ཅིག་མི་སྒེར་གྱི་དཔལ་འབྱོར་དང་། ཁེ་ལས་ཚོང་གཉེར་སྡེ་ཁག་གི་དཔལ་འབྱོར་སོགས་ཡར་རྒྱས་འགྲོ་བཞིན་པ་དེ་ངོས་ལེན་མི་བྱེད་ཐབས་མེད་དང་བློ་སྤོབས་སྐྱེ་འོས་པ་ཞིག་ཆགས་ཡོད།
དཔེར་ན། ཉེ་བའི་ལོ་འགའི་རིང་སྲིད་གཞུང་གིས་བདག་ཏུ་བཟུང་བའི་ཞིང་ས་མང་པོ་ཞིག་མེད་པ་བཟོས་སྟབས། ཁྱིམ་ཚང་གིས་གཉེར་བཞིན་པའི་ཞིང་ལས་དག་རང་བཞིན་གྱིས་རྒྱལ་ཁབ་ཀྱི་ཐོན་སྐྱེད་ཆེ་ཤོས་སུ་གྱུར་ཡོད་པ་དང་། དེའི་གྲུབ་འབྲས་དེ་ང་ཚོས་མ་བཤད་ཀྱང་ཟས་རིགས་ཐོན་སྐྱེད་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་འཐོན་ཡོད་པ་གསལ་བོ་རེད།
ཁཱེམ་གྱིས་ཤུགས་སྣོན་རྒྱག་བཞིན་པའི་སྲིད་བྱུས་ཆེ་ཤོས་གསུམ་ནི། ཕྱིའི་དྲག་གནོན་དང་འཇིགས་སྐུལ་ལ་འགོག་རྒོལ་བྱས་ཏེ་རང་གི་ནུས་པ་སྲ་བརྟན་བཟོ་རྒྱུ་དང་། ཁོ་རང་གི་སྲིད་དབང་ནང་ཁོ་ལ་འགྲན་འཛུགས་བཞིན་པའི་མགོ་ཁྲིད་མཐོ་བོ་དག་གཙང་བཟོ་བྱེད་པ། དཔལ་འབྱོར་བསྐྱར་སྐྲུན་ལག་འགྲུབ་ཡོང་མིན་གང་ལྟར་ཡང་ཁྲོམ་རྭའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་སོགས་རེད།
སྲིད་བྱུས་འདི་གསུམ་གྱི་དམིགས་ཡུལ་གཅིག་རང་རེད། དེ་ནི་ཀེམ་གྱིས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་དང་བྱང་ཀོ་རི་ཡའི་ཕ་ཤུལ་བུ་འཛིན་གྱི་སྲིད་དབང་དུས་ཚོད་ངེས་མེད་བར་རྒྱུན་སྐྱོང་ཐུབ་ཐབས་སོགས་རེད། འདི་དག་ཁོ་རང་གི་སྲིད་དབང་མགོ་རྟིང་སློག་སྲིད་པའི་ཉེན་ཁ་ཆེན་པོ་གསུམ་དུ་མཐོང་སྟེ། མཐའ་གཅིག་ཏུ་ཁ་གཏད་ལྕོག་ཐབས་བྱེད་ཀྱིན་ཡོད་པ་རེད།
ཀེམ་གྱི་རྒྱལ་སྲིད་ལ་ཉེན་ཁ་ཆེ་ཤོས་གསུམ།
ཁཱེམ་གྱི་ཉེན་ཁ་ཆེ་ཤོས་གཅིག་ཕྱི་ལོགས་གྱི་ཉེན་ཁ་ཡིན། ཁོས་ཨ་རིས་ “axis of evil”ཟེར་བའི་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་རག་དང་ལེ་བྷེ་ཡཱ་སོགས་སུ་ལག་བསྟར་བྱས་པ་ལྟར་དྲག་གནོན་བྱས་ཨ་ཡོང་སྙམ་ཏེ་འཇིགས་སྣང་ཆེན་པོ་བྱེད་ཀྱིན་ཡོད།
ཁོས་ཕྱིའི་ཉེན་ཁར་གདོང་ལེན་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རྡུལ་ཕྲན་མཚོན་བཟོ་སྐྲུན་ཐོག་ཤུགས་བརྒྱབ་སྟེ། ཨ་རིར་སྙོབས་ཐུབ་བྱ་རྒྱུ་དེ་ཁོ་ན་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།
དེར་བརྟེན། ཁོ་ལ་རྡུལ་མཚོན་(ICBMs)མང་པོ་ཞིག་དགོས་ཀྱི་ཡོད་ལ། ཁོས་དུས་ཡུན་ཐུང་ངུའི་ནང་ཚོད་ལྟ་བྱེད་འཆར་ཡོད་པ་གསལ་བསྒྲགས་བྱས་ཡོད་འགུལ་ནུས་གཏོང་ཐབས་དེ་ལམ་ཁ་ནས་འགག་ཏེ་སྙོབས་ཐུབ་རྒྱུ་ཁག་པོ་རེད།
ཁཱེམ་དང་ཁོའི་མིསེར་ཚོས་ཨ་རིའི་དེ་ལྟ་བུའི་བཙན་གནོན་མི་བྱེད་པའི་རེ་བ་བྱེད་བཞིན་ཡོད། གལ་སྲིད་མ་འོངས་པར་ཨ་རིས་བྱང་ཀོ་རི་ཡའི་ནང་གི་གཡོ་འགུལ་ལ་ཐེ་གཏོགས་བྱས་པ་ཡིན་ན། སྔོན་ཆད་ལེ་བྷེ་ཡར་ག་རེ་བྱུང་བ་ལྟར་བྱང་ཀོ་རི་ཡའི་ནང་དུའང་རྡུལ་མཚོན་གྱི་རྦ་རླབས་ཤིག་བརྡོལ་ངེས་རེད།
ཉེན་ཁ་གཉིས་པ་དེ་རྒྱལ་ཁབ་ནང་ལོགས་ཆགས་ཡོད། ༢༠༡༡ ལོའི་ཟླ་ ༡༢ པའི་ནང་ཁཱེམ་གྱིས་རང་གི་ཨ་ཕའི་རྗེས་སྐྱོང་སྐབས། ཁོ་ནི་ལོ་ཉི་ཤུའི་དཀྱིལ་ཙམ་ཡིན་སྟབས་ཁོས་ཅི་ཡང་མི་ཤེས། ཁོའི་འོག་གི་མགོ་ཁྲིད་མཐོ་བོ་དང་མཚན་སྙན་གྲགས་ཅན་དག་གིས་ཁོ་ནི་ཆབ་སྲིད་སྟེགས་བུའི་སྟེང་ན་ལྗིད་ཁག་ཡང་མོ་ཞིག་ཏུ་མཐོང་གི་ཡོད་པས་ཁོ་དེ་དག་ལ་སྐྲག་པར་རྒྱུ་མཚན་ཆེན་པོ་ཡོད།
ཁོས་རང་གི་ནང་མི་ཚུད་པའི་ཆབ་སྲིད་པ་རྒན་གྲས་མང་པོ་ཞིག་ལ་དབང་བསྒྱུར་བྱེད་དཀའ་ལ། ཁོང་ཅག་གིས་རྒྱབ་རྟེན་གཞན་འཚོལ་ཡང་སྲིད་པ་རེད།
དེ་བཞིན། ཁཱེམ་གྱིས་རང་ཉིད་ཀྱི་སྤུན་ཆེ་བ་དེ་ནམ་ཡང་རང་ཉིད་ཀྱི་ཡན་ཞིག་ཡིན་པ་སེམས་ངོས་ནས་ཡལ་མྱོང་མེད། ཁོ་ནི་རྒྱ་ནག་གི་སྲུང་སྐྱོབ་འོག་མཱ་ཁོ་(Macao)དང་པེ་ཅིན་སོགས་སུ་བསྡད་ཡོད་སྟབས། ཁཱེམ་གྱིས་གནས་ཚུལ་དེ་དག་ལ་བསམ་བློ་བཏང་ན། མགོ་ཁྲིད་རྒན་པ་ཁོ་བོར་རོགས་པ་བྱེད་མཁན་ཚོ་ཡང་། མཐའ་གཅིག་ཏུ་ཡིད་ཆེས་བློས་འཁེལ་བྱེད་དཀའ་བ་ཞིག་ཡིན། མཐའ་ན་ཁོ་རང་གི་ཨ་ཞང་དང་ཨ་ནེ་ཚུད་པའི་ཐོག་མ་ཁོ་རང་ལ་ལས་སྣེ་བསྐོ་བཞག་དང་ལམ་སྟོན་བྱེད་མཁན་དག་ལའང་ཡིད་ཆེས་བྱེད་ཐུབ་བྲལ་ཡོད།
ཁོས་ཁཱེམ་ཇོང་ནཱམ་ལྐོག་གསོད་བྱས་པ་ད་ལྟ་ཁཱེམ་ནི་ཁོ་རང་གི་ནང་མིའི་ཁྲོད་ཀྱི་ཆབ་སྲིད་མི་སྣ་གཅིག་པུ་དེ་ཆགས་ཡོད། ཀོ་ལཱ་ལཱམ་པར་གནམ་ཐང་(Kuala Lumpur airport)གི་ལྐོག་བསོད་པ་ཚོས་རྒྱ་ནག་གི་ནུས་པར་བརྟེན་ཏེ་བྱང་ཀོ་རི་ཡའི་ཆབ་སྲིད་བར་འདུམ་དེ་ལ་སྣང་ཆུང་བྱས་ཡོད་སྟབས། ཁཱེམ་སེམས་གཏིང་ནས་རྒྱ་ནག་ལ་དོགས་པ་ཇེ་ཆེ་དང་ཡིད་ཆེས་ཇེ་ཆུང་དུ་ཕྱིན་ཡོད།
ཁཱེམ་གྱི་ཉེན་ཁ་གསུམ་པ་དེ་ཡང་ནང་ལོགས་ཆགས་ཡོད། བྱང་ཀོ་རི་ཡ་རྒྱལ་ཁབ་ནི་ཧ་ཅང་དབུལ་བོ་ཡིན་སྟབས། ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡ་གཉིས་ནི་འཛམ་གླིང་ས་འབྲེལ་རྒྱལ་ཁབ་ཁག་ལས་དཔལ་འབྱོར་ཧེ་བག་ཆེ་ཤོས་དེ་ཆགས་ཡོད། ལྷོ་ཀོ་རི་ཡའི་ལོ་རེའི་དཔལ་འབྱོར་ཡོང་འབབ་དེ་མ་མཐར་ཡང་བྱང་ཀོ་རི་ཡ་ལས་ལྡབ་ ༡༥ ཆེ་བ་ཡོད།
“གལ་ཏེ་བྱང་ཀོ་རི་ཡའི་མི་སེར་ཚོས་རང་གི་རྒྱལ་ཁབ་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྗེས་སུ་ཅི་ཙམ་ལྷག་ཡོད་པ་ཤེས་ན། ཁོ་ཚོས་ཁཱེམ་གྱི་ནང་མིར་སྐྱོན་བརྗོད་བྱེད་ངེས་ཡིན་ལ། སྐབས་དེར་ཁཱེམ་གྱིས་རྒྱལ་དམངས་ཁ་ལོ་བསྒྱུར་བའི་ཐབས་ལམ་གཅིག་པུ་དེ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་དང་། ཐབས་ལམ་དེ་ནི་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་སྟངས་དེ་ཡིན་པ་ངོ་སྤྲོད་བྱ་དགོས་འབྱུང་ངེས་རེད།”
སྲིད་བྱུས་འདི་དག་ཡོངས་རྫོགས་ཉེན་ཁ་ཅན་རྐྱང་རྐྱང་ཡིན་སྟབས། འཇིགས་ཉེན་གྱི་ཁ་གཏད་ལ་དྲག་ཤུགས་ངོམ་རྒྱུ་ཟེར་བ་དེ་དག་ཨ་རིའི་དམག་དཔུང་ལ་ཁོང་ཁྲོ་བསླངས་བྱེད་ཅིག་ཆགས་སྲིད། ནང་ཁུལ་གཙང་སེལ་དང་ཕྱི་དོར་བྱེད་པ་ནི་དེ་ལས་ཀྱང་གཉེན་ཁ་ཆེ་བའི་ལས་ཀ་ཞིག་ཡིན་སྲིད་ལ། ལྐོག་ཇུས་དང་གྱེན་ལངས་འབྱུང་བའི་གཞི་རྩ་ཞིག་ཆགས་ཀྱང་སྲིད། དཔལ་འབྱོར་བསྐྱར་སྐྲུན་ནི་སྤྱི་ཚོགས་ལས་འགུལ་རིགས་རྒྱལ་ཁབ་ཀྱི་སྟངས་འཛིན་ལས་གྲོལ་བྱེད་ཅིག་ཏུ་འགྱུར་སྲིད་མོད།
གང་ལྟར། ཁཱེམ་གྱི་གནས་སྟངས་གཉེན་འཕྲེང་གི་མཚམས་འདིར་ཁོ་ལ་ད་དུང་ག་རེ་བྱ་དགོས་མིན་ལ་གདམ་ག་ཁ་ཤས་ཡོད་པ་ངེས་ན། ད་བཟོད་ཁོའི་སྲིད་ཇུས་ཀྱིས་ལས་ཀ་ཡག་པོ་བྱེད་ཐུབ་པ་རེད།
སངས་རྒྱས་དཀོན་མཆོག་གིས་བོད་སྒྱུར་བྱས།