གཡུ་སྒང་དགེ་འདུན།
འདིར་ངས་ཁ་ཕྱོགས་མེད་པའི་རྩོམ་ཡིག་ཅེས་མིང་བཏགས་དུས་ཀློག་པ་པོ་རྣམས་ཀྱིས་ཕ་རོལ་བོ་ཞིག་གི་རྩོམ་ལ་ངན་རབ་སྡུག་རབ་བཤད་ཀྱི་ཡོད་པའི་ཚོར་བ་ཞིག་སྟེར་སྲིད་ཀྱང་། དེ་འདྲ་ཞིག་མ་ཡིན་པར་རང་ཉིད་ཀྱི་རྩོམ་ཡིག་གི་བརྗོད་དོན་ལ་ཁ་ཕྱོགས་གཅིག་རང་མ་ཡིན་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན། བརྗོད་དོན་དངོས་ལ་འཇུག་པ་ནི། ད་ལྟའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་པའི་དུས་སྐབས་འདི་ནས་མགོ་བརྩམས་ཏེ་འདས་མ་ད་གསུམ་གྱི་ཐད་ལ་མི་འཇོན་འཇོན་མདོག་གིས་བསམ་ཚུལ་རེ་འགའ་བཤད་འདོད་བྱུང་བས། ཕན་མ་ཐོག་ཀྱང་གནོད་མི་སྐྱེལ་བ་གོར་མ་ཆགས། དང་པོ། ད་ལྟའི་གྲོས་ཚོགས་ཚོགས་མི་དང་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པ་བཅས་ཀྱི་ཐད་ལ་གླེང་འདོད་བྱུང་།
༡། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བཀའ་མོལ་གསུང་སྟངས་དང་རྣམ་འགྱུར་སྟོན་སྟངས། གྲོས་འཆར་གྱི་བརྗོད་གཞི་སོགས་ཀྱི་ཐད་ནས་མང་ཚོགས་ལྟ་མཁན་དང་ཉན་མཁན་གྱིས་སེམས་ལ་མི་བདེ་བ་མི་རན་པའི་སེམས་ཚོར་ཞིག་ངང་ངམ་ཤིག་གིས་ཡོང་། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་གྱི་ཐད་ནས་བརྗོད་ན། འཐུས་མི་ཡོངས་ཀྱིས་བོད་ནང་གི་དཀའ་སྡུག་སེལ་ཐབས་ཀྱི་གྲོས་འཆར་དེ་དོན་ལ་ཁེལ་བའི་གྲོས་ཆོད་ཅིག་འཇོག་ཐུབ་མེད་པའི་ཚོར་སྣང་བྱུང་། སྐབས་དེར་གླེང་གཞི་གཙོ་བོ་ཨ་ཚོགས་ཀླུ་མཁར་བྱམས་རེད། མི་དེ་ག་འདྲ་ཞིག་ཡིན་མིན་བཙན་བྱོལ་སྤྱི་ཚོགས་ཀྱི་ར་བ་ཆུང་ཆུང་འདི་ན་མ་གསལ་བ་གང་ཡང་མེད་པར་འདོད། ཡིན་ནའང་འཐུས་མི་རེ་གཉིས་ཀྱིས་རང་བཙན་ཐབས་རྩོད་པར་རྒྱབ་སྐྱོར་ཡོད་མདོག་གིས་ལྟས་ངན་གཡང་ལ་བསྒྱུར་བའི་རིགས་དེ་ཡང་ཁ་ཕྱོགས་གང་ལའང་བསྒྱུར་ཐབས་མེད་པར་བརྙན་འཕྲིན་དུ་གསལ་ཐག་ཆོད་ཡོད། དུས་ཚོད་དེ་འདྲ་ཞིག་རྫོགས་ཐབས་བྱས་དུས་རང་ཉིད་མི་སེར་དཀྱུས་མ་ཞིག་ཡིན་ཡང་སེམས་ནང་ལ་དངངས་འཚབ་ཅིག་ཡོང་བ་དེ་བཤད་མ་དགོས་པ་རེད།
དོན་དངོས་ཐོག་རང་བཙན་ལ་མི་དགའ་མཁན་སུ་གང་ཡང་ཡོད་པ་མ་རེད་དེ། ང་ཚོས་བོད་ནང་གི་དཀའ་སྡུག་དེ་སེལ་བར་ལམ་དབུ་མའི་ཐབས་ལམ་ལས་ལྷག་ཅིག་མེད་པ་དེ་ཧ་ཅང་གསལ་པོ་གསལ་རྐྱང་རེད། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་དྲིན་ཟེར་ཁུལ་གྱིས་དོན་ཐོག་ལ་མི་ཕབ་མཁན་དང་། དོན་ཐོག་ལ་ཕབ་མི་ཐུབ་མཁན། དོན་ཐོག་ལ་ཕབ་མི་ཤེས་མཁན། ད་དུང་གོ་བ་ལྡོག་ཕྱོགས་ནས་ལེན་མཁན་དག ང་ཚོས་༸གོང་ས་མཆོག་གིས་དགུང་ལོ་བཅུ་དྲུག་ནས་བརྒྱད་ཅུ་གྱ་གྲངས་པར་གྱི་སྤྱི་བསྒྲགས་ཀྱི་མཛད་འཕྲིན་ཁག་ལ་ཆད་ལྷག་མེད་པར་ཞིབ་གཟིགས་ཤིག་གནང་རྒྱུ་དེ་གནད་འགག་རེད། དེ་མ་གཏོགས་ང་ཚོ་བཙན་བྱོལ་དུ་ཡོད་པའི་མང་ཚོགས་ཚང་མས་ཁ་ནང་ནས་༸གོང་ས་མཆོག་བཀའ་དྲིན་ཆེན་པོ་རེད་ཟེར་མཁན་བརྒྱ་ཆའི་དགུ་བཅུ་ཟིན། ཡིན་ནའང་དོན་དངོས་ཐོག་༸གོང་ས་མཆོག་གི་མཛད་འཕྲིན་ལ་ནམ་རྒྱུན་དོ་སྣང་སྤྲད་ཡོད་མཁན་བརྒྱ་ཆའི་བཞི་བཅུ་ཟིན་ཡོད་མེད་ཐེ་ཚོམ་རེད། ང་ཚོའི་མི་རིགས་འདིའི་བསམ་བློའི་གོ་རྟོགས་ད་དུང་རང་ཚུགས་ཐུབ་པའི་དུས་ཚོད་ལ་སླེབས་ཐུབ་མེད་པར་བརྟེན་མི་ཁ་བདེ་བོ་དེ་ཚོས་གང་བཤད་ཀྱི་རྗེས་སུ་དེད་འགྲོ་བ་དེ་བཤད་མི་དགོས་པ་ཞིག་རེད། རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས་ང་ཚོ་མི་མང་གི་སྐུ་ཚབ་འཐུས་མི་ཚོས་སྣེ་ཁྲིད་དེ་རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཡག་པོ་ཞིག་འགྲུབ་ཐུབ་ཡོད་མེད་ལ་བལྟས་ཏེ་དེའི་དགེ་སྐྱོན་དེ་གང་ཟག་ལས་སྣེ་མོ་བ་གཅིག་པུའི་མགོར་མ་གཡུགས་པར་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱིས་ཐབས་ལམ་ག་འདྲ་ཞིག་ཡོད་མེད་འདོན་རྒྱུ་དེ་གནད་འགག་རེད། ང་ཚོའི་གྲོས་ཚོགས་ཁྲོད་གང་ཟག་སྒེར་ཕན་ཚུན་ཟུར་ཟའི་ཚིག་འཕེན་རེས་བྱེད་པ་ལས་དོན་གནད་དུ་ཁེལ་བའི་གྲོས་ཆོད་ཅིག་མཐོང་རྒྱུ་ཉུང་ཉུང་ཆགས་སོང་། འདི་ལྟར་བཤད་དུས་གྲོས་ཆོད་དེ་བཞག་ཡོད་འདི་བཞག་ཡོད་ཅེས་མང་ཚོགས་དཀྱུས་མ་ང་ཚོའི་མདུན་ལ་བཤད་རྒྱུ་མང་པོ་ཡོད་པ་རེད། ༸གོང་ས་མཆོག་གིས་སྐུ་དབང་སྲིད་སྐྱོང་ལ་གནང་བ་ནས་བཟུང་ད་རེས་ཁོ་ཚོ་དངོས་གནས་དྲང་གནས་མཛུབ་མོ་ལྔ་བཅིངས་ཁུ་ཚུར་རེད་བསམ་བསམ་གྱི་འདོད་བློ་ཁེངས་པའི་གྲོས་ཆོད་ཅིག་དང་རྣམ་འགྱུར་ཞིག་ཕལ་ཆེར་མཐོང་རྒྱུ་ཉུང་ཉུང་ཆགས་སོང་། ང་ཚོའི་ཁ་གཏད་རྒྱ་ནག་སྲིད་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་བྱེད་པའི་ཐབས་ལམ་གང་མང་མང་ཞིག་གི་སྒང་ལ་གླེང་སློང་བྱེད་ཐུབ་ན་དེས་བོད་ནང་གི་དཀའ་སྡུག་སེལ་བར་ཕན་ཐོག་འབྱུང་གི་རེད། དེ་མ་གཏོགས་གྲོས་ཚོགས་ནས་ཕན་ཚུན་ཚིག་འཕེན་རེས་བྱས་ཏེ་བསྡད་ན་དེས་ཕན་པ་ལས་གནོད་ཆེ་བ་རེད། གླེང་སློང་བྱས་པ་ཙམ་གྱིས་ཕན་མི་ཐོག་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། དེ་ཁོང་དུ་ཆུད་པ་བྱས་ནས་ལམ་དབུ་མའི་སྲིད་བྱུས་ལག་ལེན་བྱེད་པའི་ཐབས་ལམ་ཡར་རྒྱས་ལ་གཞན་ག་རེ་ཡོད་མེད་ཀྱི་ཐད་ལ་གླེང་སློང་བྱེད་དགོས། དབུ་མའི་སྲིད་བྱུས་ཀྱི་གཞི་རྩའི་ལམ་ཕྱོགས་ཐོག་གསལ་པོ་བཟོས་ཡོད་པ། འཆར་གཞི་དང་བྱེད་ཐབས། མང་ཚོགས་ལ་བསྐུལ་སློང་། ང་ཚོའི་དབུ་མའི་ལམ་གྱི་རྩ་དོན་གྱི་བྱ་བའི་ལས་ཤུགས་སྒྲིམ་པ། དབུ་མའི་ལམ་གྱི་རྩ་དོན་དང་མ་འགལ་བའི་ཐོག་ནས་གནད་དོན་ག་འདྲ་ཞིག་ཡིན་ཡང་ཡ་ཡོ་མེད་པར་ཐག་གཅོད་ཐུབ་པ། ལས་ཀ་ཆེ་ཆུང་གང་ཡིན་ཡང་ནན་ཏན་གྱིས་བྱེད་པ། ཚིག་གཅིག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཕྱི་ཚུལ་ཙམ་མ་ཡིན་པར་དོན་དངོས་ཀྱིས་ནུས་ཤུགས་འདོན་པ་བཅས་བྱེད་དགོས་པ་ལས། ལས་དོན་གྱི་ངོ་བོ་དང་། དེའི་མྱུར་ཚད། སྤུས་ཚད། དེའི་མ་གནས་ཀྱི་དངོས་པོ་ཇི་འདྲ་ཡིན་མིན་ལ་མ་བལྟས་པར་བསམ་བློ་རྒྱ་ཆེན་པོ་ཞིག་བཏང་ཡོད་མདོག་མདོག་དང་། ཁ་སྟོང་ནང་གི་ཚིག་སྟོང་། འུད་ཤོབ་དང་སྐྱག་རྫུན་བཅས་ཀྱི་གོམས་གཤིས་ངན་པ་ཅན་གྱི་རིགས་དེ་གཏན་འགོག་བྱེད་དགོས།
དེའི་སྐོར་གླེང་སློང་བྱེད་པར་བཀའ་སྤྱི་གཉིས་ཀྱིས་སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་མ་ཡིན་པའི་སྒོ་ནས་བགྲོ་གླེང་མང་དུ་བྱེད་ཐུབ་ན་ལེགས། སྤྱིར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཕྱག་ལས་གནང་སྟངས་ཕྱི་གསལ་ནང་གསལ་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་སྐབས་རེར་ཕྱི་གསལ་ནང་གསལ་མ་བྱས་ན་ཡག་པོ་ཡོད་པ་དེ་འདྲ་ཞིག་ཀྱང་མཐོང་གི་འདུག དེང་སྐབས་དྲ་ལམ་ཁག་ནས་ཚིག་དོན་ཚང་མ་མགོ་མཇུག་ལྡོག་མཁན་མང་བས་ཧ་ཅང་མགོ་རྙོག་ཅིག་ཆགས་ཡོད་པ་རེད། གཅིག་བྱས་ན་ངས་ལྟ་སྟངས་དེ་ནོར་ཡོད་རྒྱུ་རེད། ང་ཚོའི་བཙན་བྱོལ་ཁྲོད་ཀྱི་མང་ཚོགས་མང་ཤོས་ཀྱིས་དབུ་མའི་ལམ་ལ་འགྲེལ་བཤད་ཅིག་རྒྱག་དགོས་པའི་དབང་དུ་བཏང་ན། བརྒྱ་ཆའི་སུམ་ཅུས་འགྲེལ་བཤད་རྒྱག་ཐུབ་མིན་ཐེ་ཚོམ་རེད། དེར་བརྟེན་ང་ཚོས་དབུ་མའི་ལམ་སྲིད་བྱུས་འདི་སྲ་བརྟན་དུ་གཏོང་དགོས་ན་མང་ཚོགས་ཀྱི་རྒྱུད་ལ་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཤ་འཐིམ་རུས་ཐིམ་ཞིག་གཏོང་རྒྱུ་གལ་ཆེན་རེད། དེ་མ་གཏོགས་མང་ཚོགས་ཀྱི་སེམས་ངོས་ན་ཆུ་ཁའི་ཝུ་བ་ལྟ་བུ་ལས་ཆགས་ཐུབ་མེད་པར་འདོད། ག་དུས་ཡིན་ནའང་འཐུས་མི་ཚོར་ཕན་ཚུན་ཟུར་ཟའི་གོམས་གཤིས་ཤིག་འཇགས་འདུག་པས་དེའི་རིགས་མི་རེ་ངོ་རེས་སྒྲིག་རང་ཁུར་གྱིས་བཅོས་བསྒྱུར་བྱེད་དགོས་པ་ཞིག་མཐོང་། ད་དུང་དེའི་སྒང་ལ་ཞེན་ཁོག་གི་རྟུག་དྲིས་ཚོགས་ཁང་ནང་ཁྱབ་ཡོད་པ་དེའི་རིགས་ཀྱང་མི་རང་ཉིད་ཀྱིས་རང་སྐྱོན་བཅོས་བསྒྱུར་བྱས་ན་ཕྱི་གཙང་ནང་གཙང་ཞིག་ཡོང་གི་རེད་སྙམ། ཞར་བྱུང་ཞུ་འདོད་བྱུང་བ་ཞིག་ལ་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་སྨྲ་བརྗོད་རང་དབང་ཡིན་ཡང་དེ་བེད་སྤྱོད་གཏོང་སྟངས་ཀྱི་ཆ་ནས་ཚད་བརྒལ་རང་བཞིན་དུ་གྱུར་ན། དེ་ལ་དཔག་པའི་ཁྲིམས་དང་སྒྲིག་གཞི་ཞིག་དགོས་པ་མ་ཟད། ང་ཚོ་སྐྱབས་བཅོལ་དུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་གཞི་རྩར་བཟུང་ནས་བཟོས་པ་ཞིག་དགོས་པར་འདོད། འདི་དག་ནི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྐབས་སུ་འཐུས་མི་ཚོས་ངའི་སེམས་ལ་བཞག་པའི་ཟིན་ཐོ་རེད།
༢། བཀའ་བློན་རྣམ་པའི་ཕྱག་ལས་གནང་སྟངས་དང་གྲོས་ཚོགས་ར་བར་རྣམ་འགྱུར་སྟོན་སྟངས་ཀྱི་ཐད་ལའང་ཚིག་ཁ་ཤས་བཤད་འདོད་བྱུང་། སྤྱིར་བཀའ་བློན་རྣམ་པའི་ཕྱག་ལས་གནང་སྟངས་ཐད་ངས་དོ་སྣང་བྱེད་ཀྱི་མེད། ཡིན་ནའང་སྐབས་སྔོན་མའི་བཀའ་ཤག་གི་ཕྱག་ལས་གནང་སྟངས་ཀྱི་ཐད་ནས་༸གོང་ས་མཆོག་ལ་ཐུགས་ཕམ་བྱུང་ཡོད་པ་བཤད་མ་དགོས་པ་རེད། འོན་ཀྱང་ང་རང་ཉིད་གང་ཡང་མི་འཇོན་པ་ཞིག་གིས་མང་པོ་བཤད་ན་འཚམ་པོ་མེད། ཡིན་ནའང་བསམ་ཚུལ་བཏོན་ན་མ་འགྲིག་པ་གང་ཡང་ཡོད་པ་མ་རེད་བསམ། ཁོང་རྣམ་པས་འཆར་གཞི་དང་བྱེད་ཐབས་ཀྱི་གྲ་སྒྲིག་ཡོད་པའི་སྒོ་ནས་ཕྱག་ལས་གནང་གི་ཡོད་པ་རེད། འོན་ཀྱང་། རྒྱུ་དང་རྐྱེན་གང་འདྲ་ཞིག་གིས་ཡིན་མིན་མི་ཤེས་མོད། འཕྲོད་བསྟེན་དང་སློབ་གྲྭ་ཁག་གི་བོད་ཡིག་སློབ་ཚན་གྱི་ཐད་ལ་འཐུས་ཤོར་ཡོད་པའི་རྣམ་པ་ད་དུང་ཅུང་ཡོད་ཚུལ་སེམས་ཚོར་བྱུང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་ལེགས་སྨན་ཁང་ལ་མཚོན་ན་ནད་པའི་ནད་ངོས་ཟིན་དང་མ་ཟིན་ཟེར་བ་དེ་གནས་ཚུལ་ལོགས་ཀ་རེད། དེ་ཞེ་དྲག་སྡུག་ཅག་རེད་ལབ་རྒྱུ་ཡོད་པ་མ་རེད། སྨན་པའི་རྣམ་དཔྱོད་དང་ཉམས་མྱོང་སོགས་ཀྱིས་མ་འདང་ས་ཡོད་པ་རེད་དེ། གལ་སྲིད་ནད་ག་རེ་ཡིན་མི་ཤེས་ན་ནད་པ་ནར་འགྱངས་མི་བྱེད་པར་མགྱོགས་མྱུར་གྱིས་སྨན་ཁང་གཞན་དུ་གཏོང་དགོས་པ་རེད། ཡིན་ནའང་དེ་འདྲ་མ་ཡིན་པར། དཔེར་ན། ནད་པ་མཁྲིས་རྡོ་ཡོད་པ་ཤེས་ཀྱང་མཁྲིས་ལམ་འགག་ནས་གཉན་ཁ་ཡོད་པ་མ་ཤེས་པར་ནར་འགྱངས་བྱེད་པ་ལྟ་བུ། ཡང་ན། རྒྱུ་ལྷག་གིས་ན་ཚ་ལ་ཕོ་བ་དང་རྒྱུ་མ་གང་རུང་མ་བདེ་བ་རེད། ཅེས་སྨན་ཁང་ལ་ཉར་ཏེ་ཉིན་གྲངས་རེ་ཟུང་འགོར་རྗེས་གཞི་ནས་རྒྱ་གར་གཞུང་དང་སྒེར་གྱི་སྨན་ཁང་ཆེ་བའི་རིགས་གང་རུང་ལ་བཏང་དུས་ནད་གཞི་བབ་ལྕི་བ་ཆགས་པ་སོགས་ཀྱི་གནས་ཚུལ་གྱི་ལབ་གླེང་མང་པོ་ཞིག་ཡོད་སྟབས། འདིའི་རིགས་བདེན་པ་ཡིན་ན། ཕྱིས་སུ་མི་འབྱུང་བར་འཕྲོད་བསྟེན་ལས་ཁུངས་ཀྱིས་འགན་བླངས་ཏེ་སྨན་པའི་ཕྱག་ལས་གནང་སྟངས་ཀྱི་ཐད་ལ་གཙང་བཤེར་ཞིག་བྱས་ན་ལེགས་སྙམ། སྨན་པའི་ལས་དོན་ནི་མིའི་ཚེ་སྲོག་དང་འབྲེལ་བ་ཡོད་སྟབས་དེས་ཉམས་མྱོང་བསག་བྱེད་བྱས་ན་ག་ལ་རུང་།
ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་གཏོགས་མིན་གང་ལྟར་ཡང་སློབ་གྲྭའི་བོད་ཡིག་གི་སློབ་ཚན་ཤེས་རིག་ལས་ཁུངས་ཀྱིས་དཔར་སྐྲུན་བྱས་པ་དེ་ཁྲིད་ཀྱི་ཡོད་པ་རེད། ཡིན་ནའང་སློབ་ཕྲུག་ཚོར་གཞི་རྩའི་བོད་ཡིག་རྨང་གཞི་ཧ་ལས་པའི་སྐྱོ་བོ་རེད། ངས་སྐྱོ་བོ་རེད་ཅེས་ལབ་པ་དེ་བརྒྱ་ཆ་བགོས་ནས་བཤད་པ་ཡིན་མ་གཏོགས་རེ་ཟུང་ཡག་པོ་ཡོད་པ་དེ་གཅིག་པུ་ལ་བལྟས་ནས་ཡག་པོ་ཡོད་ལབ་པ་དེ་འདྲ་མིན། བོད་ཡིག་གི་རྨང་གཞི་སྐྱོ་དྲགས་པ་དེ་སློབ་དེབ་ཀྱི་གནད་དོན་ཡིན་ནམ་དགེ་རྒན་གྱི་གནད་དོན་ཡིན། ཡང་ན་སློབ་ཕྲུག་གི་གནད་དོན་ཡིན་ནམ་ཞེས་དྲི་བ་ཞིག་བྱུང་ན། བརྒྱ་ཆའི་མང་ཤོས་སྐྱོ་བ་དེའི་ཆ་ནས་སློབ་ཕྲུག་གི་མགོར་ཡང་འཇོག་ས་མི་འགྲོ་བ་ཞིག་རེད། དཔེ་མཚོན་ཞིག་དྲངས་ན། ད་ལོ་འཛིན་གྲྭ་བཞི་པའི་སློབ་ཕྲུག་ཚོར་ཨ་ཀྱཱ་ཡོངས་འཛན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་བརྩམས་པའི་བློ་རིག་གི་སྡོམ་ཚིག་བླང་དོར་གསལ་བའི་མེ་ལོང་ཞེས་པ་བློར་འཛིན་འཇུག་གི་ཡོད་ཀྱང་། སློབ་ཕྲུག་ཚོ་ལོ་དགུ་ལ་སོན་དང་མ་སོན་མཚམས་ཤ་སྟག་རེད། བློ་རིག་གོ་དོན་སེམས་དང་སེམས་བྱུང་སོགས་མི་རྒན་འཁོགས་ཚོར་ཁྲིད་ཀྱང་ཉན་མི་ཤེས་པ་དེ་འདྲ་རེད། བྱིས་པ་ལོ་དགུ་ལ་སོན་ཙམ་བོད་པའི་རྒྱུན་སྤྱོད་ཐ་སྙད་ཀྱི་ཚིག་གིས་ཀྱང་འདང་གི་མེད་པ་ཞིག་ལ་བློ་རིག་དེ་འདྲ་ཞིག་གི་གོ་དོན་རྟོགས་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེར་བརྟེན་ང་ཚོས་འདིར་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་མི་འཇོན་འཇོན་མདོག་གིས་སློབ་དེབ་འདྲ་མི་འདྲ་བཟོ་མ་དགོས་པ་བྱས་ཏེ། བོད་ནང་གི་སློབ་དེབ་ཁག་གཞིར་བཟུང་སྟེ་ཁྲིད་ན་སྟབས་བདེ་ཆགས་པ་དང་། སློབ་ཕྲུག་དང་འཚམ་པ་ཞིག་རེད་སྙམ། བློ་རིག་ཀྱང་འཛིན་གྲྭའི་སློབ་ཕྲུག་གི་ལོ་ཚོད་དང་བསྟུན་ཏེ་འཁྲིད་རྒྱུ་ལས་གོང་སྨོས་ཀྱི་དེ་འདྲ་ཡིན་ན་མི་ཞིག་ལ་ཤུགས་ཀྱིས་མི་ཐེག་པའི་དངོས་པོ་འཁུར་བཅུག་པ་དང་འདྲ།
གཞན་བཀའ་བློན་རྣམ་པ་དཔལ་ལྡན་སྲིད་སྐྱོང་མཆོག་གཙོ་བྱས་ཏེ་གྲོས་ཚོགས་ཚོགས་འདུ་ལས་ཕྱིར་ཐོན་པ་དེ་རེད། སྤྱིར་ང་ཆབ་སྲིད་མི་ཤེས་མཁན་ཞིག་གིས་འགྲིག་དང་མི་འགྲིག་བཤད་ན་འཚམ་པོ་མེད་ཀྱང་། ངས་རང་ཉིད་བོད་མི་ཞིག་ཡིན་པས་སེམས་ཀྱི་ཚོར་བ་དེ་ཁོག་ཏུ་སྦས་མ་ཐུབ་པར་བརྟེན་ཚིག་ཁ་ཤས་ཞུ་འདོད་བྱུང་། “སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་དོན། སྲིད་སྐྱོང་གི་གཙོས་པའི་བཀའ་བློན་རྣམ་པ་མར་ཐོན་སོང་བ་དེ་ཚོགས་གཙོ་ལ་གུས་བརྩི་མ་ཞུས་པ་དང་། གྲོས་ཚོགས་ལ་དོ་ཕོག་གནང་བའི་ཆེད་དུ་རྩ་བ་ནས་མིན། གལ་ཏེ་བཀའ་ཤག་གི་དམིགས་ཡུལ་དེ་ཡིན་ན་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་མཆོག་ཆགས་ཡོད་པ་དང་། ཐོག་མ་ནས་ཚོགས་ཆུང་ནང་ཕྱག་བརྐྱངས་ཏེ་སྤྱི་འཐུས་གསུམ་གྱིས་འོས་ཐེངས་གཉིས་བླུགས་ནས་འགྲོ་ཡི་ཡིན་ལབ་དུས། བཀའ་ཤག་དང་འོས་བསྡུ་ལས་ཁང་གི་མངོན་འདོད་དང་རེ་བ་མ་འགྲུབ་པ་རེད། རེ་འདོད་མ་འགྲུབ་པར་བརྟེན་དཔལ་འབྱོར་བཀའ་བློན་མཆོག་གིས་ཚོགས་གཙོ་ནས་དགོངས་པ་ཞུས་བཞག་པ་ཡིན་ན། ཕྱོགས་གཅིག་ནས་ཚོགས་ཆུང་གི་ཚོགས་གཙོ་མེད་པ་ཆགས་འགྲོ་ཡི་ཡོད་པ་དང་། ཕྱོགས་གཉིས་ནས་བཀའ་ཤག་གི་སྐུ་ཚབ་དགོས་ཀྱི་ཡོད་ཅེས་གསུངས་ཡོད་དུས། བཀའ་ཤག་གི་སྐུ་ཚབ་མེད་ན་ཚོགས་ཆུང་དེ་འཐོར་འགྲོ་བ་དང་། ནུས་མེད་ཆགས་འགྲོ་ཡི་ཡོད་པས་དེ་དུས་བཀག་ན་འགོག་ཆོག་གི་ཡོད་པ་རེད། ཡིན་ཡང་རྩ་བ་ནས་བཀག་མེད། གང་ཡིན་ཟེར་ན། ང་ཚོའི་དགོས་འདོད་དེ་འོས་ཐེངས་གཅིག་བླུགས་རྒྱུ་དེ་རེད། ཡིན་ནའང་། འགྲོ་སྟངས་ལྟར་ཚོགས་ཆུང་ནང་མང་མོས་ཀྱི་ཐོག་ནས་ཕྱིན་འདུག་པས་དེ་རང་བྱས་ནས་བཞག་ཤོག གྲོས་ཚོགས་ཚོགས་པའི་སྐབས་ལ་བཀའ་ཤག་དང་འོས་བསྡུ་ལས་ཁང་གི་དགོས་འདོད་ཡང་བསྐྱར་ཞུ་ཆོག་གི་རེད་ཅེས་དཔལ་འབྱོར་བཀའ་བློན་མུ་མཐུད་ཚོགས་ཆུང་ནང་བཞུགས་ཡོད་པ་རེད། སྐབས་དེར་ཚོགས་གཙོས་དགོངས་པ་ཞུས་བཞག་ན་ད་ལན་ཁྲིམས་འཆར་སླེབ་ཀྱི་ཡོད་མེད་དྲི་བ་ཞིག་ཆགས་ཡོད་པར་བརྟེན། གྲོས་ཚོགས་ལ་དོ་ཕོག་གཏོང་བ་དང་ང་རང་ཚོའི་དགོས་འདོད་དེ་རང་དགོས་ཀྱི་ཡོད་ཟེར་བ་ཡིན་ན་དེ་དུས་ནས་ཕྱིར་འཐེན་བྱས་ན་བྱེད་ཆོག་གི་ཡོད་པ་རེད།” ཅེས་གསུངས་འདུག་ལ། དེ་འདྲའི་འགོག་འདོད་མེད་པ་ཞིག་ཡིན་ན། ལྷག་པར་དུ་སྲིད་སྐྱོང་རང་ཉིད་གཙོས་བྱས་ཏེ་བཀའ་བློན་རྣམ་པ་ཕྱིར་ཐོན་དགོས་པ་ཞིག་རྩ་བ་ཉིད་ནས་མ་རེད། དེ་འདྲའི་འགོག་འདོད་མེད་བཞིན་དུ་ཚོགས་འདུ་ནས་ཕྱིར་ཐོན་པ་དེ་དཔལ་ལྡན་ཚོགས་གཙོ་ལ་གུས་བརྩི་མ་ཞུས་པ་དང་། གྲོས་ཚོགས་ལ་དོ་ཕོག་གནང་བའི་ཆེད་མིན་ན་ཕྱིར་ཐོན་དགོས་དོན་རྩ་བ་ཉིད་ནས་མེད་པར་འདོད། ཡིན་ནའང་འགྲེལ་བཤད་རེ་རེ་རྒྱག་དགོས་བྱུང་ན། རང་གི་མ་ལ་གྲིས་བརྒྱབ་ནས་གསོད་མཁན་ཚོ་ལ་ཡང་འགྲེལ་བྱེད་རྒྱག་རྒྱུ་ཡོད་པ་རེད། གནས་ལུགས་ཚད་ལྡན་ཡིན་མིན་ལ་ལྟ་རྒྱུ་ལས་ལྷག་མེད་པ་དེ་རེད།
ཡང་སྲིད་སྐྱོང་མཆོག་གིས། “ང་ཚོ་ལ་དགོས་པ་དེ་ག་རེ་རེད་ཟེར་ན། འོས་ཐེངས་གཅིག་བླུགས་ན་རྦད་དེ་ཕན་ཐོགས་ཀྱི་ཡོད་པ་དང་། ཐེངས་གཉིས་བླུགས་ན་འགྲིག་གི་མི་འདུག་ཅེས་ཞུས་བ་གཙོ་བོ་དེ་རེད། ཚང་མས་མཁྱེན་གྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་འོས་བསྡུའི་སྐབས་རྙོག་གླེང་ཆེན་པོ་ཞེ་དྲགས་བྱུང་བ་རེད། ༧གོང་ས་མཆོག་གི་ཐུགས་ཕམ་པ་རེད། སྤྱི་ཚོགས་ནང་བརྡབ་གསིག་ཉེ་བའི་ལོ་རྒྱུས་ནང་དེ་ལས་ཆེ་བ་བྱུང་མྱོང་ཡོད་པ་མ་རེད། ནེའུ་ཡོག་དུས་བབ་ཀྱི་ཐོག་ཏུ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་ཀྱང་ཐོན་ཡོད་པར་བརྟེན། མ་འོངས་པར་དེ་འདྲ་མི་ཡོང་བའི་འགན་འཁུར་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་ལ། འགན་འཁུར་རྒྱུར་ད་ལན་འོས་བསྡུ་ཡི་ཁྲིམས་འཆར་དེར་འགྱུར་བ་གཏོང་རྒྱུ་རྩ་ཆེ་ཤོས་རྩི་ཡི་ཡོད། བཀའ་ཤག་གི་ཐོག་ནས་བཅའ་ཁྲིམས་ཕུལ་ཡོད་པ་དང་། དེའི་ཁྲོད་ཀྱི་གལ་ཤོས་ནང་གི་ཆེ་ཤོས་འོས་བསྡུའི་ཁྲིམས་འཆར་དེར་འགྱུར་བ་གཏོང་རྒྱུ་དེ་རྩི་ཡི་ཡོད། གྲོས་ཚོགས་ར་བའི་ནང་དུའང་ཐེངས་གཉིས་བླུགས་ན་འདི་འདྲ་བྱེད་ཀྱི་འདུག་ཅེས་ཟིན་བྲིས་འབྱོར་ཡོད་པ་དང་། དེ་བཞིན་ཐེངས་གཅིག་བླུགས་ན་དེ་འདྲ་ཞིག་ཡོང་གི་རེད་ཅེས་ཞིབ་ཅིང་ཕྲ་བ་ཞིག་ཡོད་པ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པར་གདམ་ག་གསལ་པོ་ཡོང་གི་རེད་ལ བགྲོ་གླེང་མཐར་ཕྱིན་ཡོང་གི་ཡོད་པས་མཐར་ཐུགས་ཐག་ག་རེ་གཅོད་ཀྱི་ཡོད་པ་དེ་ཆོད་པ་རེད། ཡིན་ནའང་། ད་ལན་འོས་ཐེངས་གཉིས་བླུགས་པའི་ཟིན་བྲིས་འབྱོར་བསྡད་ཡོད་པས། འོས་ཐེངས་གཅིག་བླུགས་རྒྱུ་གཞིར་བཞག་སྟེ་འགྱུར་བ་དེ་འདྲ་བཏང་བ་ཡིན་ན་དེ་ར་མ་ལུག་ཆགས་པའི་ཉེན་ཁ་ཡོད་པ་དང་། དེ་བཞིན་འོས་ཐེངས་གཅིག་བླུགས་རྒྱུ་གཞིར་བཞག་སྟེ་ཐེངས་གཉིས་བླུགས་པའི་ཐོག་བགྲོ་གླེང་བྱས་པ་ཡིན་ན་དེ་ཡང་ར་མ་ལུག་ཆགས་པའི་ཉེན་ཁ་ཡོད་པ་རེད། ཅེས་དང་། སྲིད་སྐྱོང་ཁོང་སྐུ་སྒེར་ལ་ཁྱད་པར་གང་ཡང་མེད་ཀྱང་འདས་པའི་འོས་བསྡུའི་ཐོག་ནས་ཉམས་མྱོང་ཆེ་ཤོས་བསགས་པ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༢༠༡༦ ལོའི་གནས་སྟངས་དེ་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུའི་སྐབས་མི་ཡོང་བའི་ཆེད་དུ་འགན་འཁུར་བའི་ཐོག་ནས་ཞུ་ཡི་ཡོད་སྐོར་སོགས་” གསུངས་འདུག ཁ་གསལ་ན་གོ་བདེ་ཟེར་བ་ལྟར། གསལ་བོར་བཤད་ན་སྲིད་སྐྱོང་ཕྱིར་འཐོན་དགོས་པའི་གནད་དོན་གཙོ་བོ་ཁོ་རང་གི་འདོད་ཐོག་ལ་མ་སོང་བའི་རྐྱེན་གྱིས་ཕྱིར་ཐོན་པ་འདྲ། གལ་སྲིད་རང་གི་འདོད་ཐོག་ལ་མ་སོང་ནས་ཕྱིར་ཐོན་དགོས་ན་གྲོས་ཚོགས་འཐུས་མི་མང་པོ་ཞིག་ཕྱི་ལ་ཐོན་དགོས་པ་ཆགས་ཀྱི་འདུག དེ་ནི་མཁས་པའི་འཆུག་ན་འདོམ་གང་ཟེར་བ་ལྟར་ཆགས་པ་མ་རེད་དམ། སྲིད་སྐྱོང་མཆོག་གིས་འོས་བསྡུའི་ཐོག་ནས་ཉམས་མྱོང་ཆེ་ཤོས་བསགས་ཡོད་པ་དང་བོད་མི་ཞིག་ཡིན་པའི་ཆ་ནས་འགན་འཁུར་བའི་ཐོག་ནས་ཞུ་གི་ཡོད་པ་ཨ་ཅང་ཅང་། ངས་ཀྱང་འོས་བླུགས་པའི་ཐོག་ནས་ཉམས་མྱོང་ཆེ་ཤོས་ཤིག་བསགས་པ་དང་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཁུར་བའི་ཐོག་ནས་བཤད་ན། འོས་ཐེངས་གཅིག་བླུགས་ན་དེ་ལས་རྫོབ་ཆེན་འབྱུང་ཐག་ཆོད་རེད། ཐེངས་གཅིག་བླུག་པ་ཙམ་གྱིས་ཡག་ཉེས་ཀྱི་བརྡར་ཤ་གཅོད་མི་ཐུབ་པ་ལ། ད་ལྟའི་ང་ཚོའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཕྱོགས་ཞེན་གྱི་དབང་ཤུགས་ཆེ་བའི་ཐད་ལ་བལྟས་ན་ཧ་ཅང་གསལ་པོ་རེད། དེར་བརྟེན། འོས་ཐེངས་གཉིས་བླུགས་ན་ཤེས་ཡོན་མེད་ཀྱང་། བསམ་བློ་གནད་དུ་འབབ་པའི་དུས་ཡུན་བསྲིང་ཚེ་སྔོན་འགྲོའི་འོས་བསྡུ་ལ་ནོར་ཡང་། དངོས་གཞིའི་སྐབས་སུ་མི་ནོར་བ་ཡོང་བར་ཕན་ཐོག་ཆེན་པོ་འདུག ང་རང་ལ་མཚོན་ན་ཐེངས་གཉིས་དེ་ཧ་ལས་པའི་ཡག་པོ་བྱུང་། ཐེངས་གཉིས་དེ་མེད་ན་ཕ་རོལ་འོས་མིར་ལངས་མཁན་དེ་ག་འདྲ་ཡིན་མིན་གསལ་ཆ་ཡོང་མི་ཐུབ་པ་ཞིག་རེད། འོས་ལངས་མཁན་ལ་མཚོན་ན་རྒྱལ་ཁ་དང་། ང་ཚོ་བོད་སྤྱི་བའི་དོན་དག་ལ་མཚོན་ན་ཕམ་ཁ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཅན་ཞིག་རེད། བཀའ་བློན་རྣམ་པ་ཚང་མར་དྲི་བ་ཞིག་ཀྱང་ངང་ངམ་ཤིག་གེར་ཡོང་བ་ནི། སྲིད་སྐྱོང་ཚོགས་འདུ་ལས་ཕྱིར་ཐོན་ཡང་བཀའ་བློན་གཞན་རྣམས་ཕྱིར་ཐོན་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མི་སོ་སོ་དང་ཕྱག་ལས་ཀྱི་ཁ་ཕྱོགས་སོ་སོ་ཡིན་དུས་ཁྱེད་རྣམ་པས་གྲོས་ཚོགས་ལ་རྣམ་འགྱུར་དེ་འདྲ་ཞིག་སྟོན་དགོས་པའི་རྒྱུ་རྐྱེན་གང་གིས་ཡིན་ནམ། ཞེས་པའི་དྲི་རྟགས་ཤིག་འཁོར་ཡོང་གི་འདུག འདི་ནི་བཀའ་བློན་རྣམ་པས་ངའི་སེམས་ལ་བཞག་པའི་ཟིན་ཐོ་རེད།
གཉིས་པ། དབུ་མ་དང་རང་བཙན། རྒྱ་ནག་ལ་མཚོན་ན་དེང་རབས་ཅན་བཞི་མངོན་འགྱུར་ཟེར་གྱི་ཡོད་པ་རེད། ང་ཚོ་ལ་མཚོན་ན་དབུ་མའི་ལམ་མངོན་འགྱུར་བྱེད་དགོས་པ་རེད། དེ་མངོན་འགྱུར་བྱེད་པར་མགོ་དམངས་གཙོའི་ཀ་བ་གསུམ་ནས་བྱིས་པ་ལོ་གསུམ་ཡན་ཆད་ཀྱིས་བློ་གཅིག་སེམས་གཅིག་གིས་རང་འགན་རང་གིས་འཁུར་ཏེ་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་ཤར་བསྐྱོད་བྱེད་རྒྱུ་ནི་ཡར་རྒྱས་ཀྱི་གཞི་རྩ་རེད། མིང་སྣ་ཚོགས་ཤིག་བཏགས་པའི་ཚོགས་སྡེ་ཁག་གིས་ཀྱང་ཡར་ཡར་བཤད་མར་མར་བཤད་དེ་ཁ་འཐེན་སྣ་འཐེན་མི་བྱེད་པར་སྲིད་བྱུས་གཅིག་གི་སྟེང་ལ་ཤར་བསྐྱོད་བྱས་ན་གཅིག་སྒྲིལ་ཡོང་གི་རེད། གཞུང་དམངས་ཚང་མ་སྲིད་བྱུས་གཅིག་ལས་མི་དགོས། ང་ཚོས་འདིར་སྲིད་བྱུས་ཀྱི་ཐད་ནས་ལྟ་བ་ལ་དབུ་མ་དང་རང་བཙན་གཉིས་སུ་དབྱེ་ཡོད་པ་རེད། ངའི་བསམ་ཚུལ་ལ་ལྟ་བ་གཉིས་ཁུར་ནས་བསྡད་ན་རྒྱ་ནག་དང་འབྲེལ་བ་བྱེད་རྒྱུ་ཁག་པོ་རེད། དེ་གཉིས་ཀྱི་གཅིག་གི་ཐོག་ནས་འགྲོ་དགོས་པ་རེད། རང་བཙན་ལྟ་བའི་སྒང་ནས་སྲིད་བྱུས་བཟུང་ན་དོན་དངོས་དང་མཐུན་ཡང་། རྒྱལ་སྤྱིའི་སྒང་ནས་ང་ཚོ་ལ་རྒྱབ་སྐྱོར་ག་འདྲ་ཡོད་མེད་དང་། རྒྱ་ནག་བར་ལ་འབྲེལ་བ་ཚུགས་ཐུབ་མིན། མཐའ་མའི་རྒྱལ་ཕམ་སོགས་ལ་བསམ་བློ་བཏང་ན་ཉམ་ཆུང་ས་ཞིག་ལ་ལྷག་ཡོད་པ་དེ་གསལ་ཐག་ཆོད་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྒང་ནས་ཕྱིན་ན་རྒྱལ་སྤྱི་སྒང་ནས་རྒྱབ་སྐྱོར་མང་ཤོས་དང་། རང་གཞན་གཉིས་ཕན། རྒྱ་ནག་གིས་ཀྱང་རྣ་མཆོག་ཀྲོང་ཀྲོང་བྱེད་ས་ཞིག་ཆགས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་གིས་ང་ཚོའི་དབུ་མའི་ལམ་འདི་ཁ་མ་གསལ་བའི་རང་བཙན་ཟེར་བ་དེའང་ཁོ་ཚོས་མར་གསལ་བསྒྲགས་བྱེད་དུས་བཤད་སྟངས་གཞན་ཞིག་རེད་དེ་དོན་དངོས་ཐོག་རྒྱབ་ལོགས་ན་རང་བཙན་འཐབ་རྩོད་པ་འདུག་ལབ་ཀྱི་ཡོད་པའི་འཆར་སྣང་ཞིག་འདུག རྒྱུ་མཚན་འདིའི་ཐད་ནས་ང་ཚོ་ཚང་མ་ཕྱོགས་གཉིས་སུ་མ་ཆད་པར་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཤར་སྐྱོད་བྱས་ན་དོན་འབྲས་སྨིན་པའི་གཞི་རྩ་ཞིག་རེད་སྙམ། གཞུང་གི་སྲིད་བྱུས་ཀྱི་ཐད་ནས་གཅིག་སྒྲིལ་ཡོང་དང་མི་ཡོང་ཟེར་བ་དེ་རང་བཙན་ལྟ་བ་ཁུར་མཁན་ཚོས་བསམ་བློ་གཏོང་དགོས་པ་རེད་མ་གཏོགས་ཅི་ཡང་ལྷག་མེད་པར་འདོད། རྩ་བའི་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་འདི་ལས་ལྷག་ཅིག་མེད་པ་གསལ་པོ་ཡིན་དུས་དེས་ནུས་པ་ཐོན་པར་གཅིག་སྒྲིལ་དགོས་པ་དེ་བཤད་མི་དགོས་པ་ཞིག་ཡིན་པ་ཀུན་ཀྱིས་མཁྱེན་པར་མཛོད།
ད་ངས་མི་འཇོན་ནའང་འཇོན་མདོག་གིས་སྐད་ཆ་ཞིག་བཤད་འདོད་བྱུང་། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་ལ་གཏོང་ན་གཞི་ཆགས་སྲ་བརྟན་གཅིག་པུ་གླེང་གི་ཡོད་པ་རེད་དེ་ཡར་རྒྱས་མེད་ཐག་ཆོད་རེད། དེ་ལས་ད་ལྟའི་སྤྱི་ཚོགས་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་དགོས་པར་འདོད། དེའང་གཞུང་དམངས་གཉིས་ཀྱི་ཐོན་སྐྱེད་ད་ལྟའི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ཏེ་གཏོང་དགོས་པ་རེད་མ་གཏོགས་ཡར་རྒྱས་ཀྱི་ལམ་ཁ་མེད་པར་མཐོང་། ངས་གོང་དུ་བཤད་པ་དག་ལ་སྲིད་སྐྱོང་མཆོག་གིས་ཐུགས་དགོངས་རང་ཁ་རང་གསོ། ཆིག་སྒྲིལ། གསར་གཏོད་བཅས་འདུ་ཐུབ་ལ། གཅིག་བྱས་ལྔ་དང་ལྔ་བཅུ་ཡང་འདུ་ཐུབ་ཡོད་རྒྱུ་རེད། ཁ་ཆེ་བ་ལིས་སྙིང་གཏམ་བརྗོད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་འདོད་པ་རེད།། ཅེས་པ་ལྟར་རོ།།
༢༠༡༧ ལོའི་ཟླ་ ༣ ཚེས་ ༢༢ ཉིན་བྲིས།
གཡུ་སྒང་དགེ་འདུན། དཔེ་ཡག་པོ་བྲིས་འདུག རྒྱུ་མཚན་ལྡན་པ་རེད་འདུག་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དོ། ངེད་གཉིས་ཀྱི་ལྟ་བ་ལངས་ཕྱོགས་ཀྱང་བརྒྱ་ཆ་བརྒྱ་མཐུན་སོང་ངོ་། ཐུགས་རྗེ་ཆེ།
ཁ་སྟོང་ཙམ་ཞིག་མ་ཡིན་པར་རྩོམ་འདི་ལ་ངོ་མ་སྙིང་ལྡན་པ་མ་ཟད། ཕྱོགས་གང་ནས་བལྟས་ཀྱང་སྐད་ཆ་འདི་ལྟ་བུ་བཤད་ན་རྒྱལ་བ་ཡིད་བཞིན་ནོར་བུ་བཞུགས་བསྡད་པའི་སྐབས་ལ་ང་ཚོ་བོད་ལ་རེ་བ་གཅིག་ཡོད། རྒྱལ་བ་ཡིད་བཞིན་ནོར་བུ་མ་བཞུགས་པའི་ཉིན་ནས་ང་ཚོ་ལ་རེ་བ་ཆད་པ་ཡིན།་གང་ཡིན་ཟེར་ན་ཀླུ་མཁར་བྱམས་ལྟ་བུའི་མི་ཁྱི་འདྲ་འདྲ་མང་པོ་ཞིག་གི་ཁ་ནས་རང་བཙན་ཟེར་ནས་རྫིགས་པོ་རེ་བཤད་རྒྱུ་མ་གཏོགས་དོན་དངོས་ལན་ལེན་བྱེད་ཐུབ་མཁན་དང་འཇོན་མཁན་ཞིག་གཏན་ནས་ཡོད་མི་སྲིད།