མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཆེ་འཇིགས་སྐུལ་ཤོག་ཁག་དང་བོད་པ་ཚོས་ཞི་ཅིན་ཕིན་གྱི་དྲག་གནོན་ལ་ཅི་ཞིག་བྱ་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༧/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་མཁན་བྷ་ཊ་གྷ་ལེ་ཡ་ (Gabriele Battaglia) པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

ཁ་ཆེ་འཇིགས་སྐུལ་ཚོགས་པས་བཏོན་པའི་བརྙན་ཐུང་ཞིག་གི་ནང་ཡུ་གུར་བས་དྲག་སྤྱོད་སྤེལ་བའི་རྣམ་པ་བཟོས་ཡོད་སྟབས་རྒྱ་ནག་གིས་ཤིན་ཅང་རང་སྐྱོང་ས་ཁུལ་དུ་དྲག་ཆས་དམག་དཔུང་གི་དྲག་ཤུགས་རྔམ་སྟོན་བྱས་ཡོད་པ་རེད།

ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་ (IS) གིས་ཤིན་ཅང་ནང་གླེང་ཕྱོགས་བཟོས་པ་དང་འབྲེལ་ཏེ། རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་གྱི་མི་གསོད་དོན་རྐྱེན་དེ་དག་ཁ་ཆེ་དྲག་སྤྱོད་པས་ (Is) བཟོས་པ་ཡིན་པའི་སྐྱོན་འཛུགས་འོག ནུབ་རྒྱུད་ཀྱི་ཤིན་ཅང་ས་ཁུལ་དུ་སྔར་བྱུང་མ་མྱོང་བའི་དྲག་ཆས་དམག་གི་རྔམ་སྟོན་བྱེད་བཞིན་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས། ཤིན་ཅང་ནང་གི་ཟིང་ཆ་དེ་ལྟ་བུ་སྔོན་ཆད་བོད་ཁུལ་དུའང་བྱུང་མྱོང་ཡོད་སྐོར་བརྗོད།

ཤིན་ཅང་གྲོང་ཁྱེར་ཨུ་རོ་མི་ཆེ་དང་ཀ་ཤཱི་གྷར། ཧོ་ཊན་བཅས་ཀྱི་ནང་རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་དྲག་ཆས་དམག་དཔུང་གི་རྔམ་སྟོན་བྱེད་ཀྱིན་ཡོད་པ་དང་། དེའི་དམིགས་འབེན་གཙོ་བོ་ནི་ “འཇིགས་སྐུལ་བར་རྡུང་རྡེག་འགོག་རྒོལ་” བྱེད་པའི་ཉེན་བརྡ་ཡིན་སྐོར་ཤིན་ཅང་དམར་ཤོག་ཚོགས་པའི་ཚོགས་གཞོན་ཀྲུའུ་ཧྭ་ལིན་ (Zhu Hailun) གྱིས་བཤད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ནང་ཤིན་དུ་རླངས་འཁོར་ནང་འགད་རྫས་དོན་རྐྱེན་བྱུང་བའི་ཁྲོད་མི་ ༥ རྐྱེན་འདས་ཕྱིན་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་གྲིས་བརྒྱབ་པའི་དོན་རྐྱེན་ཁྲོད་མི་ ༨ རྐྱེན་ལམ་དུ་ཕྱིན་རྗེས། རྒྱ་ནག་གཞུང་གིས་ཤིན་ཅང་ས་ཁུལ་དུ་དྲག་ཤུགས་རྔམ་སྟོན་མགོ་འཛུགས་བྱས་ཡོད། ད་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་དྲག་ཆས་དམག་དཔུང་གིས་འཇིགས་སྐུལ་དྲག་སྤྱོད་དོགས་གཞིའི་འོག་ཧོ་ཊན་གྲོང་རྡུལ་ནང་ཁ་ཆེ་བ་ ༤ དམར་གསོད་བཏང་ཡོད་པ་མ་ཟད། གཞན་ཁ་ཆེ་བ་མང་པོ་ཞིག་འཛིན་བཟུང་བྱས་ཡོད།

རྒྱ་ནག་གཞུང་གིས་ཡུ་གུར་ནང་གི་ཁ་ཆེ་དྲག་སྤྱོད་ལས་འགུལ་དེ་དག་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་ལུགས་དང་། དོན་རྐྱེན་དེ་དག་ཁྲོད་མི་མང་བརྒྱ་ཕྲག་གི་ཚེ་སྲོག་ཤོར་ཡོད་ལུགས་བཤད་འདུག དེ་བཞིན། རྒྱ་ནག་གི་དབང་འཛིན་པ་ཚོས་དོན་རྐྱེན་དེ་དག་ནི་ཤར་ཏུར་ཀི་སི་ཐན་ནང་གི་ཁ་བྲལ་རིང་ལུགས་ཚོགས་པ་ (ETIM) དང་འབྲེལ་བ་ཡོད་སྐོར་བརྗོད་ཡོད་ཀྱང་། གནད་དོན་དཔྱད་ཞིབ་པ་ཚོས་ཚོགས་པ་དེ་སྤྱི་ཚོགས་རང་བཞིན་གྱི་ལས་འགུལ་ཚོགས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་མང་གི་ཆོས་ལུགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཐོག་དམ་དྲག་བྱེད་བཞིན་ཡོད་པར་ངོ་རྒོལ་བྱས་པ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ནང་ཁ་ཆེ་འཇིགས་སྐུལ་ཤོག་ཁག་ (IS) གིས་དུས་ཡུན་ཆུ་ཚོད་ཕྱེད་རིང་གི་བརྙན་ཐུང་ཞིག་སྤྱི་ཚོགས་བརྒྱུད་ལམ་ཐོག་སྤེལ་ཡོད་པ་དང་། དེའི་ནང་ཡུ་གུར་དྲག་སྤྱོད་པས་ཐེངས་དང་པོར་རྒྱ་ནག་གཞུང་ལ་ཡ་ལེན་སྤྲོད་འཆར་ཡོད་པའི་རྣམ་པ་བསྟན་ཡོད། གནས་ཚུལ་དེ་དང་འབྲེལ་ཏེ་པེ་ཅིན་གཞུང་གིས་ཤིན་ཅང་ས་ཁུལ་གྱི་དྲག་སྤྱོད་པ་ཚོ་རྒྱལ་སྤྱིའི་ཁ་ཆེ་འཇིགས་སྐུལ་ཤོག་ཁག་དང་འབྲེལ་བ་ཡོད་པའི་ཉེན་བརྡ་བཏང་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཟླ་འདིའི་ནང་ཚོགས་པའི་རྒྱ་ནག་དམངས་ཆེན་ཚོགས་འདུར་བཅར་བའི་ཤིན་ཅང་གི་འཐུས་ཚབ་ཚོར་ཁ་ཆེ་འཇིགས་སྐུལ་བར་འགོག་རྒོལ་བྱེད་ཆེད་ཤིན་ཅང་ས་ཁུལ་དུ་ “ལྕགས་རི་རིང་པོ” ཞིག་བསྐོར་དགོས་ལུགས་དང་། རྒྱ་ནག་གི་མི་རིགས་ཁག་གིས་ཆིག་བསྒྲིལ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་གིས་འཇིགས་སྐུལ་འགོག་རྒོལ་ཆེད། ཤིན་ཅང་གི་ཡུལ་མི་ཚོའི་ཐོག་བདེ་འཇགས་དམ་དྲག་སྲིད་ཇུས་ལག་བསྟར་བྱེད་དགོས་ལུགས་བཤད་ཡོད། ཆབ་སྲིད་ཆེད་མཁས་པ་ཚོས་ཤིན་ཅང་ས་ཁུལ་གྱི་དམ་དྲག་སྲིད་ཇུས་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲུན་ཆིན་ཀོ་ (Chen Quanguo) ཡི་བཀའ་བཀོད་འོག་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཁྲུན་ཆིན་ཀོ་དེ་སྔོན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་སྐབས། ཁོས་ཤིན་ཅང་གི་ཁྱིམ་མཚེས་བོད་ཁུལ་དུའང་དེ་དང་གཅིག་མཚུངས་ཀྱི་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་ཡོད་ལུགས་བརྗོད།

དམ་དྲག་སྲིད་ཇུས་དེའི་ནང་། ཡུལ་མིའི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ་དང་། ཕྱི་གླིང་བ་ཚོ་ཡུ་གུར་དང་ཧན་མི་རིགས་འདུས་སྡོད་ཁུལ་དུ་འགྲུལ་སྐྱོད་བཀག་སྡོམ། དེ་བཞིན། གཞུང་འབྲེལ་མིན་པའི་ཁ་ཆེ་ཆོས་ཁང་དང་ཡེ་ཤུ་ཆོས་ཁང་ཁག་ཏུ་མཆོད་མཇལ་བཀག་སྡོམ། ཁྲིམས་མཐུན་མ་ཡིན་པའི་ཁ་ཆེ་བའི་སློབ་གྲྭ་ཁག་ཏུ་དྲག་གནོན་བྱེད་རྒྱུ་སོགས་ཚུད་ཡོད་པ་མ་ཟད། ད་དུང་ཟིང་ཆ་རིགས་བཀག་སྡོམ་ཆེད་རྒྱ་སྒོར་ས་ཡ་ ༡༠༠ གཏོང་འཆར་ཡོད་འདུག

གནས་ཚུལ་དེའི་ཐད་ཨ་རིའི་ཁོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་དེང་རབས་བོད་རིག་པ་ཞིབ་འཇུག་ཚོགས་པའི་འགན་འཛིན་རའོ་བྷེ་བྷར་ནི་ཊ་ (Robbie Barnett) ལགས་ཀྱིས་ཨེ་ཤ་ཡའི་བདུན་རེའི་གསར་ཤོག་ལ་བརྗོད་དོན། “དེ་སྔོན་ཁྱེད་ཀྱིས་བོད་ཁུལ་དུ་མཐོང་བའི་དམ་དྲག་སྲིད་ཇུས་དེ་དག་ད་ཆར་ཤིན་ཅང་ནང་ལག་བསྟར་བྱེད་ཀྱིན་འདུག སྲིད་ཇུས་དེ་དག་ལག་བསྟར་བྱེད་སྟངས་ཁ་ཁ་ཡིན་ཡང་རྩ་བའི་གྲུབ་ཚུལ་གཅིག་པ་རེད།” ཅེས་བརྗོད་འདུག

ཨ་རིའི་ཝ་ཤིན་ཊོན་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ནུབ་བྱང་ཞིབ་འཇུག་ཚན་པའི་ཆེད་མཁས་པ་སྐུ་ཞབས་བྷེ་ལེར་ (Darren Byler) ལགས་ཀྱིས་རྒྱ་ནག་གི་གསར་འགྱུར་ཞིག་ལུང་འདྲེན་བྱས་པའི་ནང་། ད་ལྟའི་ཚབས་ཆེ་བའི་གནས་སྟངས་དེ་ལྟ་བུ་ཞིག་སྔོན་ཆད་ཤིན་ཅང་ནང་བྱུང་མྱོང་མེད་སྐོར་བརྗོད་འདུག ཁོས་བརྗོད་དོན། “ད་ཆར་རྒྱ་ནག་གཞུང་གིས་ཤིན་ཅང་ཧོ་ཊོན་ (Hotan) ནས་ཨ་ཀ་སུ་ (Aksu) བར་གྱི་རྫོང་ཁག་མང་ཆེ་བར་དམ་དྲག་བྱས་ཡོད་པ་དང་། རྫོང་ཁག་དེ་དག་གི་ཡུ་གུར་མི་མང་ཚོར་ས་གནས་སྲིད་གཞུང་གི་ཁུངས་འཕེར་ཆོག་མཆན་མེད་པར་རྫོང་ཁག་ཕན་ཚུན་ནང་འགྲུལ་སྐྱོད་ཙམ་ཡང་བྱས་མི་ཆོག་པ་དང་། རྒྱུ་རྐྱེན་གཞན་དག་གི་དབང་གིས་རྫོང་ཁག་དེ་དག་ནང་སྤྱི་སྤྱོད་རླངས་འཁོར་ཡང་བཀག་སྡོམ་བྱས་འདུག ས་གནས་ཁག་མང་པོ་ཞིག་ཏུ་དམར་པོའི་གཞུང་ལ་བསྟོད་གླུ་ལེན་ས་དང་ཆབ་སྲིད་སློབ་གསོ་སྤེལ་སའི་ལྟེ་བར་བསྒྱུར་འདུག གལ་ཏེ་ས་གནས་མི་མང་ཚོགས་འདུ་དེ་དག་ཐོག་མཉམ་ཞུགས་མ་བྱས་ཚེ། དུད་ཁྱིམ་དེའི་ཁྱིམ་མི་ཚོ་དོགས་ཡོད་མི་སྣར་མིང་འདོན་བྱེད་ཀྱིན་འདུག” ཅེས་བརྗོད་འདུག

ཡུ་གུར་མི་རིགས་ནི་ཤིན་ཅང་ས་ཁུལ་གྱི་གྲངས་མང་མི་རིགས་ཤིག་ཡིན་པ་མ་ཟད། ས་ཁུལ་དེར་རང་བྱུང་ཐོན་ཁུངས་འབོར་ཆེན་ཡོད་སྟབས་རྒྱ་ནག་ཧན་མི་རིགས་མང་པོ་གནས་སྤོ་བྱས་ཏེ། ད་ཆར་ས་ཁུལ་དེའི་རྒྱ་ནག་ཧན་མི་རིགས་ཀྱིས་ཡུ་གུར་བའི་མི་འབོར་གྱི་ཕྱེད་ཙམ་ཟིན་ཡོད་སྟབས། རྒྱུན་པར་རྒྱ་ནག་ཧན་མི་རིགས་དང་ཡུ་གུར་ཁ་ཆེ་མི་རིགས་བར་འཁྲུག་འཛིང་བྱུང་དང་འབྱུང་བཞིན་ཡོད་ལ། རྙོག་འཛིང་དེ་དག་ནི་ཡུ་གུར་མི་རིགས་ཚོས་རྒྱ་ནག་ཧན་མི་རིགས་ཆེན་པོའི་ནང་ཁོ་རང་ཚོའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས་རྩ་མེད་འགྲོ་སྲིད་པར་ཞེད་སྣང་སྐྱེས་པ་ལས་བྱུང་བ་ཞིག་ཡིན།

ད་སྐབས་ཤིན་ཅང་ས་ཁུལ་ནི་རྒྱ་ནག་གི་ “རྒྱུད་གཅིག་ལམ་གཅིག” གི་ལྟེ་བ་ཆགས་ཡོད་པ་དང་། “རྒྱུད་གཅིག་ལམ་གཅིག་”ཅེས་པ་ནི། ས་ཁུལ་དེ་དག་གི་དཔལ་འབྱོར་ཁེ་ལས་ཁག་རྒྱ་ནག་གི་ཚོང་ལས་ལྟེ་གནས་ཁག་ལ་ཟླ་སྒྲིལ་བཏང་སྟེ། གནའ་བོའི་རྒྱ་ནག་གི་དར་ལམ་བསྐྱར་གསོ་བྱེད་རྒྱུ་དེ་རེད། ལས་གཞི་དེ་པེ་ཅིན་གཞུང་གི་ཆབ་སྲིད་དམིགས་འབེན་གཙོ་བོ་ཞིག་ཡིན་སྟབས། ༢༠༡༦ ལོའི་ཟླ་ ༨ པར་པེ་ཅིན་གཞུང་གིས་དེ་སྔའི་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲུན་ཆིན་ཀོ་གནས་སྤོ་བཏང་སྟེ། ཤིན་ཅང་ཡུ་གུར་རིགས་རིང་སྐྱོང་ཁུལ་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པ་རེད།

ཁྲིན་ཆོན་ཀོ་ནི་རྒྱ་ནག་གི་ “དྲ་ལམ་དོ་དམ་མ་ལག” གསར་དུ་འཛུགས་མཁན་ཡིན་པ་དང་། དྲ་ལམ་དོ་དམ་མ་ལག་དེའི་དམིགས་ཡུལ་རྒྱ་རིགས་མི་མང་ལ་བརྟེན་ཏེ་ཏཱ་ལའི་བླ་མའི་རྗེས་འབྲང་བ་ཚོར་སྤྱི་ཚོགས་ཁྱོན་ཡོངས་ནས་རྟོག་ཞིབ་བྱེད་ཆེད་ཡིན་ཚུལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བསྒྲགས་འདུག

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རང་ཡུལ་བོད་གངས་ཅན་ལྗོངས་སུ་ཚད་མཐོའི་རང་སྐྱོང་འཚོལ་བཞིན་ཡོད་པ་ཡང་ཡང་གསུང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ལུགས་དྲིལ་བསྒྲགས་བྱེད་ཀྱིན་འདུག

ཨོ་གླིང་གི་ལཱ་ཊི་རོ་བྷི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་གྲངས་ཉུང་མི་རིགས་ཞིབ་འཇུག་ཚན་པའི་ཆེད་མཁས་པ་སྐུ་ཞབས་ལཱེ་བྷོལ་ཌི་ (James Leibold) ལགས་ཀྱིས། ཁྲུན་ཆིན་ཀོ་ཤིན་ཅང་དམར་ཤོག་ཚོགས་གཙོར་བསྡད་རྗེས། ཁོས་ཤིན་ཅང་ས་ཁུལ་གྱི་བདེ་སྲུང་ནི་ཁོ་རང་གི་ལས་འགན་གཙོ་བོར་བཟུང་ཞེས་བརྗོད་འདུག ལཱེ་བྷོལ་ཌིས་བརྗོད་དོན། “ ཕྱི་ལོ་ ༡༩༩༤ ནས་ ༢༠༡༠ ལོའི་བར་ཝང་ལི་ཆིན་(Wang Lequan) ཤིན་ཅང་དམར་ཤོག་ཚོགས་གཙོ་ཡིན་སྟབས། ༢༠༠༩ ལོར་ཤིན་ཅང་ཨོ་རོ་མི་ཆི་གྲོང་ཁྱེར་ནང་བྱུང་བའི་ཟིང་འཁྲུག་དེ་ཁོ་དང་འབྲེལ་བ་ཡོད་པ་རེད” ཅེས་བརྗོད་འདུག

ལཱེ་བྷོལ་ཌིས་བཤད་ཚུལ་ལྟར་ན། སྐབས་དེའི་ཟིང་འཁྲུག་ཁྲོད་ཡུ་གུར་མི་མང་ ༡༠༠༠ ཚུད་ཡོད་འདུག་ཀྱང་། རྒྱ་ནག་གི་དབང་འཛིན་པ་ཚོས་ཟིང་འཁྲུག་དེའི་ཁྲོད་མི་མང་ ༡༩༧ དམར་གསོད་ཐེབས་པའི་གྲས་ཀྱི་མང་ཤོས་རྒྱ་ནག་ཧན་མི་རིགས་ཡིན་ལུགས་བཤད་འདུག ལཱེ་བྷོལ་ཌིས་བརྗོད་དོན། “ཀྲང་ཁྲུན་ཞིན་ཤིན་ཅང་ནང་ཡོང་སྟེ་ཟིང་འཁྲུག་ཞོལ་འཇགས་བཟོས་པ་མ་ཟད། ད་དུང་དཔལ་འབྱོར་གོང་འཕེལ་ཡག་པོ་བཏང་འདུག ” ཅེས་དང་། “༢༠༡༣ ནས་ ༢༠༡༤ བར་བྱུང་བའི་དོན་རྐྱེན་དེ་དག་གི་རྗེས་སུ་པེ་ཅིན་གཞུང་གིས་ཀྲང་ཁྲུན་ཞིན་གྱིས་ནུས་པ་གང་ཡང་མ་ཐོན་པར་བཤད་དེ་གནས་སྤོ་བཏང་བ་རེད” ཅེས་བརྗོད་འདུག (༢༠༡༤ ལོའི་ཟླ་ ༣ པར་ཡུན་ནན་ཞིང་ཆེན་ཀན་མིན་མེ་འཁོར་ས་ཚིགས་སུ་གྲིའི་དོན་རྐྱེན་བྱུང་བའི་ཁྲོད་མི་ ༣༥ རྐྱེན་ལམ་དུ་ཤོར་ཡོད་པ་དང་། ཨུ་རོ་མི་ཆེ་གྲོང་ཁྱེར་དུ་འགད་རྫས་དོན་རྐྱེན་བྱུང་བའི་ཁྲོད་མི་ ༤༣ གྱི་ཚེ་སྲོག་ཤོར་ཡོད་འདུག)

ལཱེ་བྷོལ་ཌིས་མུ་མཐུད་དུ་བརྗོད་རྒྱུར། “ཝང་ལི་ཆིན་གྱི་ཚབ་ཏུ་ཁྲུན་ཆིན་ཀོ་བསྐོ་བཞག་བྱས་པ་དང་། སྐབས་དེར་ཝང་ལི་ཆིན་གྱིས་ཁོ་རང་རྒྱ་ནག་སྲིད་གྲོས་ནང་གནས་སྤོར་གཏོང་བའི་གོ་སྐབས་ཤིག་ཡིན་པར་འདོད་ཡོད།” ཅེས་དང་། “ཡུ་གུར་མི་མང་གིས་རྒྱ་ནག་གཞུང་གི་དམ་དྲག་སྲིད་ཇུས་དེ་དག་གིས་ཁ་ཆེ་ཆོས་ལུགས་བྱེད་སྒོ་བཀག་སྡོམ་བྱེད་རྒྱུ་དམིགས་འབེན་དུ་བཟུང་ཡོད་པར་མཐོང་གི་ཡོད” ཅེས་བརྗོད་འདུག

ལཱེ་བྷོལ་ཌིས་ད་དུང་། “རྒྱ་ནག་གཞུང་རྒྱལ་ཁབ་ཕྱི་ནང་གི་ཁ་ཆེ་ལྟ་བ་མཐར་ལྷུང་བ་ཚོའི་དཀའ་རྙོག་ལ་འཕྲད་ཡོད་པ་དངོས་ཡོད་ཡིན་ཡང་། དེ་དག་ཐོག་འཛིན་པའི་དྲག་ཤུགས་བྱ་སྤྱོད་དེ་ཧ་ཅང་ཐལ་དྲགས་པ་ཞིག་རེད། རྒྱ་ནག་གིས་དྲག་ཆས་ཁོ་ནར་བརྟེན་པ་དེ་ནི་དཀའ་རྙོག་ཆེ་རུ་གཏོང་རྒྱུའི་ཉེན་ཁ་ཞིག་ཡིན་པ་དང་། རྒྱ་ནག་གིས་ཤིན་ཅང་ནང་དྲག་གནོན་སྲིད་ཇུས་བཟུང་བ་དེས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཞུང་ཁ་ཆེ་ཚོར་མི་དགའ་བའི་རྣམ་འགྱུར་མཚོན་གྱི་ཡོད་སྟབས། གནད་དོན་དེས་རྒྱ་ནག་གི་ “རྒྱུད་གཅིག་ལམ་གཅིག་” གི་དཔལ་འབྱོར་འཛུགས་སྐྲུན་ལས་གཞིར་འགོག་རྐྱེན་འཕྲད་ཡོད་པ་མ་ཟད། མ་འོངས་པར་རྒྱ་ནག་ལ་འཇིགས་སྐུལ་དྲག་སྤྱོད་པས་དཀའ་རྙོག་བཟོ་སྲིད་པའི་ཉེན་ཁ་སྔར་ལས་ཆེ་རུ་བཏང་ཡོད་པ་རེད།” ཅེས་ཀྱང་བརྗོད་འདུག

ཁ་ཆེ་འཇིགས་སྐུལ་ཤོག་ཁག་ (IS) གིས་སྤྱི་ཚོགས་བརྒྱུད་ལམ་ཐོག་སྤེལ་བའི་བརྙན་ཐུང་དེའི་ནང་ཡུ་གུར་འཐབ་རྩོད་པ་ཚོས་རྒྱ་ནག་གིས་ཤིན་ཅང་ནང་བཙན་གནོན་བྱེད་བཞིན་པར་ཡ་ལན་བསློགས་ཏེ། རྒྱ་ནག་ནང་ཁྲག་གི་རྒྱ་མཚོ་བསྐྱིལ་རྒྱུ་ཡིན་པའི་འཇིགས་སྐུལ་བཏང་ཡོད།

དབྱེ་ཞིབ་པ་ཚོས་འཇིགས་སྐུལ་བརྙན་ཐུང་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་ཁ་ཆེ་འཇིགས་སྐུལ་བའི་དཀའ་རྙོག་གླེང་སློང་མ་བྱས་སྔོན་ནས་བཏོན་ཞིག་ཡིན་སྐོར་བརྗོད་འདུག ཡུ་གུར་མི་མང་གིས་འཇིགས་སྐུལ་བརྙན་ཐུང་དེའི་སྐོར་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག འཇར་མན་གྲོང་ཁྱེར་མུ་ནེ་ཆ་ (Munich) ནང་རྟེན་གཞི་བྱས་ཡོད་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ (WUC) ཀྱི་སྤྱི་ཁྱབ་དྲུང་ཆེ་ཌོལ་ཀུན་ཨེ་ས་ (Dolkun Isa) ལགས་ཀྱིས། “བརྙན་ཐུང་དེའི་ནང་གི་དྲག་སྤྱོད་པ་དེ་དག་ཡུ་གུར་མི་མང་གི་འཐུས་ཚབ་མ་རེད། ཡུ་གུར་ཁ་ཆེ་བ་ཚོའི་ཁྲོད་ (IS) ཁ་ཆེ་འཇིགས་སྐུལ་ཤོག་ཁག་ལ་མཉམ་འབྲེལ་བྱེད་མཁན་གཅིག་ཀྱང་ཡོད་པ་མ་རེད།” ཅེས་བརྗོད་འདུག

འཛམ་གླིང་ཡུ་གུར་ལྷན་ཚོགས་ཞེས་པ་དེ་ནི་ཕྱིའི་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་མཁན་ཡུ་གུར་བ་ཁག་ཅིག་གིས་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན།

མ་རྩོམ་འབྲེལ་ཐག http://www.scmp.com/week-asia/geopolitics/article/2079542/what-do-islamic-state-and-tibet-have-do-chinas-crackdown

 

 

འབྲེལ་ཡོད་གསར་འགྱུར།

Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

སྐར་མ ༡༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese