གལ་ཏེ་དེ་རིང་རྒྱ་ནག་གི་མགོ་ཁྲིད་ཟུར་པ་ཏིན་ཞའོ་ཕིན་འཚོ་བཞུགས་བྱས་ཡོད་ན། ཁོས་ཧོང་ཀོང་ནང་འབྱུང་བཞིན་པའི་གནས་སྟངས་དེ་དག་ག་འདྲ་ཞིག་ལ་མཐོང་སྲིད། འདིར་རྒྱ་ནག་ལྷོ་ཕྱོགས་ཆ་འཕྲིན་གསར་འགོད་པ་ཊཱམ་མཱི་ཊཱམ་གྱི་ཚོར་སྣང་བརྗོད།
འདས་པའི་གཟའ་འཁོར་ཁ་ཤས་ནང་ནང་ང་ཚོས་གནས་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཐོང་ཡོད། མགོ་ཁྲིད་ཟུར་པ་ཌོ་ནལ་ཚཱང་ཡཱམ་ཀཱུཎ་ (Donald Tsang Yam-Kuen སྐུ་ཞབས་ཁོང་ནི་ཐེངས་འདིའི་ཧོང་ཀོང་སྤྱི་ཁྱབ་འོས་མིར་བཞེངས་མཁན་དེ་ཡིན།) གྱིས་མི་མང་གཞུང་ལས་ཁང་དུ་མི་འོས་པའི་བྱ་སྤྱོད་སྤེལ་སོང་ཞེས་བཙོན་འཇུག་བྱས། ༢༠༡༤ ལོའི་ཧོང་ཀོང་དམངས་གཙོའི་ལས་འགུལ་བ་ཚོར་རྡུང་རྡེག་གཏོང་མཁན་ཉེན་རྟོག་པ་ ༧ ལོ་གཉིས་རིང་བཙོན་འཇུག་བྱས། གནད་དོན་དེར་ཧོང་ཀོང་གི་ཉེན་རྟོག་པ་མང་པོས་ངོ་རྒོལ་བྱས་ཡོད་པ་དང་། ངོ་རྒོལ་དེ་ནི་ཉེན་རྟོག་པ་དེ་འདྲ་མང་པོ་ཞིག་གིས་ལྷན་དུ་ངོ་རྒོལ་བྱས་པ་འཛམ་གླིང་ནང་ཆེས་ཐོག་མ་དེ་ཆགས་ཡོད
ད་དུང་གནད་དོན་གཞན་ཞིག་ནི། ཆབ་སྲིད་སྐོར་གྱི་བགྲོ་གླེང་འདྲ་མིན་བཙུགས་ཏེ་ཧོང་ཀོང་སྐོར་ལ་གླེང་སློང་སྣ་ཚོགས་བྱས། བགྲོ་གླེང་སྟེང་ཞུགས་མཁན་ཚོས་གལ་སྲིད་ཟླ་རྗེས་མར་འོས་བསྡུའི་ལམ་ནས་བདམས་ཐོན་བྱུང་བའི་མི་སྣ་སྲིད་གཞུང་གིས་མི་མང་གི་མགོ་ཁྲིད་དུ་མ་བསྐོས་ཚེ། ཧོང་ཀོང་གི་རྩ་ཁྲིམས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་ཅེས་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད། གང་ཡིན་ཟེར་ན། ཁོང་ཚོ་རྒྱ་ནག་དབུས་གཞུང་གིས་འོས་འདེམ་བྱས་པའི་མགོ་ཁྲིད་ལ་ཡིད་ཆེས་མེད།
རྒྱ་ནག་གི་དབུ་ཁྲིད་གཙོ་བོ་ཞིག་འདས་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་དེ་རྒྱ་ནག་གི་མི་མང་པོ་ཞིག་གིས་ཤེས་རྟོག་མ་བྱུང་བར་ཁུ་སིམ་མེར་རྫོགས་སོང་། དངོས་གནས་བྱས་ན། གནས་ཚུལ་དེ་ནི་གསར་འགྱུར་དག་གི་མགོ་རྗོད་ཆགས་དགོས་པ་ཞིག་རེད། ༡༩༩༧ ལོའི་ཟླ་ ༢ པའི་ཚེས་ ༡༩ ཉིན་ཏིན་ཞའོ་ཕིན་འདས་གྲོངས་སུ་ཕྱིན་ཡོད། ཁོ་བོའི་བུ་མོས་བརྗོད་ན། དབྱིན་གཞུང་གིས་ ༡༩༩༧ ལོའི་ཟླ་ ༧ པའི་ཚེས་ ༡ ཉིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་རྒྱུའི་ཐོག སྐབས་དེར་ཏིན་ཞའོ་ཕིན་གྱིས་བསམ་བློ་མང་པོ་བཏང་སྟེ། དུས་རྒྱུན་ཧོང་ཀོང་གི་ས་ཁྲར་མིག་གཅེར་བསྡད་པ་མ་ཟད། དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་པའི་ཉིན་མོ་ནམ་ཤར་ལ་ཉིན་ཞག་བརྩིས་ནས་བསྡད་པ་རེད། གང་ཡིན་ཟེར་ན། ཁོ་མ་ཤི་གོང་ལ་ཧོང་ཀོང་གི་ས་ཐོག་ལ་ཐེངས་གཅིག་འགྲོ་ན་འདོད་ཀྱི་ཡོད་པ་རེད་ཟེར།
ཌོ་ནལ་ཚཱང་གི་ཕམ་ཁ་དེ་ཧོང་ཀོང་རྩ་ཁྲིམས་ཀྱི་སྟངས་འཛིན་ལ་རྒྱལ་ཁ་རེད།
སྐུ་ཞབས་ཌོ་ནལ་ཚཱང་ལགས་ཀྱིས་ཧོང་ཀོང་ནི་མཚམས་མེད་པར་འགྱུར་བ་འགྲོ་རྒྱུ་དང་། དབྱིན་གཞུང་འོག་ནས་ཧོང་ཀོང་གི་སྲིད་དབང་གཙང་མ་རྒྱ་ནག་གིས་གཟུང་རྒྱུ་ཡིན་པ་བསམ་བློར་འཁོར་མྱོང་ཡོད་མེད་གང་ལྟར་ཡང་། ཁོས་ངོ་ལོ་བཅུ་ཕྲག་གཉིས་སྔོན་ལ་ལས་གནས་ནས་དགོངས་པ་ཞུ་སྐབས། མ་འོངས་པར་མཐོང་བར་འདོད་པ་ནི་ཧོང་ཀོང་གི་ཞི་བདེ་ལྷིང་འཇགས་ཅན་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་དེང་སང་ཧོང་ཀོང་གི་གནས་སྟངས་ནི་དེ་ལས་ལྡོག་སྟེ། ཟིང་ཆ་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་བཞིན་ཡོད། ཧོང་ཀོང་ནང་བྱུང་བའི་གནས་ཚུལ་དེ་དག་གིས་གནད་དོན་གཉིས་ང་ཚོ་དྲན་གསོ་བྱེད་ཀྱིན་ཡོད། དེ་ནི་ཧོང་ཀོང་གི་རང་དབང་ཁྲིམས་ཞིབ་ལྷན་ཁང་ཆབ་སྲིད་གནོན་ཤུགས་འོག་ཤོར་བཞིན་ཡོད་དམ། ཧོང་ཀོང་གི་གནད་དོན་ཐོག་རྒྱ་ནག་གིས་གང་ཞིག་བྱེད་ཐུབ་པ་དང་གང་ཞིག་བྱེད་དགོས་ཀྱི་ཡོད་དམ།
དེ་སྔ་ཧོང་ཀོང་ལ་ཁྲིམས་ཀྱི་འགྲོ་སྟངས་གཞན་ལ་ངོམ་ཆོག་པ་ཞིག་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་དེང་སང་ཧོང་ཀོང་གི་ཁྲིམས་ཞིབ་ལྷན་ཁང་གིས་ཤེས་དགོས་པ་ཞིག་ནི། རྒྱལ་ཁབ་གཅིག་ལ་ཁྲིམས་ཀྱི་ལམ་ལུགས་གཉིས་ཡོད་ཚེ་ཁྲིམས་སྟངས་འཛིན་བྱེད་མཁན་ཚོར་ཆབ་སྲིད་གནོན་ཤུགས་ཡོད་ཡོད་པ་ཡིན་པ་དེ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ཧོང་ཀོང་བས་འདོད་ཀྱང་རུང་ལ་མ་འདོད་ཀྱང་རུང་། གང་ལྟར། ཁོང་ཚོས་ཤེས་དགོས་པ་ནི། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་སྟབས་རྒྱ་ནག་གིས་པེ་ཅིན་གཞུང་ནི། དུས་གཏན་དུ་ཧོང་ཀོང་གི་ཁྲིམས་ལུགས་སྟངས་འཛིན་བྱེད་མཁན་གྱི་མགོ་ཁྲིད་དེ་ཁོ་ན་ཉིད་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་དེ་ཡིན།
དྲང་པོར་བཤད་ན། ༡༩༨༠ ལོར་ཏིན་ཞའོ་ཕིན་གྱིས་ཧོང་ཀོང་༡༩༩༧ ལོར་རྒྱ་ནག་གི་པང་དུ་བསླེབས་རྗེས་ཁོང་ཚོར་ “དུས་ནམ་ཡང་ང་ཚོས་མགོ་བཏགས་ཞུ་མི་ཉན།” གལ་ཏེ་མགོ་བཏགས་ཞུས་ན་རྒྱ་ནག་གཞུང་དང་ཧོང་ཀོང་གཉིས་བར་ཛ་དྲག་གི་གནས་ཚུལ་འབྱུང་ངེས་ཞེས་བཤད་ཡོད་འདུག འོན་ཀྱང་། ཏིན་ཞའོ་ཕིན་གྱིས་ཅིའི་ཕྱིར་ཧོང་ཀོང་ལ་དམིགས་བསམ་གྱི་རྣམ་པ་གསར་པ་ཞིག་བསྟན་པ་ཡིན་ནམ། གལ་སྲིད་ལོ་རྒྱུས་ནི་མེ་ལོང་ཞིག་ཡིན་ན། ང་ཚོས་ལོ་རྒྱུས་རིང་པོ་བཤད་སྡོད་པ་ལས་ལེའུ་གཅིག་ལ་འཁྱུག་ཙམ་བལྟས་ན་དོན་དག་མང་པོ་ཞིག་གསལ་པོ་ཆགས་ངེས་རེད།
༡༩༨༠ ལོར་དབྱིན་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་ཇི་ལྟར་རྩིས་སྤྲོད་རྩིས་ལེན་བྱེད་སྟངས་ལ་གོ་བསྡུར་བྱེད་སྐབས། རྒྱ་ནག་གི་སྐུ་ཚབ་ཧུན་ཧྭ་(Huang Hua)དང་ཀིན་པའོ་(Geng Biao)གཉིས་ཀྱི་སྐད་ཆ་བཤད་སྟངས་ལ་ནོར་འཁྲུལ་ཤོར་བར། ཏིན་ཞའོ་ཕིན་ཁྲོས་ཏེ་ཁོ་གཉིས་ལ་བཀའ་སྐྱོན་བཏང་ཡོད། ཁོ་གཉིས་ཀྱིས་ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲད་རྗེས་ཧོང་ཀོང་དུ་རྒྱ་ནག་གི་བཅིང་གྲོལ་དམག་འཇོག་དགོས་དོན་མེད་ཅེས་བཤད་ཡོད། ཏིན་གྱིས་ “ཧུན་ཧྭ་དང་ཀིན་པའོ་གཉིས་ཀྱིས་བཤད་པའི་སྐད་ཆ་ནི་སྙིང་པོ་མེད་པའི་སྐད་ཆ་རེད། ༡༩༩༧ ལོའི་རྗེས་ནས་ཧོང་ཀོང་ལ་དམག་སྒར་འཛུགས་རྒྱུ་ཡིན། དེས་རྒྱལ་ཁབ་གང་ཞིག་རང་བཙན་གཙང་མ་ཡིན་པ་མཚོན་གྱི་ཡོད།” ཅེས་གསལ་བཤད་བྱས་ཡོད། འོན་ཀྱང་། ཧོང་ཀོང་ཐོག་འཛིན་པའི་རྒྱ་ནག་དཔོན་རིགས་ཚོའི་གུ་ཡངས་བསམ་བློ་དེ་ ༡༩༨༩ ལོར་གློ་བུར་དུ་འགྱུར། གང་ཡིན་ཟེར་ན། སྐབས་དེར་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་བ་རེད།
དབྱིན་ཡུལ་གྱིས་ཧོང་ཀོང་ནང་རྒྱ་ནག་གི་དམག་མི་ཕོན་ཆེན་པོ་མི་གཏོང་རྒྱུར་ཐབས་ཤེས་ཡོད་དགུ་བྱས་ཡོད། དེ་ནི་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་པའི་རྗེས་ལ་རྒྱ་ནག་གི་དམག་མི་མང་པོ་ཧོང་ཀོང་ནང་བཞག་ན་ཧོང་ཀོང་མི་མང་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་མཐོང་ཡོད། དེར་རྒྱ་གཞུང་གིས་ཀྱང་བསམ་ཤེས་བྱས་ཏེ། མ་འོངས་པ་ཧོང་ཀོང་ནང་རྒྱ་ནག་གི་བཅིངས་གྲོལ་དམག་མིའི་དམག་སྒར་ཆེན་པོ་མི་འཛུགས་རྒྱུའི་ཁས་ལེན་བྱས་ཡོད། དེར་བརྟེན། ལོ་ངོ་ ༢༠ རིང་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཆེ་ཁག་ཧོང་ཀོང་ནང་ལྟ་སྐོར་སྐབས་མི་མང་གིས་དམག་ཆས་གྱོན་པའི་དམག་མི་རེ་ཟུང་མཐོང་བ་མ་གཏོགས། རྒྱུན་ལྡན་འཚོ་བའི་ནང་ཧོང་ཀོང་བས་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཧོང་ཀོང་གི་གཞུང་ལམ་ཁག་ཏུ་མཐོང་མྱོང་མེད།
ཧོང་ཀོང་ནང་རྒྱ་ནག་གི་ས་ཁུལ་གཞན་དག་ལྟར་རྒྱ་གཞུང་གི་དབང་ཤུགས་ཆེན་པོ་མ་ཐེབས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་དམག་མི་མེད་པས་ཡིན་པ་ཤེས་དགོས། སྤྱིར་ཏིན་ཞའོ་ཕིན་ལ་ཆ་བཞག་ན་ཚུར་ལེན་པའམ་ཡང་ན་འཕྲོག་པ་ནི། དམིགས་ཡུལ་གང་ཞིག་བསྒྲུབ་པའི་ཐབས་ལམ་མ་འདྲ་བ་མ་གཏོགས་ནང་དོན་གཅིག་པ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་རེད། བསམ་བློ་རྒྱ་ཆེན་པོ་ཞིག་བཏང་ན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བཟོས་པ་དེའང་ཚུར་ལེན་པ་འམ། ཡང་ན། བཙན་གྱིས་འཕྲོག་པའི་ལྟ་གྲུབ་ཀྱི་སྒྱུ་རྩལ་ཞིག་རེད། ཧོང་ཀོང་ལ་ཡིད་དབང་འཕྲོག་པའི་ཁྲིམས་ལུགས་ལག་བསྟར་བྱས་ཏེ། ཆབ་སྲིད་སྟངས་འཛིན་རིགས་མངོན་གསལ་བྱེད་ཀྱི་མེད་པ་དེའི་རྒྱབ་ཏུའང་གོང་གི་ལྟ་གྲུབ་དེ་ཡོད་པས་རེད།
ཟུར་མཆན། རྩོམ་ཡིག་འདི་ཟླ་འདིའི་ཚེས་ ༢༧ ཉིན། རྒྱ་ནག་ལྷོ་ཕྱོགས་ཆ་འཕྲིན་(South China’s post)ཐོག་གསར་འགོད་པ་ཊཱམ་མཱི་ཊཱམ་(Tammy Tam)གྱིས་སྤེལ། ཁོ་མོ་ནི་རྒྱ་ནག་ལྷོ་ཕྱོགས་ཆ་འཕྲིན་གསར་འགོད་པ་རྒན་གྲས་དང་། རྩོམ་ཡིག་འདི་ནི་ཁོ་མོ་སྒེར་གྱི་བསམ་ཚུལ་རེད།