ཕྱི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ནས་སྐུ་ལུས་མེར་སྲེག་གནང་མཁན་བོད་མི་དེ་རང་ལོ་ ༣༠ ཙམ་ཡིན་པའི་མི་སྐྱ་ཞིག་རེད་འདུག
གནས་ཚུལ་ཐོན་རིམ་གཉིས་པ།
ད་ལྟ་རང་ཕ་ཡུལ་དཀར་མཛེས་ཉག་རོང་རྫོང་ནས་ཡིན་ཞིང་། རང་ལུས་མེར་སྲེག་གནང་མཁན་ཁོང་གི་གྲོང་ཚོ་གཅིག་པ་བཙན་བྱོལ་དུ་ཡོད་མཁན་དགེ་འདུན་པ་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༥ ཉིན་སྐུ་ལུས་མེར་སྲེག་གནང་མཁན་བོད་མི་དེ་རང་ལོ་ ༣༠ ཙམ་ལ་སོན་པའི་མི་སྐྱ་ཞིག་ཡིན་ཞིང་། ཁོང་ཉག་རོང་ཨ་བསེ་འབྲུག་དིལ་ཁོག་བཞི་མདོ་ཤང་ནས་ཡིན་འདུག
རྒྱ་ནག་གཞུང་གིས་ས་གནས་སུ་ཚོགས་འདུ་བསྡུས་ཏེ་ད་ལྟ་གྲོལ་ཙམ་ཡིན་པ་དང་། གནས་ཚུལ་བྱུང་བ་བདེན་པ་བདེན་རྐྱང་ཡིན་ཡང་ཕར་ཕྱོགས་ཀྱི་བདེ་འཇགས་ཆེད་ཞིབ་ཕྲའི་གནས་ཚུལ་ད་དུང་འདྲི་ཕོད་མེད་སྐོར་གསུངས་བྱུང་།
གཞན་ཡང་། གནས་ཚུལ་མཁོ་སྤྲོད་པས་དེང་སང་དཀར་མཛེས་རྫོང་ཐོག་ཏུ་གང་བྱུང་འགྲོ་ཆོག་གི་མེད་པ་དང་། གལ་སྲིད་འགྲོ་དགོས་བྱུང་ཚེ་གྲོང་སྡེ་དང་གྲོང་ཚོ། རྫོང་བཅས་ནས་ཡིག་ཆ་ཁག་གསུམ་བཟོ་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།
གནས་ཚུལ་ཐོན་རིམ་གསུམ་པ། སྐབས་དེར་ཡུལ་དངོས་སུ་ཡོད་མཁན་ཚོས་བཤད་ན། སྐར་མ་གཉིས་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ཏེ། ཁོང་གི་ལུས་སྟེང་གི་མེ་བསད་དེ་བཙན་འཁྱེར་བྱས་ཡོད་པ་དང་། མེ་ཡུན་རིང་འབར་མེད་པས་ཕལ་ཆེར་སྐུ་གྲོངས་མེད་སྐོར་དང་། ད་ལྟའི་ཆར་ས་གནས་ཀྱི་སྐད་འཕྲིན་སོགས་བཀག་སྡོམ་བྱས་མེད་ཀྱང་འགྲོ་འོང་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། པདྨ་མཚོ།