བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་བྱས།
དྲི་བ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པས་བོད་ཀྱི་ཁོར་ཡུག་ཐད་ཕྱག་ལས་གཙོ་བོ་ག་རེ་གནང་གི་ཡོད་པ་རེད།
ལན། ང་ཚོས་ལས་ཀ་གཙོ་བོ་གསུམ་བྱེད་ཀྱི་ཡོད། དང་པོ་བོད་ནང་གི་ཁོར་ཡུག་ག་འདྲ་བྱས་ནས་མུ་མཐུད་དུ་ཡག་པོ་ཉར་ཐུབ་པ་རེད་ཟེར་བ་དེ་རེད། ཡིན་ནའང་། སོ་སོ་མི་ཡུལ་ས་མཐར་ཡོད་དུས་ཕ་ཡུལ་ལ་ཞེ་དྲགས་ཤིག་བྱེད་དགོས་བསམ་ཡང་འདོད་པ་ནང་བཞིན་ཞིག་བྱེད་ཐུབ་ཀྱི་མེད་ཀྱང་། བྱེད་ཐུབ་ཀྱི་མི་འདུག་ཅེས་མ་བསྡད་པར་ག་རེ་བྱེད་ཐུབ་ཀྱི་འདུག་ལབ་དུས། དེང་སང་འཛམ་གླིང་གང་སར་བོད་མཐོ་སྒང་གི་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་རྩོམ་ཡིག་སོགས་ཀྱང་མང་དུ་འགྲོ་བཞིན་ཡོད་སྟབས། ང་ཚོས་དེ་ཚོར་སློབ་སྦྱོང་བྱས་ཏེ་གསར་པ་གང་ཤེས་པ་དེ་སྤྱི་ཡོངས་ཀྱིས་ཤེས་ཐུབ་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། དེ་ནས་བོད་མཐོ་སྒང་འདི་གནད་འགག་ག་འདྲ་ཞིག་ཆགས་ཀྱི་འདུག་ཟེར་བ་དེ་རེད། དེང་སང་འཛམ་གླིང་སྤྱི་ཡོངས་ཀྱི་ཆབ་སྲིད་འགྲོ་སྟངས་ནང་ཁྱེད་རང་ལ་རོགས་པ་བྱས་ན་ང་ལ་ག་རེ་ཕན་གྱི་འདུག་ཟེར་བ་དེ་འདྲ་ཆགས་བསྡད་ཡོད་དུས། ང་ཚོ་བོད་མཐོ་སྒང་གི་གནས་སྟངས་དེ་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་གལ་ཆེན་པོ་ཡིན་པ་སྟོན་ཐུབ་དགོས་པ་རེད། ཡིན་ནའང་། བོད་མཐོ་སྒང་གལ་ཆེན་པོ་རེད་ཅེས་བཤད་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། གལ་ཆེན་པོ་ག་འདྲ་རེད་ཟེར་བ་དེར་དེང་སང་གི་ཚན་རིག་པ་མང་པོ་ཞིག་གིས་བོད་མཐོ་སྒང་འདི་ཆུ་དང་གངས་རིའི་ཐད་ནས་གལ་ཆེན་པོ་ཡིན་པ་དང་། ས་ཡི་མཐོ་ཚད་དང་གནམ་གཤིས་ཀྱི་ཐོག་ནས་གལ་ཆེན་པོ་ཡིན་པ་སོགས་བཤད་པ་ཚང་མ་ཚུར་བསྡོམས་བརྒྱབ་རྗེས། དེ་ལ་ཁ་སྣོན་བྱས་ཏེ་འཛམ་གླིང་སྤྱི་ཡོངས་ལ་བཀྲམ་དགོས་པ་དེ་ང་ཚོའི་ལས་དོན་གཉིས་པ་རེད། ང་ཚོའི་ལས་དོན་གསུམ་པ་དེ་ང་རང་ཚོའི་ས་ཆ་དེ་ང་རང་ཚོས་ངོ་ཤེས་པའི་ཆེད་དུ་བོད་མཐོ་སྒང་འདི་ག་འདྲ་ཡིན་པ་དང་། སེམས་ཅན་ག་རེ་གནས་ཀྱི་ཡོད་མེད། འབྲོག་པའི་གནས་སྟངས་ག་འདྲ་ཡིན་པ། མཐོ་སྒང་ཁོར་ཡུག་འདི་ག་འདྲ་ཡིན་མིན་སྐོར་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དེ་རེད།
དྲི་བ། ཁོར་ཡུག་ཚན་པའི་ངོས་ནས་བོད་ཀྱི་ཁོར་ཡུག་སྐོར་ལ་སྙན་ཐོ་ཞིག་འདོན་གྱི་ཡོད་པ་དེ་ལོ་ལྟར་འདོན་གྱི་ཡོད་པ་རེད་དམ།
ལན། སྙན་ཐོ་དེ་ལོ་རྟག་པར་འདོན་གྱི་ཡོད་པ་མ་རེད། སྔོན་མ་ཡིན་ན་དེང་སང་ནང་བཞིན་ཉིན་རེའི་གནས་ཚུལ་རྣམས་རྙེད་བདེ་བོ་མེད་དུས། གནས་ཚུལ་མང་པོ་ཞིག་བསྡུ་རུབ་བྱས་རྗེས་ང་ཚོས་པར་སྐྲུན་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་བཟུང་བདུན་ཕྲག་གཅིག་གི་སྔོན་གྱི་གནས་ཚུལ་དེ་ད་ལྟ་རྙིང་པ་ཆགས་བསྡད་པ་དེ་འདྲ་ཡིན་དུས། ང་ཚོས་ལས་ཀ་བྱེད་སྟངས་ལ་འགྱུར་བ་བཏང་ནས་སྐབས་དང་དུས་ལ་བསྟུན་ཏེ་རྩོམ་ཡིག་སྤེལ་བཞིན་ཡོད། ད་ལོའི་འཁྲུངས་སྐར་དང་བསྟུན་ཏེ་ང་ཚོས་༧གོང་ས་མཆོག་ནས་ཤ་ཟ་མི་ཉན་པ་དང་པགས་རིགས་གྱོན་མི་རུང་བ། དེ་བཞིན་གནམ་གཤིས་འགྱུར་ལྡོག་སྐོར་གྱི་བཀའ་སློབ་རིམ་ཕེབས་རྣམས་ཕྱོགས་བསྡུས་ཀྱིས་དེབ་ཅིག་པར་བསྐྲུན་བྱེད་ཀྱི་ཡོད། དེ་ནས་བོད་ནང་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཚོ་ཚང་མ་ཕྱོགས་བསྡུས་བྱས་ཏེ། མ་འོངས་པར་ཉམས་ཞིབ་བྱེད་མཁན་བྱུང་ནའང་ལྟ་ས་ཡོད་པ་དང་། ཡིག་ཐོག་ཏུ་ཚད་དང་ལྡན་པའི་ཐོག་ནས་ལྷག་པའི་ཆེད་དུ་དེབ་ཅིག་འདི་ལོའི་ཕྱི་ཟླ་དགུ་པ་བཅུ་པ་ཙམ་ལ་འདོན་ཐུབ་པའི་རེ་བ་རྒྱག་གི་ཡོད།
དྲི་བ། རྒྱལ་སྤྱིའི་ཞིབ་འཇུག་སྙན་ཐོ་ཁག་ལ་བལྟས་པ་ཡིན་ན། བོད་ནང་གི་ཁོར་ཡུག་གི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་དང་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་བརྗོད་ཀྱི་འདུག རྣམ་པ་ཚོས་ཞིབ་འཇུག་གནང་སྐབས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཛ་དྲག་ཤོས་དེ་ག་རེ་ཆགས་ཀྱི་འདུག
ལན། དྲི་བ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཁྱེད་རང་གི་དྲི་བ་དེར་མི་དེ་སུ་ཡིན་མིན་གྱི་ཐོག་ནས་ལན་རྒྱག་སྟངས་ཀྱང་མ་འདྲ་བ་ཡོང་གི་རེད། ང་རང་བོད་མི་ཞིག་དང་བོད་ཀྱི་མ་འོངས་པའི་གནས་སྟངས་ལ་སེམས་འཁུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྒྱུན་རིང་པོར་བོད་མཐོ་སྒང་གི་ཁོར་ཡུག་གནས་སྟངས་སྐོར་ལ་ཉམས་ཞིབ་བྱས་ཏེ་ཚོར་སྣང་ག་རེ་བྱུང་སོང་ཟེར་ན། བོད་ཀྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བའི་གནད་དོན་དེ་ཧ་ལས་པའི་ཛ་དྲག་ཆེ་ཤོས་དང་། མ་འོངས་པར་བོད་མཐོ་སྒང་ལ་དཀའ་ངལ་ཆེ་ཤོས་སྤྲོད་མཁན་ཞིག་ཆགས་ས་རེད་བསམ་གྱི་འདུག དེ་ག་འདྲ་ཆགས་ཀྱི་འདུག་ལབ་ན། ང་རང་ཚོ་བོད་ཀྱི་ལོ་རྒྱུས་ནང་བལྟས་པ་ཡིན་ན་སྟོད་མངའ་རིས་སྐོར་གསུམ་གྱི་ད་ལྟའི་གནས་སྟངས་དེ་འདས་པའི་ལོ་རྒྱུས་ནང་ཆགས་སོང་བ་ཞིག་རེད་མ་གཏོགས་ཐོག་མ་ཉིད་ནས་བྱེ་ཐང་དང་ས་རྒོད་ཅིག་མ་རེད། རྩྭ་ཐང་དེ་ཉམས་ནས་རིམ་གྱིས་བྱེ་ཐང་དུ་འགྱུར་སོང་ན་མིའི་འཚོ་བ་དང་དཔལ་འབྱོར། རིག་གནས་སོགས་ཡོངས་སུ་རྫོགས་པ་ཉམས་འགྲོ་ཡི་ཡོད་པ་རེད། ད་ལྟའི་ཆར་བོད་མདོ་སྨད་ཀྱི་ས་ཆ་ཕལ་ཆེ་བ་དང་མདོ་སྟོད་ཀྱི་ཆ་ས་མང་པོ་ཞིག་རིམ་གྱིས་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་རེད། ཞིབ་འཇུག་པ་ཚོས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་མཚོ་སྔོན་ཞིང་ཆེན་ནི་བྱེ་ཐང་དུ་འགྱུར་བ་ཚབས་ཆེ་ཤོས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ལ། བྱེ་ཐང་དུ་འགྱུར་ཚད་སྔར་དང་མི་འདྲ་བར་དཔེ་མི་སྲིད་པའི་ཤུགས་ཆེན་པོ་རེད། རྩྭ་ཐང་དེ་བྱེ་ཐང་དུ་འགྱུར་སོང་ན་མིས་འཚོ་བ་སྐྱེལ་བར་རང་བཞིན་གྱིས་དོ་ཕོག་ཡོང་བ་དང་། མིའི་འཚོ་བ་ལ་དོ་ཕོག་བྱུང་ན་རིག་གནས་སོགས་གང་ཅིའི་ཐད་ནས་རིམ་གྱིས་ཡོངས་སུ་རྫོགས་པ་ཉམས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་མི་འཚོ་སྡོད་བྱེད་ཐུབ་ཀྱི་རེད་དང་མ་རེད་ཟེར་བའི་དཀའ་ངལ་ཞིག་ཆགས་བསྡད་ཡོད་པ་རེད།
དྲི་བ། རྒྱ་ནག་གིས་ཡར་ཀླུང་གཙང་པོ་དང་རྨ་འབྲི་རྫ་བཅས་བོད་ཀྱི་གཙང་པོ་ཆེ་ཁག་ལ་ཆུ་རག་ཧ་ཅང་མང་པོ་རྒྱག་གི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༠༩ ལོའི་རྒྱ་ནག་གི་ཚོགས་འདུ་ཞིག་གི་ཐོག་འབྲི་ཆུར་ཆུ་རག་ ༢༠ ལྷག་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་པ་ལྟར། ད་ལྟའི་ཆར་གོང་བརྗོད་བོད་ཀྱི་ཆུ་བོ་ཆེན་པོ་དག་ལ་ཆུ་རག་ག་ཚོད་ཅིག་བརྒྱབ་དང་རྒྱག་བཞིན་ཡོད་པ་ཤེས་རྟོགས་བྱུང་སོང་།
ལན། ཡར་ཀླུང་གཙང་པོ་ལྟ་བུར་མཚོན་ན་ཆུ་རག་ཆེན་པོ་ ༡༡ རྒྱག་གི་ཡིན་ལབ་ཀྱི་ཡོད་པ་ལྟར། རྫམ་ཆུ་རག་ཆེན་མོ་བརྒྱབ་ཟིན་པ་དང་། གཉིས་རྒྱག་བཞིན་པ་ཡིན་དུས་ཆུ་རག་ལྔ་ཞིག་རྒྱག་རྒྱུ་ཡིན་པ་དེ་གསལ་པོ་ཆགས་བསྡད་ཡོད་པ་རེད། དེ་ནས་འབྲི་ཆུ་ནི་ཆུ་རག་མང་ཤོས་ཤིག་ཆགས་ཡོད་པ་དང་། ཆུ་རག་དེ་ཚོ་གསར་པ་གང་ཡང་མིན་པར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་སྟེ་ཆུ་རག་ཕོན་ཆེན་བརྒྱབ་ཡོད་པ་དང་། དམིགས་བསལ་གྱིས་ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་དུ་དཔེ་མི་སྲིད་པའི་ཆུ་རག་ཆེ་ཆུང་འདྲ་མི་འདྲ་མང་པོ་ཞིག་བརྒྱབ་ཡོད་པ་རེད། ཡིན་ནའང་། ཕྱིས་སུ་ཆུ་རག་ཙག་གི་ཙིག་གི་མ་ཡིན་པར་དེ་སྔོན་བོད་ནང་རྒྱག་མྱོང་མེད་པའི་ཆུ་རག་ཧ་ལས་པ་ཆེན་པོ་དེ་འདྲ་རྒྱག་བཞིན་ཡོད་པ་རེད། དཔེར་ན། འབྲི་ཆུར་སྨར་ཁམས་དང་འབའ་ཐང་གཉིས་ཀྱི་བར་དུ་བོད་ནང་གི་ཆུ་རག་ཆེ་ཤོས་ཤིག་རྒྱག་རྒྱུ་ཐག་བཅད་ཚར་བ་རེད། དེ་བཞིན་ཉག་རོང་གི་ས་ཆ་ཞིག་ཏུ་འབྲོག་པ་མང་པོ་གནས་སྤོར་བཏང་སྟེ་ཆུ་གཉིས་འདུས་མདུད་ཅིག་ཏུ་ཆུ་རག་ཆེན་པོ་ཞིག་རྒྱག་བཞིན་ཡོད་ལ། མ་འོངས་པར་ཆུ་རག་དེ་ནས་རྒྱ་ནག་བྱང་གི་ཕྱོགས་སུ་ཆུ་འདྲེན་རྒྱུ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད། གཞན་ཡང་རྨ་ཆུ་ལྟ་བུ་ཡིན་ན་སྔོན་མ་ནས་ཆུ་རག་མང་པོ་ཞིག་བརྒྱབ་ཡོད་པ་རེད་དེ་ཕྱིས་སུ་རྨ་ཆུ་ཁོ་རང་ཆུང་ཆུང་ཞེ་དྲགས་ཆགས་ཡོད་དུས། ཆུ་རག་གསར་པ་མང་པོ་རྒྱག་པའི་ནུས་པ་མེད་བསྡད་པ་འདྲ་བོ་ཞིག་ཆགས་ཡོད་པ་རེད། རྒྱལ་མོའི་དངུལ་ཆུ་དང་རྫ་ཆུར་དེ་སྔོན་ཆུ་རག་ཞེ་དྲགས་རྒྱག་གི་མེད་ཀྱང་ཕྱིས་སུ་དེ་གཉིས་ལའང་ཆུ་རག་དཔེ་མི་སྲིད་པའི་ཕོན་ཆེན་པོ་རྒྱག་པའི་བསམ་བློ་ཡོད་པ་ཞིག་རེད། གང་ཡིན་ཟེར་ན། རྒྱ་ནག་ལྷོ་ཡི་ཕྱོགས་ལ་ཆུ་འབེལ་པོ་དང་བྱང་གི་ཕྱོགས་ལ་ཆུ་དཀོན་པོ་ཡིན་དུས། བོད་ཀྱི་ཆུ་ཡོངས་རྫོགས་ཁ་བསྒྱུར་མ་ཐུབ་ཀྱང་ཏོག་ཙམ་རིམ་གྱིས་ཁ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་སྤྱི་ཡོངས་ཀྱི་ནང་ཁྱོན་ཆུ་རག་ཁྲི་ ༨ ཙམ་ཡོད་བསམ་སོང་། བོད་ས་ཡོངས་སུ་ཁྱོན་ཆུ་རག་ག་ཚོད་ཅིག་ཡོད་མེད་ཀྱི་གྲངས་འབོར་དེ་ཏག་ཏག་མེད་ཀྱང་ཆུ་རག་ཆེ་ཆུང་ ༣༠༠ ལྷག་ཅིག་ཡོད་པ་ཚོད་དཔག་རང་གི་ཐོག་ནས་བཤད་ཀྱི་ཡོད་པ་རེད། ཆུ་རག་ཁ་ཤས་གྲོང་གསེབ་ཁག་ལ་གློག་མཁོ་འདོན་ཙམ་གྱི་ཆེད་དུ་བརྒྱབ་པས་ཧ་ཅང་ཆུང་ཆུང་དེ་འདྲ་རེད། ད་ལྟ་ཆུ་རག་ཚད་མཐོ་བོ་དང་ཆེན་པོ་ཕལ་ཆེར་ཉི་ཤུ་སུམ་ཅུ་ཞིག་མེད་དམ་བསམ་པ་ཞིག་འདུག
དྲི་བ། ད་ལྟའི་ཆར་ལོ་ནས་ལོ་རིམ་བསྟུད་ཀྱིས་གཏེར་ཁ་སྔོག་འདོན་བྱེད་ཁུལ་གཞི་རྒྱ་ཆེ་ཤོས་དེ་ཚོ་བོད་ཀྱི་ས་ཁུལ་གང་དང་གང་དུ་ཡོད་པ་དང་། རོབ་རྩིས་བྱས་ན་ག་ཚོད་ཅིག་འདུག དེ་དག་ནས་གཏེར་རིགས་གཙོ་བོ་ག་རེ་འདོན་གྱི་ཡོད་པ་རེད།
ལན། བོད་ནང་གི་གཏེར་རིགས་སྔོག་འདོན་གཙོ་བོ་དེ་ཟངས་ཆགས་ཡོད་པ་དང་། བོད་མཐོ་སྒང་དུ་ཟངས་འབེལ་པོ་དང་ཟངས་ཡག་པོ་ཞེ་དྲགས་ཡོད་པ་རེད། དཔེར་ན་ལྷ་སའི་ཐག་ཉེར་རྒྱ་ནག་གཏེར་ཚིགས་དང་། ཆབ་མདོར་གཡུ་ལུང་གཏེར་ཚིགས། གཞིས་ཀ་རྩེ་བཞད་མཐོང་སྨོན་གཏེར་ཚིགས་སོགས་སུ་ཟངས་རང་འདོན་གྱི་ཡོད་པ་དང་། ཞོར་དུ་གཏེར་རིགས་གཞན་མང་པོ་རང་བཞིན་གྱིས་ཐོན་ཡོང་གི་ཡོད་པ་རེད། ད་ལྟའི་ཆར་བོད་ནང་ལོགས་ནས་རྡོ་སོལ་དང་གཏེར་ཁ་མང་པོ་སྔོག་འདོན་བྱེད་ས་རྒྱ་ཆེ་ཤོས་དང་དུས་ཡུན་རིང་ཤོས་དེ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་ཆགས་ཡོད་པ་རེད། ཀན་སུའུ་དེ་རྡོ་སོལ་གཏེར་ཁ་འབེལ་ཤོས་ཡིན་པའི་སྐད་གྲགས་ཡོད་པ་རེད། དེ་ནས་བོད་རང་སྐྱོང་ལྗོངས་ཀྱི་ནང་གཏེར་ཚིགས་མང་པོ་ཡོད་པ་རེད། སི་ཁྲོན་གྱི་ནང་དེ་ཙམ་གྱིས་མང་པོ་མེད་པ་འདྲ་པོ་རེད།
དེང་སང་གཏེར་ཁ་སྔོག་འདོན་བྱེད་སྟངས་ལ་ཏོག་ཙམ་འགྱུར་བ་ཕྱིན་ཡོད་པ་རེད། སྔོན་མ་ཡིན་ན་རྒྱ་རིགས་སྣ་ཚོགས་ཡོང་སྟེ་གང་སར་གཏེར་ཁ་བསྔོགས་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་གཞུང་གིས་གཏེར་ཁར་དོ་དམ་ནན་པོ་བྱས་པར་བརྟེན། དེང་སང་རྒྱ་རིགས་ཚོང་པ་ཆེན་པོ་དེ་འདྲ་ཡོང་སྟེ་གཏེར་ཁ་གང་བསྔོགས་པ་དེ་དཔེ་མི་སྲིད་པའི་རྒྱ་ཆེན་པོ་དང་། ས་གནས་གཞུང་ལའང་ཁེ་བཟང་ཆེན་པོ་ཡོད་པ་ཞིག་ཆགས་འདུག ཡིན་ནའང་། ཕྱི་ལོ་ ༢༠༡༥ ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་བར་སྣང་ལ་དུ་བ་གཏོང་ཚད་ཉུང་དུ་གཏོང་དགོས་པའི་གྲོས་ཆོད་བྱུང་ཡོད་པ་དང་། གྲོས་ཆོད་དེ་ལ་རྒྱ་ནག་དང་ཨ་རི་གཉིས་ཀྱང་མཚན་རྟགས་བརྒྱབ་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གི་པེ་ཅིན་དང་ཧྲང་ཧེ་སོགས་ཀྱི་ནང་དུད་སྨུག་གི་དཀའ་ངལ་ཤུགས་ཆེན་པོ་འཕྲད་ཀྱི་ཡོད་པ་དེ་རྡོ་སོལ་བེད་སྤྱོད་གཏོང་ཚད་མང་དྲགས་པའི་རྐྱེན་གྱིས་བྱུང་གི་ཡོད་ལ། མི་མང་གི་ངོ་རྒོལ་མང་ཆེ་བ་ཞིག་ཁོར་ཡུག་གི་དཀའ་ངལ་དང་འབྲེལ་ནས་ཡོང་གི་ཡོད་སྟབས། གཅིག་ནས་དམར་ཤོག་ཚོགས་པས་དབང་ཆ་མཁྲེགས་འཛིན་དང་སྤྱི་ཚོགས་ལྷིང་འཇགས་ཡོང་བར་དམིགས་པ་དང་། གཉིས་ནས་ཁོར་ཡུག་འབག་བཙོག་གིས་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། འཕྲོད་བསྟེན་ལ་དཀའ་ངལ་འཕྲད་ན་དཔལ་འབྱོར་ཡར་རྒྱས་འགྲོ་བར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པར་བརྟེན། རྡོ་སོལ་བེད་སྤྱོད་གཏོང་ཚད་ཧ་ཅང་ཉུད་དུ་འགྲོ་བཞིན་ཡོད་པ་གསལ་པོ་གསལ་རྐྱང་རེད། ད་ལྟ་རྒྱ་ནག་གིས་རྡོ་སོལ་གྱི་ཚབ་ཏུ་ཉི་འོད་ནུས་པ་དང་ཆུ་ནུས། རླུང་ནུས་བཅས་བེད་སྤྱོད་གཏོང་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
དྲི་བ། རྣམ་པ་ཚོས་ལོ་མང་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། བོད་མཐོ་སྒང་དུ་མེ་འཁོར་ལྕགས་ལམ་དང་མྱུར་སྐྱོད་གཞུང་ལམ། གནམ་གྲུ་ཐང་གསར་རྒྱག་ཤུགས་ཆེན་བྱེད་བཞིན་པ་དེས་བོད་ལ་ཕན་པ་དང་གནོད་པ་ག་རེ་བཟོ་ཡི་འདུག
ལན། ངས་མཚམས་རེར་འདི་འདྲ་བཤད་ཀྱི་ཡོད། རྒྱ་གར་ལ་མཚོན་ན་གྲོང་གསེབ་ག་བར་ཕྱིན་པ་ཡིན་ནའང་ལམ་ག་གྲོང་གསེབ་ལ་ཕར་ཕྱིན་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གིས་བོད་ནང་བཟོས་པའི་ལམ་ཀ་དེ་ཚོ་གྲོང་གསེབ་ལ་ཕར་མ་ཕྱིན་པར་གྲོང་གསེབ་ཁག་ཚུར་ལམ་ཀ་ལ་སྤོར་བཅུག་གི་ཡོད་པ་རེད། སྔོན་མར་ཁམས་ཀྱི་ཕྱོགས་ནས་གཞུང་ལམ་གཉིས་དང་མཚོ་སྔོན་གྱི་ཕྱོགས་ནས་གཞུང་ལམ་གསུམ། ལྷ་ས་ནས་མངའ་རིས་ལ་འགྲོ་བའི་གཞུང་ལམ་གཅིག་བཅས་བོད་ལ་གཞུང་ལམ་དྲུག་ཙམ་མ་གཏོགས་ཡོད་པ་མ་རེད། འོན་ཀྱང་། ཕྱི་ལོ་ ༢༠༠༨ ཀྱི་རྗེས་སུ་འགྱུར་བ་ཡག་པོ་ག་རེ་ཕྱིན་ཡོད་པ་རེད་ལབ་ན། བོད་ཀྱི་ས་ཁུལ་ཚང་མར་ལམ་ཀ་བཟོ་བ་དང་ལམ་ཀ་ཡག་ཏུ་བཏང་སྟེ་སྣུམ་ལམ་བཟོས་པ་དེ་ནི་ཡག་པོ་ཞེ་དྲགས་རེད་བསམ་གྱི་འདུག གང་ཡིན་ཟེར་ན། མི་འགྲོ་འདུག་བདེ་བོ་ཆགས་ན་ག་རེ་ཡིན་ནའང་ཡག་པོ་ཆགས་ཀྱི་རེད། བོད་ས་དེ་ཞིང་ལྗོངས་ལྔ་ཡི་ནང་བགོ་བཤའ་བརྒྱབ་ཡོད་དུས་སྤྱི་ཡོངས་ནས་ཁུལ་རེ་རེའི་ནང་གནམ་ཐང་གཅིག་རེ་དང་། ཁུལ་ཆེ་ཁག་ལ་གནམ་ཐང་གཉིས་རེ་བཟོ་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་འགྲོ་འདུག་བདེ་རུ་གཏོང་བཞིན་ཡོད་པ་དེ་མི་མང་གི་འགྲོ་འདུག་བདེ་རུ་གཏོང་ཆེད་རེད་དམ། ཡང་ན་གནད་དོན་གཞན་ཞིག་གི་ཆེད་དུ་རེད་ཟེར་ན། དཔེར་ན་མེ་འཁོར་ལྕགས་ལམ་བཟོས་པ་དེས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་འཛིན་སྐྱོང་སྟབས་བདེ་རུ་གཏོང་བ། དམག་མི་དབོར་འདྲེན་བྱེད་པ་སོགས་དམིགས་ཡུལ་མང་པོ་ཡོད་རྒྱུ་རེད། འགྲོ་སོང་ཕོན་ཆེན་བཏང་དུས་དམིགས་ཡུལ་གཅིག་རང་ཆགས་ཀྱི་མ་རེད། ཡིན་ནའང་། ང་ཚོས་དེའི་ནང་ནས་གཅིག་ག་རེ་ཤེས་ཀྱི་ཡོད་པ་རེད་ལབ་ན། མེ་འཁོར་ལྕགས་ལམ་བཟོས་ཏེ་གཏེར་ཁ་སྔོག་འདོན་ཤུགས་ཆེ་རུ་གཏོང་ཐུབ་པ་དང་ཁེ་བཟང་ཆེ་རུ་འགྲོ་ཡི་ཡོད་པ་རེད། གང་ཡིན་ཟེར་ན། གཏེར་ཁ་སྔོག་འདོན་གྱི་ཁེ་བཟང་མང་ཤོས་དེ་དབོར་འདྲེན་ནས་ཡོང་གི་ཡོད་པ་དང་། དབོར་འདྲེན་ཡག་པོ་མེད་ན་འགྲོ་སོང་ཆེན་པོ་ཆགས་ཏེ་ཁེ་བཟང་ཞེ་དྲགས་མེད་པར་བརྟེན། བོད་ལ་མེ་འཁོར་ལྕགས་ལམ་བཟོས་རྗེས་བོད་ནས་བསྔོགས་པའི་གཏེར་ཁ་རྣམས་ལམ་སང་རྒྱ་ནག་ནང་དབོར་འདྲེན་བྱེད་ཐུབ་ཀྱི་ཡོད་པ་དང་། གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེས་ཁོར་ཡུག་ལ་རང་བཞིན་གྱིས་དོ་ཕོག་ཡོང་གི་ཡོད་པ་རེད།
འགྲོ་འདུག་བདེ་བོ་བཟོས་པ་དེས་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༡༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༢༣ བསླེབས་སོང་ཟེར་གྱི་ཡོད་པ་དང་། འདི་ལོར་ས་ཡ་ ༢༧ བསླེབ་ཐུབ་པ་བྱ་རྒྱུ་དང་། ཕྱི་ལོ་ ༢༠༢༠ ལོར་ས་ཡ་ ༣༠ བསླེབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་དམིགས་ཡུལ་དེ་བཟུང་ཡོད་པ་རེད། དེ་འདྲ་ཡིན་དུས། བོད་རང་སྐྱོང་ལྗོངས་ལ་གཏན་སྡོད་མི་འབོར་ས་ཡ་གསུམ་མ་གཏོགས་མེད་ལབ་ཀྱི་ཡོད་པ་དང་། ལོ་གཅིག་ནང་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་ ༣༠ བསླེབ་པ་ཡིན་ན་ཁྱད་པར་ཆེན་པོ་ག་ཚོད་ཤོར་བ་རེད། བོད་ཀྱི་ཐོན་ཁུངས་སོགས་ཀྱིས་ལྕོགས་ཀྱི་རེད་དང་མ་རེད། སྔོན་མ་རྒྱ་དམག་ཕོན་ཆེན་ལྷ་སར་བསླེབས་སྐབས་བཟའ་ཆས་སོགས་ཀྱི་ཐོན་ཁུངས་ཀྱིས་མ་འདང་བར་དཀའ་ངལ་འཕྲད་ཡོད་པ་རེད། མི་མང་དུ་ཕྱིན་ན་རང་བཞིན་གྱིས་ཁོར་ཡུག་ལ་དོ་ཕོག་འགྲོ་ཡི་ཡོད་པ་དང་། ལྷག་པར་དུ་དེང་སང་རྒྱ་ནག་གཞུང་གིས་བོད་ཀྱི་མཚོ་དང་རི་སོགས་སུ་སྤྲོ་འཆམ་ཁུལ་བཟོས་ཏེ། ཡུལ་སྐོར་བ་མང་པོ་འཁྲིད་ཀྱི་ཡོད་པ་དེས་གད་སྙིགས་མང་པོ་བཟོས་ནས་ཁོར་ཡུག་དང་ཆུ་བཙོག་པ་ཆགས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་བསམ་གྱི་འདུག
དྲི་བ། ཁོར་ཡུག་སྲུང་སྐྱོབ་བྱེད་པར་མི་རེ་ངོ་རེ་ནས་ཉིན་རེའི་འཚོ་བའི་ཁྲོད་འགན་ག་འདྲ་འཁུར་དགོས་པ་རེད།
ལན། ང་ཚོ་ཉི་མ་གཅིག་ལ་ཧོབ་ཀྱིས་འཛོམས་ཏེ་ཁོར་ཡུག་གཙང་མ་བཟོས་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་ཡོང་གི་མ་རེད། གང་ཡིན་ཟེར་ན། ཁོར་ཡུག་བཙོག་པ་བཟོ་མཁན་དེ་ལ་བཙོག་པ་བཟོ་བའི་གོམས་གཤིས་དེ་བསྡད་ཡོད་པ་རེད། ང་ཚོས་ག་རེ་བྱེད་དགོས་ཀྱི་འདུག་ཟེར་ན། དེང་སང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་དཔེ་མི་སྲིད་པའི་གོམས་གཤིས་ཡག་པོ་ཞིག་འདུག ཕ་མ་ཚོས་གད་སྙིགས་གང་བྱུང་དུ་གཡུག་ན་དེ་འདྲ་མ་གཡུག་ཟེར་ནས་ཁོར་ཡུག་གཙང་ཉར་གྱི་གོམས་གཤིས་ཡག་པོ་ཞིག་འཇགས་འདུག དེ་འདྲ་ཡིན་དུས་གལ་ཆེ་ཤོས་ཚང་མར་ཁོར་ཡུག་གཙང་མ་ཉར་བའི་གོམས་གཤིས་བཟང་པོ་ཞིག་བསླེབ་དགོས་པ་དེ་རེད། ང་ཚོས་གད་སྙིགས་གཡུག་ན་སྡུག་ཅག་རེད་ལབ་པ་ཙམ་གྱིས་འགྲིག་གི་མི་འདུག གད་སྙིགས་གཡུག་ན་ཁོར་ཡུག་བཙོག་པ་ཆགས་ཀྱི་ཡོད་པ་དང་། ཁོར་ཡུག་བཙོག་པ་ཆགས་ན་ན་ཚ་ཡོང་གི་ཡོད་པ། ན་ཚ་ཡོང་ན་སོ་སོ་ལའང་འཕྲོད་བསྟེན་དཀའ་ངལ་ཡོང་གི་རེད། གང་ལྟར་ཁྱེད་རང་གིས་གད་སྙིགས་བཟོས་པ་དེས་རྗེས་མ་ཁྱེད་རང་ལ་དཀའ་ངལ་ཞིག་འཕྲད་ངེས་རེད་ཅེས་པ་དེ་གསལ་བཤད་ཐུབ་དགོས་ཀྱི་འདུག དེ་ཐུབ་པ་ཡིན་ན་རང་བཞིན་གྱིས་ཚང་མར་འགན་ཞིག་བསླེབ་ཀྱི་ཡོད་སྟབས། ཕ་མ་ཚོས་སོ་སོའི་ཕྲུ་གུར་གོམས་གཤིས་དེ་སྦྱར་ཐུབ་དགོས་པ་དང་། དགེ་རྒན་ཚོས་སློབ་ཕྲུག་ལ་གོམས་གཤིས་དེ་སྦྱར་ཐུབ་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་འདུག
དྲི་བ། ཕྱི་ཟླ་ ༦ ཚེས་ ༥ ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་དུས་རྣམ་པ་ཚོའི་ངོས་ནས་ཉིན་མོ་གལ་ཆེན་འདི་ལ་ག་རེ་གནང་འཆར་ཡོད།
ལན། ང་ཚོ་སྲིད་བྱུས་ཉམས་ཞིབ་ཁང་དུ་འཛུལ་བ་ནས་བཟུང་ལས་འགུལ་སྤེལ་རྒྱུའི་རིགས་དེ་མཚམས་བཞག་པ་རེད། གང་ཡིན་ཟེར་ན། ང་ཚོས་ལས་འགུལ་སྤེལ་བསྡད་པ་ཡིན་ན་ང་ཚོའི་ཉམས་ཞིབ་ཀྱི་རིན་ཐང་དེ་ལ་དོ་ཕོག་ཡོང་གི་ཡོད་པ་རེད། ད་ལྟ་ང་ཚོས་སྐབས་དང་བསྟུན་ཏེ་རྩོམ་ཡིག་སྤེལ་གྱི་ཡོད། དཔེར་ན་ད་ལྟ་ངས་བོད་ནང་དུ་གད་སྙིགས་མང་དུ་ཕྱིན་པའི་དཀའ་ངལ་འདུག་ཟེར་བའི་རྩོམ་ཡིག་ཅིག་བྲིས་ཚར་ཡོད། རྩོམ་ཡིག་འདི་འཛམ་གླིང་ཁོར་ཡུག་ཉིན་མོར་སྤེལ་འཆར་ཡོད། དེ་བཞིན་ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་བོད་ཀྱི་ཁོར་ཡུག་གལ་ཆེན་པོ་ཡིན་པའི་སྐོར་གྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དང་། ཚོགས་འདུ་དེར་རྒྱ་གར་གྱི་མཁས་པ་དེ་འདྲ་སྐད་བཏང་འདུག་ལ། སྐབས་དེར་ང་གཏམ་བཤད་བྱེད་མཁན་ཞིག་ཆགས་བསྡད་ཡོད།
གསར་འགོད་པ། པདྨ་མཚོ།