ཨོ་སི་ཊོ་ལེ་ཡ་ནས་ཧྲང་ཧེ་ལ་འཕུར་བཞིན་པའི་རྒྱ་ནག་གི་གནམ་གྲུ་ཞིག་ལ་ཆག་སྐྱོན་བྱུང་སྟེ་འགྲུལ་བཞུད་པ་རྣམས་ལ་འཇིགས་སྣང་ཆེན་པོ་བྱུང་ཡོད་ཀྱང་མཐའ་མར་ཕྱིར་གནམ་ཐང་དུ་འབབ་ཐུབ་ཙམ་བྱུང་ཡོད་འདུག
སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨོ་སི་ཊོ་ལེ་ཡའི་ཕྱི་དྲོའི་ཆུ་ཚོད་ ༨་༣༠ སྟེང་རྒྱལ་ས་སི་ཌི་ནཱི་(Sydney)ནས་རྒྱ་ནག་ཧྲང་ཧེ་(Shanghai)ལ་འཕུར་བཞིན་པའི་རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་ཨང་རྟགས་(MU736)ཅན་ཞིག་བར་སྣང་ལ་འཕུར་ཏེ་ཅུང་ཙམ་རྗེས་གློ་བུར་དུ་ཆག་སྐྱོན་བྱུང་སྟེ། བསྐྱར་དུ་ཕྱིར་ཨོ་སི་ཊོ་ལི་ཡའི་གནམ་ཐང་དུ་ཛ་དྲག་ཐོག་འབབ་དགོས་བྱུང་འདུག
གནམ་གྲུ་དེའི་ནང་འགྲུལ་བ་མི་ ༢༦༥ ཡོད་པ་དང་། ཁ་སང་ཕྱི་དྲོའི་ཆུ་ཚུད་༨་༣༠ སྟེང་ཨོ་སི་ཊོ་ལེ་ཡའི་རྒྱལ་སའི་གནམ་ཐང་ནས་བར་སྣང་དུ་འཕུར་ཏེ་ཡུན་རིང་མ་འགོར་བར་གནམ་གྲུའི་མདུན་གྱི་འཕྲུལ་འཁོར་ལ་ཆག་སྐྱོན་ཤོར་རྗེས་སྐར་མ་ ༤༠ ནང་ཕྱིར་གནམ་ཐང་དུ་ཛ་དྲག་ཐོག་འབབ་དགོས་བྱུང་ཡོད་པ་དང་། འགྲུལ་སྐྱེལ་གནམ་གྲུ་དེའི་ནང་གི་འགྲུལ་བ་དང་གནམ་གྲུའི་ཁ་ལོ་བ་སོགས་མི་སུ་ལའང་གནོན་སྐྱོན་བྱུང་མི་འདུག
རྒྱ་ནག་གི་འགྲུལ་སྐྱེལ་གནམ་གྲུ་དེའི་ནང་མི་མང་པོ་ཡོད་པའི་ཁྲོད་དབྱིན་ཇིའི་མི་གསུམ་ཡོད་པ་དང་། གནམ་གྲུར་ཆག་སྐྱོན་ཤོར་རྗེས་གནམ་གྲུའི་བདེ་སྲུང་ལས་བྱེད་ཀྱིས་རྒྱ་སྐད་ཐོག་འགྲུལ་བ་རྣམས་ལ་རྐུབ་སྟེགས་སྟེང་གི་ཐག་པས་རང་ཉིད་བཅིང་དགོས་པའི་སྔོན་བརྡ་བཏང་ཡོད་པ་དང་། གནམ་གྲུའི་ནང་གི་འགྲུལ་བ་མང་ཆེ་བས་གནམ་གྲུའི་ནང་བྱ་དངོས་གང་རུང་ཞིག་འཚིག་པ་ལྟ་བུའི་དྲི་མ་ཚོར་རྗེས་གནམ་གྲུར་ཆག་སྐྱོན་བྱུང་ཡོད་པ་ཧ་གོ་ཡོད་པ་དང་། དེ་མ་ཐག་གནམ་གྲུ་དེའི་ཕྱོགས་གཡོན་པའི་སྒེའུ་ཁུང་སར་ཁེལ་བའི་འགྲུལ་བ་ཚོས་གནམ་གྲུའི་ཤོག་པ་གཡོན་པའི་འཕྲུལ་འཁོར་ལ་ཆག་སྐྱོན་ཤོར་ཏེ་དུ་བ་ཐོན་བཞིན་ཡོད་པ་མཐོང་ཡོད་འདུག
གནམ་གྲུའི་མདུན་གྱི་ཤོག་པ་གཡོན་པར་ཆག་སྐྱོན་གྱིས་ཨུ་ཁུངས་ཆེན་པོ་བྱུང་ཐོན་ཡོད་པ་དང་། གནམ་གྲུའི་ནང་གི་འགྲུལ་བ་ཡོངས་མདང་དགོང་ཨོ་སི་ཊོ་ལི་ཡའི་གནམ་ཐང་ནས་འདུག་དགོས་བྱུང་ཡོད་འདུག གནམ་གྲུ་དེའི་ནང་འཕུར་མཁན་གྱི་མི་ཞིག་གིས་ “གནམ་གྲུ་བར་སྣང་ལ་འཕུར་སྐབས་རྒྱུན་ལྡན་མིན་པའི་སྒྲ་ཞིག་གོ་ཐོས་བྱུང་སོང་། དེའི་རྗེས་ངས་འཚིག་དྲི་ལྟ་བུའི་དྲི་མ་ཞིག་ཚོར་བྱུང་སྟབས། ང་རང་ཅུང་ཙམ་ཞེད་སྣང་སྐྱེས་བྱུང་། འོན་ཀྱང་། འགྲུལ་བ་གཞན་མང་ཆེ་བར་ཞེད་སྣང་དེ་འདྲ་སྐྱེས་མི་འདུག་ཅེས་བརྗོད་ཡོད།
ཉེ་བའི་ཟླ་འགའི་རིང་རྒྱ་ནག་གི་གནམ་གྲུ་ཁ་ཤས་ལ་དོན་རྐྱེན་བྱུང་ཡོད་པ་དང་། ཐེངས་འདིའི་གནམ་གྲུའི་དོན་རྐྱེན་དེར་རྒྱུན་རྐྱེན་གཞན་ཡོད་མེད་བཤད་དཀའ་ཡ། གནམ་གྲུའི་ལས་དོན་ཚན་པས་དོན་རྐྱེན་དེར་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།