བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༦ སྟེང་གི་རྩོམ་སྒྲིག་པའི་གཏམ།
ངྷོ་ར་རི་རྒྱུད་དུ་ཆགས་པའི་གནས་མཆོག་ངྷ་རམ་ས་ལ་འཛམ་གླིང་གི་ས་ཁྲའི་ཐོག་ལ་ཁྲ་ལྷམ་མེར་འཇོག་མཁན་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རེད། འདས་པའི་བགྲང་བྱ་དྲུག་ལྷག་གི་རིང་རི་གྲོང་འདིར་འཚང་ཁ་ཤིག་ཤིག་ངང་ཡོང་མཁན་གྱི་ཁྲོད་དུ་བོད་ཀྱི་གྲོགས་པོ་བགྲང་ལས་འདས་པ་ཡོད། བོད་ཀྱི་གྲོགས་པོ་འདི་དག་སུ་རེད་ཅེ་ན། ༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པའི་ནང་པ་དང་། ཆོས་ལུགས་མི་གཅིག་ཀྱང་ཁོང་གི་ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པར་རྗེས་སུ་ཡི་རངས་བྱེད་མཁན། ཁོང་གི་ཐུགས་རྒྱུད་ཀྱི་འཛམ་གླིང་ཞི་བདེར་མོས་པ་དང་དུང་བ་ཅན། ཆོས་ཚན་གཉིས་ཀྱི་རིག་པ་བརྡར་བའི་བར་གསེང་ནས་རིག་པ་གསར་པ་རེ་རྙེད་རེ་འཆང་བའི་ཚན་རིག་པ། ད་དུང་ཤར་ནུབ་རྒྱལ་ཁབ་འདྲ་མིན་གྱི་ཆབ་སྲིད་པ་སོགས་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་དོན་ལ་ཤ་ཚ་ཚ་དང་། སྙིང་ཉེ་ཉེ་བྱེད་མཁན་ཚོ་ནི་ཧ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་མཇལ་གསུང་ཐོས་མཁན་ཤ་སྟག་རེད། འདས་པའི་ཟླ་བ་གཉིས་ཙམ་གྱི་རིང་ལ་ཨ་རི་དང་ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གསུམ་བཞུགས་སྒར་ངྷ་སར་ཕེབས། ཁོང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ཐུག་འཕྲད་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་བྱས་ཏེ། བོད་དོན་གྱི་ད་ལྟའི་གནས་བབ་ལ་སེམས་འཁུར་ཡོད་ཅེས་བསྒྲགས་ནས་རང་སར་བཞུད་སོང་། ཁོང་ཚོ་ནི་རྒྱལ་ཁབ་ཅིག་གི་སྲིད་ཇུས་འཛིན་ཕྱོགས་ཐད་ནུས་པ་འདོན་ཐུབ་མཁན་ཚོ་རེད། ཁོང་ཚོ་དང་མཛའ་འབྲེལ་མི་ཆད་པའི་ཆེད་དུ་བོད་གཞུང་མང་གཉིས་ཀས་ནུས་པ་འདོན་དགོས། ད་ལྟའི་ཆར་བྱང་ཨ་རིའི་ཁུལ་དུ་འཚམས་གཟིགས་ལ་ཕེབས་བཞིན་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ལ་ཤ་ཚ་བའི་ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་མེ་ཁལ་མེག་ཁོལ་དང་ཐུག་འཕྲད་བྱས་འདུག འདི་ནི་ཕྱི་སྲིད་ཀྱི་ཆ་ནས་དུས་དང་འཚམ་པ་ཞིག་རེད་འདོད།
སྤྱིར་ད་ལོའི་ཨ་རིའི་བར་མའི་འོས་བསྡུའི་ནང་ཁོང་འོས་མིར་བཞེངས་མེད་པ་དང་། སང་ལོའི་ཕྱི་ཟླ་ ༡ ནས་གྲོས་ཚོགས་འཐུས་མི་ཡང་མ་རེད། ཁོང་གིས་ད་བར་བོད་དང་འབྲེལ་བའི་ཁྲིམས་འཆར་གཉིས་ཀྱི་ཐོག་ནུས་པ་ཆེན་པོ་བཏོན་ཡོད་པ་མ་ཟད་༢༠༢༤ ལོར་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཅིག་གི་སྣེ་ཁྲིད་ནས་དངོས་སུ་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཡོད། ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་ཁོང་གིས་འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ལ་གྲོས་ཚོགས་འཐུས་མིའི་ལས་འགན་འཁུར་བར་ཆེ་བསྟོད་བྱེད་ཆེད་ཁོང་གི་ཕྱག་ལས་གནང་སའི་གྲོས་ཚོགས་ཀྱི་ཚོགས་ཆུང་ལས་ཁུངས་སུ་ཁོང་གི་པར་ཆེན་པོ་ཞིག་གཏན་དུ་བཀལ་བའི་དབུ་འབྱེད་མཛད་སྒོའི་ཐོག་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནང་བའི་འཚམས་འཕྲིན་དེ་བོད་དོན་རྒྱབ་སྐྱོར་བ་གྲགས་ཅན་རི་ཆར་ཌི་གེར་ལགས་ཀྱིས་བརྙན་ལམ་ནས་ཀློག་འདོན་གནང་བྱུང་ལ། ཡུལ་དངོས་སུ་བྱང་ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་ལས་བྱེད་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་ཚོ་ཡང་བཅར་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་མཛད་པ་འཕྲིན་ལས་བླ་མེད་བསྐྱངས་པའི་མཇུག་འབྲས་སུ། བོད་དོན་ལ་ཤ་ཚ་གྲོས་འདེབས་བྱེད་མཁན་བགྲང་གིས་མི་ལངས་པ་ཞིག་བྱུང་ཡོད། ཁོང་གི་གྲོགས་པོ་ཚང་མ་བོད་ཀྱི་གྲོགས་པོའང་རེད། གྲོགས་པོ་འདི་དག་གི་མཛའ་འབྲེལ་གྱི་ཐག་པ་ནི་བོད་དོན་འཐབ་རྩོད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པས། ད་ལོའི་བར་མའི་འོས་བསྡུའི་སྐབས་བོད་ཀྱི་གྲོགས་པོ་སྟེ། ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱི་འོས་འགྲན་ཁྲོད་ཨ་རིར་གནས་སྡོད་བོད་པ་ཚོས་འཕྱར་གྲུ་མཉམ་འདེགས་བྱས་ཏེ། འོས་བསྡུའི་དྲིལ་བསྒྲགས་དང་། འོས་བསྡུའི་འགྲོ་སོང་ཐོག་ཞལ་འདེབས་བསྡུ་རུབ་བྱས་པ་སོགས་ནི་མིག་དཔེར་ལྟ་འོས་པ་ཞིག་རེད། འདི་ལྟར་བོད་ཀྱི་གྲོགས་པོ་ཚོའི་མཛའ་འབྲེལ་མ་བཅད་པར་མདུན་སྐྱོད་བྱས་ན། ང་ཚོའི་འཐབ་རྩོད་ཀྱི་ལམ་ཐག་ག་ཚོད་རིང་ནའང་། དགའ་དུས་དགའ་རོགས་དང་སྡུག་དུས་སྡུག་རོགས་ཤིག་ཡོད་ངེས་རེད།





