ཆོས་བརྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་སྤྲོད་པ་དེས་བོད་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་ལ་ཕན་པ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་འགལ་ཟླ་མེད་པར་ཆོས་སྲིད་གཉིས་མཉམ་འབྲེལ་གྱིས་བོད་སྤྱི་ལ་ཕན་ཐོགས་ཡོད་སྐོར་བརྗོད་སོང་།
ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༨ བར་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཇོ་ནང་དུས་འཁོར་གྲྭ་ཚང་གི་ལྷ་ཁང་དུ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབ་གླེང་བ་ཞེས་པའི་བགྲོ་གླེང་དང་། རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་བཅས་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་དབུ་འཛུགས་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་པའི་གདན་ཞུའི་གཏམ་བཤད་པ་མཁས་དབང་རྣམ་པ་བདུན་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གཙོས་པའི་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་༡༩ དང་། དགོན་སྡེ་ཁག་ ༥། དེ་བཞིན། ཆོས་ཚོགས་ཁག་༢༠ ནས་ཕེབས་པའི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༥༠ ཙམ་འཛོམས་འདུག
ཚོགས་ཆེན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་དམིགས་བསལ་སྐུ་མགྲོན་ཇོ་ནང་རྒྱལ་ཚབ་རྣམ་གཉིས་བཅས་ཀྱིས་སྐུ་རྟེན་གཙོ་བོའི་དྲུང་དུ་སྣང་གསལ་སྒྲོལ་མེ་ཞལ་འབྱེད་གནང་གྲུབ་མཚམས། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་དཔར་སྐྲུན་བྱས་པའི་༧གོང་ས་མཆོག་གི་བཀའ་སློབ་དེབ་ཆུང་ཞིག་དབུ་འབྱེད་གནང་སོང་བ་དང་། དེའི་རྗེས་འཕགས་ཡུལ་འགྲོ་ཕན་ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོས་ཚོགས་ཆེན་གྱི་དགོས་དམིགས་སྐོར་ལ། ང་ཚོས་ལོ་རེར་ཚོགས་ཆེན་ཐེངས་གཅིག་གཉིས་རེ་ཚོགས་ཀྱི་ཡོད་པ་ལྟར། ད་ཐེངས་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་དེ་ཆགས་ཡོད། ཐེངས་འདིའི་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ་ནི་བཙན་བྱོལ་ནང་གི་ཇོ་ནང་པའི་དགོན་པ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཇོ་ནང་པའི་ཆོས་ཚོགས་ཁག་མཉམ་འབྲེལ་བྱས་ཏེ། ཇོ་ནང་པའི་བསྟན་པ་འཛིན་སྐྱོང་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་དུ་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་བྱ་རྒྱུ་དེ་ཡིན་པ་མ་ཟད། འདས་པའི་ཚོགས་ཆེན་གྱི་གྲོས་ཆོད་གཏན་འབེབས་བྱུང་བ་རྣམས་ང་ཚོས་ལག་བསྟར་བྱས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གཙོས་པའི་འབྲེལ་ཡོད་ཚང་མར་ཞུ་གཏུགས་སྙན་ཞུ་ཕུལ་བ་སོགས་ཀྱི་ལས་ཀ་འགྲོ་དང་འགྲོ་མུས་ཡིན། འོན་ཀྱང་། ད་ལྟ་ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་ལ་དམིགས་བསལ་ཐག་གཅོད་ཅིག་མ་བྱུང་བར་ལྷག་བསྡད་ཡོད་དུས། ཐེངས་འདིའི་ཚོགས་ཆེན་ཐོག་མ་འོངས་པར་ཇོ་ནང་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་སྐོར་སོགས་ལའང་བགྲོ་གླེང་བྱ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།
ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། ང་རང་ཚོའི་བོད་གངས་ཅན་ལྗོངས་ལ་སྔོན་གྱི་རྒྱལ་བློན་སློབ་འབངས་རྣམ་གྱི་བཀའ་དྲིན་ལ་བརྟེན་ནས་ཆོས་བརྒྱུད་རབ་དང་རིམ་པ་ཞིག་བྱུང་ཡོད་པའི་ཁྲོད་ནས་ཁག་ཅིག་ཉམས་སོང་བ་དང་། ཁག་ཅིག་ང་ཚོས་འཛིན་སྐྱོང་སྤེལ་གསུམ་ཐོག་གནས་ཐུབ་བསྡད་ཡོད་པ་ང་ཚོས་ཤེས་གསལ་ལྟར་རེད། སྤྱིར་བཏང་སྔོན་བྱོན་མཁན་དབང་རྣམ་གྱིས་ཡོངས་གྲགས་ཐོག་མིང་བཏགས་པ་དེ་སྒྲུབ་རྒྱུ་ཤིང་རྟ་བརྒྱད་དང་། བཤད་པའི་སྐར་ཆེན་བཞི་བཅས་ཆོས་བརྒྱུད་ཀྱི་ཐ་སྙད་བྱུང་ཡོད། བོད་ཀྱི་ཆོས་བརྒྱུད་ཁག་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྔགས་གཉིས་གཞིར་བཞག་པ་རྐྱང་ཡིན་ཡང་། སོ་སོའི་ཤེས་པའི་རྩལ་ལ་བརྟེན་ནས་དབང་ལུང་མན་ངག་གི་རྒྱུད་པ་དང་། གཞི་ལམ་འབྲེལ་གསུམ་གྱི་རྣམ་བཞག་ལ་སོགས་པར་བརྒྱུད་རིམ་མི་འདྲ་བ་རེ་བྱུང་སྟེ། ཆོས་བརྒྱུད་སོ་སོའི་མིང་བྱུང་པ་ནས་ད་ལྟའི་བར་བྱུང་མུས་ཡིན་ལ། བོད་ལ་མཚོན་ན་ད་ལྟའི་དུས་སྐབས་འདིར་ཡོངས་གྲགས་སུ་ཆོས་བརྒྱུད་ཆེན་པོ་བཞི་དང་། གདོང་མིའི་ཆོས་བརྒྱུད་བོན་པོ་རྩིས་པའི་ཆོས་བརྒྱུད་ཆེན་མོ་ལྔ་ཡོད་པ་རེད། འོན་ཀྱང་། ང་ཚོའི་ལོ་རྒྱུས་སྟེང་གཞི་ལམ་འབྲས་གསུམ་གྱི་ཁྱད་ཆོས་གང་ཐད་ནས་བལྟས་ཀྱང་ཆོས་བརྒྱུད་ཡིན་པ་གང་ཞིག་ལ་ད་ལྟའང་ཡོད་པ་མ་ཟད། གཉའ་ཕྲེང་གི་དུས་སྐབས་ནང་ལྷུང་བཞིན་པའི་ཆོས་བརྒྱུད་ཡང་མང་པོ་ཡོད། དེའི་གྲས་ཀྱི་གཅིག་ཇོ་ནང་པའི་ཆོས་བརྒྱུད་ཡིན་པ་དང་། ཇོ་ནང་པའི་ཆོས་བརྒྱུད་ལ་མཚོན་ན། མདོ་སྔགས་གཉིས་གང་ཐད་ནས་སོ་སོས་རང་སྐྱོང་ཐུབ་པའི་གཞི་ལམ་འབྲས་གསུམ་ལ་སོགས་ཡོད་པའི་ཆོས་བརྒྱུད་ཅིག་ཡིན་པ་སྨོས་མེད་རེད། འོན་ཀྱང་། རྒྱ་བལ་འབྲུག་གསུམ་ནང་རྒྱལ་བ་ཇོ་ནང་པའི་བསྟན་པ་ཉམས་པའི་རྐྱེན་གྱིས་དགོན་སྡེ་ཁག་མེད་པ་དང་། ཉེ་སྔོན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་ཆ་མཚོན་ན། ཇོ་ནང་པ་ཟེར་དུས་ཡོངས་གྲགས་ཆོས་བརྒྱུད་ཁག་བཞིའི་གྲས་སུ་ངོས་འཛིན་བྱེད་པ་དང་ཡང་ན། ཆོས་བརྒྱུད་གསར་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ད་ལྟ་ཇོ་ནང་པའི་བསྟན་འཛིན་སྐྱེས་བུ་མང་པོ་ཞིག་དང་ལྷ་སྡེ་མི་སྡེ་ཁག་གི་རྒྱབ་སྐྱོར་འོག ཇོ་ནང་འགྲོ་ཕན་ལྷན་ཚོགས་བཙུགས་ཏེ་ང་ཚོས་བོད་མི་ས་ཡ་དྲུག་གི་རེ་འདུན་ཞུ་སའི་དབུས་བོད་མིའི་སྒྲིག་འཛུགས་ལ་ཞུ་གཏུགས་སྙན་ཞུ་རབ་དང་རིམ་པ་ཞུས་རྗེས། ན་ནིང་ད་ལོར་བོད་ཕྱི་ནང་གང་ཡིན་ཡང་ཇོ་ནང་པ་ཟེར་བ་ཞིག་ཡོད་པ་དང་དངོས་གནས་ཆོས་བརྒྱུད་ཅིག་ཡིན་པ་གོ་རྟོགས་བྱུང་ཡོད་པ་རེད། ཡང་ཇོ་ནང་པར་ཆོས་བརྒྱུད་ཆེན་པོ་བཞི་གཙོས་པའི་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་ཐོབ་ཡོད་མེད་རྣམ་པ་ཚོས་མཁྱེན་གསལ་ལྟར་ཐོབ་མེད་སྟབས། ད་ལྟ་ང་ཚོར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཕྱོགས་གང་ཐད་ནས་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། མི་ཁག་ཅིག་ལ་རང་ཐོག་དཀའ་ངལ་འཕྲད་མེད་དུས་ཕྱི་ནང་དང་ཁྱིམ་མཐའི་བར་གྱི་མི་ཟེར་བ་ལྟར་ཁོ་ཚོས་དཀའ་ངལ་དེའི་གནས་སྟངས་ཚོར་ཐུབ་ཀྱི་མེད། དེར་བརྟེན། ཆོས་སྲིད་གཉིས་ཀྱི་ཐོབ་ཐང་ཅིག་མེད་པ་ཡིན་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕྱི་དང་ནང་གཉིས་ཀྱི་ཐོག་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ལ། གངས་ལ་འཕོས་པའི་ལྷ་སྐལ་ཞེས་པ་ལྟར་ང་ལ་མཚོན་ན། ཇོ་ནང་པའི་རྒྱལ་ཚབ་ཀྱི་མིང་འཛིན་པ་ཞིག་ཡིན་པའི་ངོས་ནས་ཇོ་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ད་བར་གང་ཐུབ་ཀྱིས་ལས་དོན་བསྒྲུབས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་དུ་སྒྲུབ་ངེས་ཡིན། མཐར་ཆོས་བརྒྱུད་ལ་ཐོབ་ཐང་གཅིག་མཚུངས་སྤྲོད་པ་དེས་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་གོང་འཕེལ་ལ་ཕན་པ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་འགལ་བ་མེད་པར་ཆོས་སྲིད་གཉིས་མཉམ་འབྲེལ་གྱིས་བོད་སྤྱི་ལ་ཕན་ཐོགས་ཆེ་བ་རེད། ཅེས་གསུངས་སོང་།
དེའི་རྗེས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། དེ་རིང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་བགྲོ་གླེང་དང་དམིགས་བསལ་ཚོགས་ཆེན་ཚོགས་པར་དགའ་པོ་བྱུང་བ་མ་ཟད། ཇོ་ནང་པའི་ཆོས་བརྒྱུད་སླར་གསོ་དང་འདས་མ་གསུམ་གྱི་གནས་སྟངས་སོགས་ངོ་སྤྲོད་བྱས་ཏེ་མ་ཤེས་པ་མང་པོ་ཞིག་གསར་དུ་ཤེས་བྱུང་ལ། ཇོ་ནང་པའི་འདས་དོན་ནི་དགའ་འོས་ཤིང་སྤོབས་པ་སྐྱེས་འོས་པའི་གནས་ཤིག་ཆགས་ཡོད། འོན་ཀྱང་། ད་ལྟ་ང་ཚོས་ལས་དོན་ག་རེ་སྒྲུབ་ཀྱང་ང་ཚོའི་དུས་ཀྱི་གནས་བབ་ལ་ལྟ་དགོས་པ་གལ་ཆེན་ཆགས་ཡོད་པ་དང་། གལ་སྲིད་དུས་ཀྱི་གནས་བབ་དང་མཐུན་པ་ཞིག་བྱུང་ཚེ། ལས་དོན་དེར་གྲུབ་འབྲས་ཀྱང་ཡག་པོ་སྨིན་གྱི་ཡོད། དེ་མིན་དཀའ་ངལ་རང་བཞིན་ཅན་ཞིག་ཏུ་འགྱུར་འགྲོ་བ་སྲོལ་ལྟ་བུ་ཆགས་ཡོད་ལ། ཇོ་ནང་པའི་བསྟན་པ་དང་གྲུབ་མཐའ་དེ་བོད་ཀྱི་ཆོས་བརྒྱུད་གཞན་ནང་བཞིན་བྱུང་རབས་ལོ་རྒྱུས་ནང་གཟི་བརྗིད་དང་ལྡན་པ་མ་ཟད། ཁུངས་ལྡན་ཡང་ཡིན། ཉེ་སྔོན་ཇོ་ནང་པར་དཀའ་ངལ་ཅུང་ཙམ་རེ་འཕྲད་ཡོད་ཀྱང་། ད་ལྟ་བསྐྱར་དུ་ངོ་སྤྲོད་བྱ་ཐུབ་པར་དགའ་པོ་དང་བསྔགས་བརྗོད་ཞུ་ཡི་ཡོད།
དེ་ནས་ངས་དུས་རྒྱུན་དུ་བཤད་བསྡད་པ་ཞིག་ལ་མི་ཁག་ཅིག་གིས་འདས་པ་དེ་འདས་དོན་ལ་མ་བཞག་པར་ངར་ཤུགས་སྐྱེད་དེ། འདས་པའི་ལོ་རྒྱུས་ནང་བྱས་རྗེས་མང་པོ་བཞག་ཡོད་པ་དེ་དག་དང་ལྷན་དུ་ད་ལྟའང་ཉལ་བསྡད་ཡོད་པ་ལྟ་བུ་མཐོང་གི་འདུག དབྱིན་སྐད་དུ་འདས་པའི་ནང་འཚོ་བ་ (living in the past)ཟེར་བ་ལྟ་བུ་རེད། དེར་བརྟེན། ང་ཚོས་འདས་དོན་ལས་བསླབ་བྱ་བླངས་ཏེ། གལ་ཆེ་ཤོས་དེ་ད་ལྟའི་གནས་བབ་གཙིགས་འཛིན་བྱ་རྒྱུ་དང་། ད་ལྟའི་གནས་བབ་ཐོག་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དུས་དང་མཐུན་པའི་བསྟན་པ་སྤྱི་དང་སོ་སོའི་བསྟན་པ་འཛིན་སྐྱོང་གནང་ཐུབ་པ་ཞིག་བྱ་རྒྱུ་དེ་ཡིན། ༧གོང་ས་མཆོག་གིས་དུས་རབས་༢༡ པའི་ནང་པ་ཞེས་ཡང་དང་བསྐྱར་དུ་གསུང་གི་ཡོད་དུས། ང་ཚོས་དུས་རབས་ ༢༡ པའི་ནང་པ་ག་འདྲ་བྱས་ནས་བྱེད་དགོས་མིན་དེ་ཞིབ་ཕྲའི་གནས་བབ་ཐོག་བབས་ཏེ། ཐོག་མིའི་སློབ་གཉེར་བྱ་སྟངས་ནས་མཉམ་ལེན་དང་འཆད་སྤེལ་བྱ་སྟངས་གཙོས་པའི་སྤྱི་ཚོགས་ནང་ཕན་ཐོགས་བྱ་སྟངས་སོགས་སྔོན་མ་ནས་བྱེད་ཀྱི་ཡོད་པ་དེ་བཞིན་དེང་རབས་ཆོས་བརྒྱུད་ཁག་མང་པོའི་ནང་མིག་དཔེ་ལེན་དགོས་པའང་མང་པོ་ཡོད། དེ་ཚོ་ཚང་མ་དངོས་སུ་ལག་བསྟར་བྱེད་དགོས་པ་དེ་དོན་གྱི་སྙིང་བོ་ཆགས་བསྡད་ཡོད། ཅེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
༄༅། འ་་་་་ཡང་ཇོ་ནང་པ་ཆོས་རྒྱུད་ནས་་ལོ་རེའི་རྙོག་ཁྲ་བཤད་རྒྱུའི་དུས་ཚོད་རེད་འདུག
དགོས་པའི་རིག་གནས་བཅུ་ལ་མ་སྦྱང་པར་་་་མི་དགོས་ཆབ་སྲིད་རྙོག་ཁྲའི་ནང་ལ་ག་རེ་བྱས་
ནས་འཛུལ་གྱི་ཡོད་དམ།
ཡང་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་འཇོན་མདོག་མགོ་རིལ་རྙོག་གྲ་བཟོ་མཁན་གཅིག་མང་རུ་ཕྱིན་པ་རེད། ཆོས་རྒྱུད་ཀྱི་སྤྱི་མཐུས་དེ་ཚོ་ཆོས་རྒྱུད་རྣམས་ཀྱི་རྐང་འདྲེན་པ་རང་རེད་འདུག ཆོལ་ཁ་གསུམ་གྱི་ཁུངས་སུ་མ་གཏོགས་པའི་ཆོས་རྒྱུད་ཅིག་མེད་པས་དམངས་གཙོ་ལམ་ལུག་དང་མི་མཐུན་པའི་སྤྱི་མཐུས་ཤིག་མེད་ན་བཟང་། ང་རང་གྲྭ་ཞིག་ཡིན་མོད་ཆོས་རྒྱུད་ཀྱི་མཐུག་ལ་མོས་མཐུན་མེད། ངའི་འཕྲིན་ཐུང་འདིས་མི་རེ་ཟུང་ལ་ཕོག་ཐུགས་གཏོང་ཉེན་ཡོད་མོད་བདེན་པ་དང་གནས་ལུགས་ལ་རྒྱབ་སྐྱོར་བྱས་པའི་ཁུལ་ཡིན་པས་གང་བྱུང་ན་ཁྱད་པར་མེད།
ཇོ་ནང་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་སྤྱི་འཐུས་ས་མིག་སྤྲོད་དགོས་དང་མ་དགོས་དེ་ཆོས་རིག་ལྷན་ཁང་ནས་ཇོ་ནང་ཆོས་རྒྱུད་དེ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པར་འབྲེལ་ལྷད་མེད་པའི་རང་ཀྱ་འཕེར་བའི་བོད་ཀྱི་ཆོས་རྒྱུད་ཞིག་ཡིན་པའི་ངོས་སྦྱོར་ཡིག་ཐོག་ནས་ཕེབས་པའི་ཉིན་མོ་ནས་སྤྱི་འཐུས་གྲོས་ཚོགས་ནས་ཇོ་ནང་ལ་ཆོས་རྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ཀྱི་ས་མིག་གནང་དགོས་པ་དེ་དགའ་ནས་གནང་དང་སྡུག་ནས་གནང་རེད་།