སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱིས་ཉམ་ཐག་སློབ་ཕྲུག་ ༧༠ ལ་སློབ་ཡོན་ཧིན་སྒོར་འབུམ་ ༩ དང་ཁྱིམ་ཚང་སྐྱོ་བོ་ཁག་ཅིག་ལ་ཧིན་སྒོར་འབུམ་ ༣ ལྷག་གིས་རོགས་རམ་གནང་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དགེ་རྩ་ཚོགས་ཁང་དུ། སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱི་མཐའ་མའི་ཚོགས་ཆེན་མགོ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱི་དབུས་སྤྱི་འཐུས་ཁག་ཅིག་དང་། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། དེ་མིན་ས་གནས་འདྲ་མིན་ནས་ཕེབས་པའི་མདོ་སྨད་ས་རྒྱུན་དང་བཞུགས་སྒར་ཁུལ་གྱི་མདོ་སྨད་མི་མང་། དེ་བཞིན་རྩོམ་པ་པོ་དང་སློབ་ཕྲུག་བཅས་འཛོམས་འདུག
མཛད་སྒོའི་ཐོག་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་༧སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་གི་སྐུ་ཚེའི་མཛད་རྣམ་(ཀ་ལིམ་པོང་གི་ཐུག་པ་བཟོ་ལས་བ)། ཞེས་པའི་ཕྱག་དེབ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་དང་བུདྷ་སྐྱབས་ལགས་གཉིས་ཀྱིས་བོད་སྒྱུར་ཞུས་པ་དབུ་འབྱེད་དང་། བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་ཞབས་འདེགས་བསྒྲུབས་ཏེ་ཞབས་ལོ་ ༢༠ བརྒལ་བའི་གཞུང་ཞབས་ལས་ཟུར་བཀའ་བློན་འཕགས་པ་ཚེ་རིང་མཆོག་དང་། དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། ལས་ཟུར་རིག་འཛིན་ཆོས་འཕེལ་ལགས། ལས་ཟུར་འོ་དབྱངས་མཚོ་ལགས་བཅས་དང་། བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་བཅས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་ཕྱག་འཁྱེར་སྩལ་གནང་སོང་། དེ་ནས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ནས་མདོ་སྨད་གླིང་དྲ་ཚོམས་དང་། དགའ་ལྡན་ཕོ་བྲང་སློབ་ཡོན་གཟེངས་རྟགས་ཐོབ་པའི་སློབ་ཕྲུག་ཤ་བོ་མཆོད་རྟེན་དང་རིན་ཆེན་སྐྱིད། དེ་བཞིན། བསྟན་འཛིན་མཚོ་བཅས་ལ་གཟེངས་བསྟོད་དང་བྱ་དགའི་གཟེངས་རྟགས་གནང་སོང་།
མདོ་སྨད་ཆོལ་ཁའི་དབུས་རྒྱུན་ཚོགས་གཙོ་རྔ་བ་གངས་རི་ལགས་ཀྱིས་དབུ་འབྱེད་གཏམ་བཤད་གནང་སྐབས། ང་ཚོ་མདོ་སྨད་ཆོལ་ཁས་ལས་ཀ་ག་རེ་བྱས་པ་ཚང་མར་མདོ་སྨད་ཆོལ་ཁའི་སློབ་སྟོན་པ་རྣམ་པ་དང་། བཀུར་འོས་པའི་སྤྱི་འཐུས་རྣམ་པ། དེ་བཞིན་མདོ་སྨད་དབུས་རྒྱུན་བཅས་ཀྱིས་བཀའ་སློབ་ལམ་སྟོན་དང་རམ་འདེགས་ཞེ་དྲག་གནང་བའི་ཐོག་གྲུབ་འབྲས་མདོར་བསྡུར་ཞིག་དེ་རིང་འདིར་ཞུ་རྒྱུ་ཡིན། དེ་རིང་འདིར་ཐོག་མར་ང་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་ཆབ་དཔལ་རིག་གསུམ་གང་གི་ཐོག་ལའང་ཐེ་གཏོགས་བྱས་པ་ཞེ་དྲགས་ཡོད་པ་རེད། དེར་བརྟེན། མདོ་སྨད་མི་མང་ནང་ང་ཚོ་སྐྱབས་བཅོལ་བ་ཡིན་དུས། མདོ་སྨད་ཚོགས་པར་ཚོགས་ཁང་འཛུགས་བསྐྲུན་བྱེད་པ་ལ་སོགས་པའི་དཔལ་འབྱོར་ག་བ་ནས་ཡོང་གི་ཡོད་པ་རེད་ཅེས་ང་ལ་དྲི་བ་འདྲི་མཁན་རེ་ཟུང་རེ་ཡོང་གི་འདུག དེ་རིང་འདིར་ས་རྒྱུན་མང་པོ་ཞིག་ཕེབས་ཡོད་དུས། ངས་ཁོང་ཚོར་ལན་ག་རེ་རྒྱག་གི་ཡོད་པ་དང་སྤྱི་བཏང་མི་མང་གི་སེམས་ནང་ག་རེ་ཉར་དགོས་ཀྱི་ཡོད་ཅེ་ན། ངས་དེ་རིང་འདིར་ཧམ་བཤད་བྱས་པ་མིན་ཡང་ང་ཚོའི་རྒན་རབས་རྣམ་པས་ད་ལྟའི་བར་ལས་ཀ་ག་རེ་བྱས་ཡོད་པ་དང་དམིགས་ཡུལ་གཙོ་བོ་ག་རེ་བཟུང་ཡོད་པར་བལྟས་ཡོང་དུས་བློ་སྤོབས་སྐྱེས་འོས་པ་ཞིག་འདུག རྒྱུ་མཚན་ནི། ང་ཚོའི་རྒན་རབས་རྣམ་པ་ཆབ་དཔལ་རིག་གསུམ་ག་རེ་ཐོག་ལ་ཡིན་ཡང་ལས་ཀ་རླབས་ཆེན་བྱས་ཡོད་པ་སྟེ། མགོ་བཀའ་བློན་ཁྲི་པ་ནས་བཟུང་ང་ཚོའི་ཚོགས་ཆུང་ནང་ལའང་ལས་ཀ་བྱེད་མཁན་མང་པོ་ཞིག་བྱུང་བ་རེད་ལ། དགའ་ལྡན་ཕོ་བྲང་ནས་བཟུང་སྟེ་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཤེས་འཇོན་གཉིས་ལྡན་ཅན་མང་པོ་ཞིག་བྱུང་བ་རེད་དེ། ཁོང་ཚོའི་དམིགས་ཡུལ་གཙོ་བོ་དེ་བོད་སྤྱི་བའི་རྩ་དོན་དང་། ༧རྒྱལ་བ་དོན་གྱི་བདག་པོའི་བཀའ་གསུང་དང་དུ་སྒྲུབ་རྒྱུ་བཅས་སྤྱིའི་དམིགས་ཡུལ་གཙོ་བོར་བཟུང་སྟེ། ད་ལྟའི་བར་ཕྱིན་ཡོད་པ་རེད་ལ་འགྲོ་ཡང་ཐུབ་ཀྱི་རེད་བསམ་གྱི་འདུག དེར་བརྟེན་ཁོང་ཚོས་མདོ་སྨད་གཙོར་བཟུང་བྱས་མེད་སྟབས། ངས་འདི་གཟི་བརྗིད་ཅིག་ཏུ་བརྩི་ཡི་ཡོད། གལ་སྲིད་ཁོང་ཚོས་མདོ་སྨད་གཙོར་བཟུང་བྱས་པ་ཡིན་ན་ང་ཚོ་བོད་སྤྱིའི་རྩ་དོན་དང་ལངས་ཕྱོགས་དེ་དཀའ་ངལ་ཞིག་ཆགས་འགྲོ་ཡི་ཡོད་སྟབས། འདི་གནད་འགག་ཅིག་རེད་བསམ་གྱི་འདུག མདོ་སྨད་ཀྱི་རྒན་རབས་པ་རྣམས་བཙན་བྱོལ་ནང་འབྱོར་བ་ནས་བཟུང་བོད་སྤྱིའི་རྩ་དོན་གཙོར་འཛིན་བྱས་ཏེ་མདོ་སྨད་ལ་འཐུས་ཤོར་ཆུང་ངུ་རེ་ཕྱིན་ཡོད་ཀྱང་། བོད་སྤྱིའི་རྩ་དོན་འགྲུབ་པ་ཡིན་ན་ང་ཚོས་དེ་འཐུས་ཤོར་ཞིག་ལ་བརྩི་ཡི་མེད། འདི་ནི་ང་ཚོའི་གཟི་བརྗིད་ཅིག་རེད་བསམ་གྱི་འདུག། ཅེས་དང་། སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱིས་གཙོ་བོ་འཛུགས་སྐྲུན་ཐོག་ཤུགས་བརྒྱབ་ཡོད་པ་དང་། དེ་ཡང་དབུས་རྒྱུན་རིམ་པས་ལམ་སྟོན་དང་ཁོང་ཚོའི་ཁྲག་དང་རྔུལ་ཆུས་བསགས་བཞག་ཡོད་པའི་རྒྱུ་དངོས་དག་གིས་འཛུགས་སྐྲུན་ཐོག་ཤུགས་བརྒྱ་ཆ་བརྒྱ་ཡོང་མེད་ནའང་བརྒྱ་ཆ་ལྔ་བཅུ་ཙམ་འགྲུབ་ཡོད་སྐོར་དང་། བོད་མི་རིགས་ལ་གཅེས་ནོར་ཞིག་ཡོད་པ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་པ་དང་། མདོ་སྨད་དབུས་རྒྱུན་སྐབས་བཅུ་དྲུག་པས་འདས་པའི་ལོ་གསུམ་རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་མཁན་ལ་གོ་བསྐོན་ཐེར་འདོན་བྱེད་པར་ཤུགས་བརྒྱབ་ཡོད་པ་དང་། མ་འོངས་པར་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གྱི་རིགས་ལ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཚང་མས་གསལ་བྱེད་དང་དཔུང་བ་མཉམ་རུབ་མ་བྱས་ཚེ། ཁོ་ཚོ་འགྲིག་གི་ཡོད་པའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་ཡོད་སྟབས། གནད་དོན་འདིའི་སྒང་གཞུང་ངོས་ནས་བྱེད་ཆོག་དང་མ་ཆོག་གཉིས་ཀ་ཡོང་གི་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར་སོ་སོའི་ཕ་མར་སྐྱོན་བརྗོད་བྱེད་སྐབས། བུ་ཕྲུག་ཚོས་བལྟས་བསྡད་ན་འགྲིག་གི་མེད་པ་ནང་བཞིན་བསམ་བློ་གཏང་དགོས་རྒྱུ་ནི་གནད་འགག་ཅིག་ཆགས་ཡོད་སྐོོར་བཅས་སོགས་བརྗོད་སོང་།
མདོ་སྨད་དབུས་རྒྱུན་དྲུང་ཆེ་ཆོས་འཛིན་ལགས་ཀྱིས་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས་སྐབས། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡ ནས་ ༢༠༡༨ ཟླ་ ༧ ཚེས་ ༡ བར་ལོ་གསུམ་རིང་སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱིས། ཕྱི་ལོ་༢༠༡༥ ཟླ་ ༧ ཚེས་༡༨ ཉིན་ནོར་གླིང་དང་ལྡི་ལིར་ཁང་པ་ཉོ་སྒྲུབ་ཆེད་དབུས་རྒྱུན་རྣམས་ཚང་འཛོམས་ཐོག་དམིགས་བསལ་ཚོགས་ཆེན་ཚོགས་ཏེ་མང་མོས་གཏན་འབེབས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་ལྡི་ལིར་ཁང་པ་ཉོ་སྒྲུབ་བཟོ་བཅོས་དང་ཚོགས་ཁང་ཆུང་ཆུང་ཞིག་གསར་རྒྱག་བྱེད་ཐུབ་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༨ པའི་ནང་དབུས་རྒྱུན་རྣམས་ས་བགོས་ཀྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་མཚོན་པའི་མདོ་སྨད་ཀྱི་དམིགས་བསལ་ཚོགས་ཆེན་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ངོ་སྤྲོད་དང་ས་གནས་ཡུལ་མིའི་གནས་སྟངས་བཅས་ལ་རྒྱུས་ལོན་གྱིས། ཉམ་ཐག་ལ་རོགས་སྐྱོར་གྱི་ལས་གཞི་ཆེ་ཕྲ་ཆུང་གསུམ་དང་ས་མ་འབྲོག སློབ་ཕྲུག་དང་དགེ་རྒན་བཅས་ལ་འཚམས་འདྲིའི་སྐོར་སྐྱོད་བྱས་ཡོད་སྐོར་དང་། སྐབས་བཅོ་ལྔ་པའི་མདོ་སྨད་དབུས་རྒྱུན་གྱི་གྲོས་ཆོད་ཀྱི་ནང་གསེས་དགོངས་དོན་བཞིན་སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱིས། བོད་དོན་ཞི་བའི་འཐབ་རྩོད་ཆེད་ཞི་བའི་གོམས་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་འཚོལ་ཞིབ་ཆེད་སྒང་ཏོག་སོགས་བོར་བརླག་བྱུང་ཡུལ་བཅས་ལ་དངོས་སུ་སྐོར་སྐྱོད་ཀྱིས་འཚོལ་ཞིབ་བྱས་ཡོད་པ་མ་ཟད། ཁོང་བོར་བརླག་ཏུ་ཕྱིན་ནས་ལོ་ལྔ་འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ་སྐབས་དེར་ཁོང་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཕུལ་ཐུབ་པ་བྱུང་ཡོད་སྐོར། དེ་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན་གྱི་མཚན་མོར་རྒྱ་གར་ཡུལ་མི་གསུམ་གྱིས་བོད་རིགས་ཚུལ་ཁྲིམས་མཆོག་ལྡན་ལགས་སུ་གྲིས་བཙུགས་ནས་བསད་པར་དྷ་ས་ས་གནས་མགོ་འཛིན་དང་མདོ་སྨད་དབུས་རྒྱུན་གྱི་རོགས་རམ་འོག ཁོའི་དགའ་རོགས་ཚེ་རིང་སྒྲོལ་མ་ལགས་སུ་ཁྲིམས་གཏུགས་མཇུག་མ་རྫོགས་བར་དུ་སྡོད་གནས་མཁོ་སྤྲོད་དང་ མཐར་ཁྲིམས་གཏུགས་ལ་རྒྱལ་ཁ་ཐོབ་ཡོད་སྐོར། གཞན་ཡང་མདོ་སྨད་ཚོགས་ཆེན་རིམ་པའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་ཕྱི་རྒྱལ་ས་གནས་ཁག་ ༤ ལ་མདོ་སྨད་ས་རྒྱུན་གསར་འཛུགས་དང་། རྒྱལ་ཁབ་ཁག་ ༡༣ ནང་འབྲེལ་མཐུད་པ་གསར་འཛུགས་བྱེད་ཐུབ་སྟེ། ད་ལྟའི་ཆར་ས་གནས་ཁག་ ༣༡ ནང་མདོ་སྨད་ས་རྒྱུན་དང་འབྲེལ་མཐུད་པ་འཛུགས་ཐུབ་སྐོར་སོགས་བརྗོད་སོང་།
ལས་བསྡོམས་ལྟར་ན། སྐབས་བཅུ་དྲུག་པའི་མདོ་སྨད་དབུས་རྒྱུན་གྱིས་རྒྱ་གར་ནང་སྤུན་མཆེད་དང་ནང་མི་གཉེན་ཉེ་སོགས་མེད་པར་དཀའ་ངལ་ཅན་གྱི་མདོ་སྨད་ཆོལ་ཁོངས་སློབ་ཕྲུག་གྲངས་བདུན་ཅུ་ཙམ་ལ་སློབ་ཡོན་ཧིན་སྒོར་འབུམ་ ༩ ལྷག་བཏང་སྟེ་ཤེས་ཡོན་རོགས་སྐྱོར་ཞུ་ཐུབ་པ་བྱུང་ཡོད་པ་དང་། ཡང་རྒྱ་གར་ནང་འཚོ་བ་ཉམ་ཐག་ཡིན་པའི་ཁྱིམ་ཚང་ཁག་ལ་རོགས་སྐྱོར་ཧིན་སྒོར་འབུམ་ ༣ ལྷག་གནང་ཡོད་འདུག
བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་ཀྱིས། བར་ལམ་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཐང་ཆད་ཀྱི་འདུག་གསུང་གིན་ཡོད་པ་རེད། ཐང་ཆད་ཀྱིན་འདུག་གསུངས་པ་དེ་ང་རང་ཚོས་བྱེད་སྟངས་ལ་བལྟས་ནས་དོན་དམ་ལ་ཐུགས་ཕམ་གྱི་ཡོད་པ་རེད་བསམ་གྱི་ཡོད། ཐུགས་ཕམ་ཡོང་གི་ཡོད་ན་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ལ་བརྟེན་ཏེ་ཡོང་གི་ཡོད་པ་གསལ་པོ་རེད། ༧སྐུ་མདུན་ཐུགས་ཕམ་མ་ཡོང་བ་ཞིག་དང་ང་རང་ཚོའི་ངོས་ནས་༧རྒྱལ་བའི་བཀའ་སྒྲུབ་རྒྱུར་ག་རེ་བྱེད་དགོས་པ་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་ཆོལ་ཁ་གསུམ་མཉམ་རུབ་དང་འཆམ་མཐུན་གནང་དགོས་པ་མདོ་སྨད་པའི་དམིགས་བསལ་ཚོགས་ཆེན་དང་པོའི་ཐོག་བཀའ་སློབ་ནན་པོ་གནང་ཡོད་པ་རེད། ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས་༧སྐུ་མདུན་ཐུགས་ཕམ་བྱུང་ན། ད་ལྟ་དགུང་ལོ་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་ཡོད་པ་རེད་དེ། འདས་པའི་དུས་ལ་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྐབས་དགུང་ལོ་ག་ཚོད་བཞུགས་པའི་ཚད་ཡོད་པ་དང་ག་ཚོད་ལ་བཞུགས་ཡོད་མེད་དེ་ང་ཚོ་ལ་ཉམས་མྱོང་ཡོད་ཡོད་པ་རེད། ང་ཚོ་བོད་མིར་བཤད་རྒྱུན་དུ་བྱིའུ་ཕྲུག་ཐང་ལུས་ཅེས་པ་དེ་ཡོང་མི་ངེས་པ་མ་རེད། ཅེས་གསུངས་སོང་།
མཇུག་ཏུ། བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། ང་ཚོ་ཚོགས་པ་ཞིག་འཛུགས་དགོས་པའི་རྒྱུ་མཚན་དེ་ཆོལ་ཁ་གཅིག་གི་ཐོབ་ཐང་རྩོད་རྒྱུའི་དོན་དུ་ཚོགས་པ་བཙུགས་པ་ཞིག་མ་རེད། ཚོགས་པ་ཡོངས་རྫོགས་དེ་རེད། ཚོགས་པ་དེ་བཙུགས་ནས་བོད་གཞུང་གི་ཐོག་དཀའ་ལས་རྒྱག་རྒྱུ་དང་རམ་འདེགས་ཞུ་རྒྱུ་ག་རེ་འདུག དེའི་ཐོག་ལ་ང་ཚོས་ཚོགས་པ་ཞིག་བཙུགས་ནས་རིམ་པས་དེ་ལ་འགྱུར་བ་ཞིག་ཕྱིན་ཏེ། གཙོ་བོ་དེ་ཆོལ་ཁ་སོ་སོའི་ཐོབ་ཐང་དང་ཁུངས་གཏོགས་གང་ཡིན་སྒང་ལ་ད་ལྟ་ཕྲན་བུ་ཞིག་འགྲོ་བསྡད་པ་ཞིག་ཆགས་འདུག དེར་བརྟེན། ང་ཚོ་བྱེས་འབྱོར་གྱི་བོད་མི་མང་ནང་ཆོལ་ཁ་གསུམ་གྱི་གནས་སྟངས་དེ་ཕྲན་བུ་ཉམས་ཆགས་སུ་འགྲོ་ཡི་ཡོད་པའི་སྐབས་ཤིག་ལ་འཁེལ་བསྡད་ཡོད་པ་མ་གཏོགས། བོད་སྤྱི་ཡོངས་ཀྱི་ཆ་ནས་དེང་སང་ཆོལ་ཁ་གསུམ་དེ་རང་བཞིན་གྱིས་རྡོག་རྩ་གཅིག་ཏུ་སྒྲིལ་བསྡད་ཡོད་པ་རེད་ལ། དེ་ལ་འགྱུར་བ་གང་ཡང་འགྲོ་ཡི་ཡོད་པ་མ་རེད། ང་ཚོ་བྱེས་འབྱོར་ནང་ཉམས་ཆགས་ཏོག་ཙམ་རེ་འགྲོ་ཡི་ཡོད་པ་དེ་གསལ་པོ་ཞེ་དྲགས་ཡིན་སྟབས། དེ་ལ་གཟབ་གཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། དེང་སང་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ས་གནས་གང་དུ་ཕེབས་ཡང་བཀའ་སློབ་འདི་གནང་གི་འདུག ང་ཤི་དུས་ཤི་སྲོལ་བདེ་པོ་ཡོད་པ་བྱོས་ཨ་གསུང་གི་འདུག དེ་བཀའ་གནང་ས་གཙོ་བོ་དེ་ང་ཚོ་བྱེས་འབྱོར་གྱི་བོད་མི་མང་ཡིན་པ་ལས་བོད་ནང་གི་མི་མང་མ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་མཐའ་མའི་འུ་ཐུག་གིས་དེ་གསུང་པ་རེད། དེ་ང་ཚོས་སྙིང་ལ་རུས་པ་བཅིངས་བའི་ཐོག་ནས་ག་རེ་བྱེད་རྒྱུ་ཡོད་ན་དེའི་ཐོག་ང་ཚོས་ཤུགས་རྒྱག་དགོས་ཀྱི་འདུག་བསམ་གྱི་འདུག
བྱེས་འབྱོར་ནང་ང་ཚོར་མི་དགོས་པ་འདྲ་མིན་བཅོ་བརྒྱད་ཅིག་ཡོང་གི་འདུག བོད་ནང་དེ་འདྲ་མི་འདུག དེ་བཞིན་མདོ་སྨད་ནང་ལའང་མི་དགོས་པ་རེ་ཟུང་ཡོང་གི་འདུག དེ་ཚོ་ཚང་མ་ང་ཚོར་ཕན་ཐོགས་མེད་པ་དང་མི་དགོས་པ་རྐྱང་རེད། ང་ཚོ་ཆོལ་ཁའི་ནང་མི་འགྲིག་པ་ཞིག་ཡོང་གི་ཡོད་པ་དེ་ཆོལ་ཁ་སོ་སོས་སེལ་དགོས་ཀྱི་འདུག སོ་སོའི་ཁའི་ནང་གི་རྨ་སོ་སོའི་ཁའི་ནང་ནས་སེལ་དགོས་ཀྱི་ཡོད་པ་ལྟར། ཆོལ་ཁ་སོ་སོའི་ནང་གི་མ་འགྲིག་པ་དེ་ཚོ་ཆོལ་ཁ་སོ་སོས་མ་སེལ་ཚེ། གཞན་ཞིག་བྱེད་ཀ་འགྲོ་དུས། ཁྱོད་ཤོར་དང་ང་ཤོར་ལབ་ནས་དཀའ་ངལ་གཞན་ཞིག་ལངས་ཡོང་གི་ཡོད། དེར་བརྟེན། དྲ་ཐོག་གཙོས་ང་ཚོའི་སྤྱི་ཚོགས་ནང་མི་མཁོ་པའི་རིགས་འདྲ་མིན་ཡོང་གི་ཡོད་པ་དེ་ཆོལ་ཁ་སོ་སོས་སེལ་དགོས་ཀྱི་འདུག སྔོན་མ་གང་བྱུང་བ་དེ་ཚར་བ་རེད། ད་ཕྱིན་ཆད་དེ་འདྲ་ཞིག་མི་ཡོང་བའི་ཐོག་ཆོལ་ཁ་སོ་སོས་ག་རེ་གནང་དགོས་ཡོད་ནའང་གནང་དགོས་ཀྱི་འདུག་མ་གཏོགས། ༧སྐུ་མདུན་ནས་ང་ཤི་དུས་ཤི་སྲོལ་བདེ་པོ་ཡོད་པ་བྱོས་ཨ་ཞེས་གསུང་དེ་འདྲ་ཞིག་གནང་ཡོད་དུས། རྣམ་པ་ཚོས་ཨུ་ཚུགས་བརྒྱབ་ནས་དངོས་གནས་ཅིག་བྱེད་དགོས་པའི་དུས་ལ་བབས་འདུག་མ་གཏོགས། སྤྱི་བའི་ཐོག་ཡོང་དུས་ཚང་མ་ཉམས་བསྟན་ནས་བཞུགས་བསྡད་ཡོད་པ་འདྲ་པོ། ཆོལ་ཁ་གཅིག་གི་ཐོག་བབས་ཡོང་དུས། ཚང་མ་ཧུར་ཐག་རྦད་ཐག་བྱས་བསྡད་ཡོད་པའི་བཟོ་དེ་མ་ཡིན་པ་བྱོས། ལས་འགུལ་ཡིན་ནའང་སྤེལ་བའི་དུས་ལ་སླེབས་འདུག དེར་བརྟེན། རྣམ་པ་ཚོས་དགོངས་པ་ཟབ་བཞེས་གནང་རོགས་ཅེས་ཞུ་འདོད་བྱུང་། ཅེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྤྱིན་པ།