ཉི་ཧོང་ནང་ཕྱི་ལོ་ ༡༩༩༣ རྗེས་ནས་བྱུང་མ་མྱོང་བའི་ཆར་རླུང་ཤུགས་ཆེན་བྱུང་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ནས་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད།སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉི་ཧོང་ནང་འདས་པའི་ལོ་ ༢༥ རྗེས་ཀྱི་ཆར་རླུང་ཤུགས་ཆེ་ཤོས་ཤིག་རྒྱུགས་ཏེ། ད་ལྟའི་ཆར་ཉུང་མཐར་མི་ ༡༠ རྐྱེན་འདས་དང་། མི་ ༤༠༠ ལྷག་ལ་རྨས་སྐྱོན། མི་ཚང་སྟོང་ ༨ ལྷག་གི་སྡོད་གནས་ལ་གཏོར་སྐྱོན་ཐེབས། དེ་བཞིན་གྲོང་ཁྱེར་ཁག་ ༢༠ ནང་གཞུང་ལམ་དང་གློག རླངས་འཁོར་དང་གྲུ་གཟིངས། གནམ་ཐང་སོགས་སུ་གནོད་སྐྱོན་བྱུང་སྟེ། གནམ་གྲུ་ ༨༠༠ ལྷག་གནས་སྐབས་རིང་འཕུར་མཚམས་བཞག་ཡོད་པ་དང་། སློབ་གྲྭ་དང་ལས་ཁུངས་ཁག དེ་བཞིན་བཟོ་གྲྭ་ཁག་བཅས་མང་པོ་ཞིག་སྒོ་བརྒྱབས་ཡོད་འདུག
ཉི་ཧོང་གནམ་གཤིས་བརྟག་དཔྱད་ཁང་གི་ལས་བྱེད་ཨ་ཁའེ་ཧེ་རོ་ཀི་ཁོ་ཆི་(Akihiro KiKuchi)ལགས་ཀྱིས། དེ་རིང་ཆར་རླུང་ཇེ་བྷེ་(Jebi)ཟེར་བ་དེ་ཉི་ཧོང་གི་ཊོ་ཁོ་ཤི་མ་(Tokushima)མངའ་སྡེའི་ནང་བྱུང་ཡོད་པ་དང་། ཐེངས་འདིའི་ཆར་རླུང་དེ་ནི་ཕྱི་ལོ་ ༡༩༩༣ རྗེས་ཀྱི་ཉི་ཧོང་ནང་བྱུང་མ་མྱོང་བའི་ཆར་རླུང་ཤུགས་ཆེ་ཤོས་དེ་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་། ཉི་ཧོང་རང་བྱུང་གོད་ཆག་དོ་དམ་ལས་ཁུངས་ཀྱིས། དེ་རིང་སྔ་དྲོར་ཉི་ཧོང་གི་གླིང་ཕྲན་ཧོན་ཤོ་(Honshu)གཙོས་གྲོང་ཁྱེར་ཁག་ ༩ ཡི་མི་མང་ས་ཡ་ ༡།༢ ཙམ་ཛ་དྲག་ངང་གནས་སྤོ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། གྲོང་ཁྱེར་ ༥༣ གྱི་མི་མང་གནས་སྤོ་བྱེད་མ་དགོས་ཀྱང་ངེས་པར་དུ་ཆུ་ལོག་དང་ས་རུད་སོགས་ལ་དོགས་ཟོན་གྱིས་ཛ་དྲག་མྱུར་སྐྱོབ་བྱེད་པར་གྲ་སྒྲིག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག
ཉི་ཧོང་གི་བློན་ཆེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡོ་ཤིས་ཧེ་དྷ་སོ་གྷ་(Yoshihide Suga)ལགས་ཀྱིས། མི་མང་ས་ཡ་མང་པོར་གློག་མེད་པ་དང་། གནམ་གྲུ་འབབ་ཚུགས་དང་གཞུང་ལམ་སོགས་ལ་གཏོར་བཤིག་བཏང་ཡོད་སྟབས། ང་ཚོས་ག་དུས་ཕྱོགས་ཡོངས་ཀྱི་འབྲེལ་ལམ་བསྐྱར་མཐུད་བྱེད་ཐུབ་མིན་མ་ཤེས་ཀྱང་། གཞུང་ངོས་ནས་ཛ་དྲག་གི་གནས་སྟངས་ལས་གང་མགྱོགས་ཀྱིས་གྲོལ་བར་ཐབས་ཤེས་ཡོད་རྒུ་འདོན་གྱི་ཡོད། ཅེས་བརྗོད་ཡོད་འདུག
གསར་ལམ་ཁག་ཏུ་ཐོན་པའི་བརྙན་རིས་སོགས་ཀྱི་ནང་། ཆར་རླུང་དྲག་པོ་དེས་ཁང་པའི་ཐོག་ཁེབས་བཀོག་པ་དང་གྲུ་གཟིངས་ཀྱིས་ཟམ་པར་བརྡུངས་པ། དེ་བཞིན། རླངས་འཁོར་མང་པོར་མེ་སྐྱོན་དང་བརྡབ་སྐྱོན་བྱུང་བའི་རྐྱེན་གྱིས་ཕྱོགས་གཅིག་ཏུ་སྤུངས་ནས་བཞག་འདུག
ཆར་རླུང་གི་རྐྱེན་པས་གནམ་གྲུ་ ༨༠༠ མ་ཟིན་ཙམ་འཕུར་མཚམས་འཇོག་དགོས་བྱུང་ཡོད་པ་དང་། གྲོང་ཁྱེར་ན་གྷོ་ཡ་དང་ཨོ་ས་ག་གཉིས་སུ་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་གཉིས་ཀྱང་སྒོ་བརྒྱབས་པའི་རྐྱེན་གྱིས། འགྲུལ་བ་སྟོང་ཕྲུག་མང་པོས་རྡོག་འཁྲིས་འཁུར་ཏེ་གནམ་ཐང་དུ་ལྷག་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༧ ནང་ཉི་ཧོང་དུ་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཆུ་ལོག་རྒྱུགས་ཏེ་མི་ ༢༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། སྐབས་དེར་སྲིད་བློན་ཤི་རྫོ་ཨ་བྷེ་མཆོག་ནས། མྱུར་སྐྱོབ་ཚན་པས་དུས་ཐོག་མྱུར་སྐྱོབ་བྱེད་མ་ཐུབ་པར་སྐྱོན་བརྗོད་གནང་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།