བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་ད་ལོའི་དབྱར་ཚོང་བུན་གཡར་ལས་གཞི་མགོ་འཛུགས་བྱས་ཏེ་ས་གནས་ཁག་ ༡༣ གྱི་ཚོང་པ་ཁྱོན་ ༦༠༠ ལ་མི་རེར་ཧིན་སྒོར་འབུམ་ ༢ རེ་བཅས་ཁྱོན་ཧིན་སྒོར་ས་ཡ་ ༡༢༠ བུན་གཡར་གནང་རྒྱུ་ཡིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་དང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ཚན་པ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཅས་ཐུན་མོང་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། ལྷན་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ཀྱི་དབུས་པའི་དཔལ་འབྱོར་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་བཅས་འཛོམས་འདུག
ཐོག་མར་གསར་འགོད་ལྷན་ཚོགས་བསྐོངས་བའི་དགོས་དམིགས་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་འགན་འཛིན་བརྩོན་འགྲུས་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འོག བོད་མི་ཚོར་བུན་གཏོང་གི་དགུན་ཚོང་རོགས་སྐྱོར་ལས་གཞི་ཞིག་འགྲོ་མུས་ཐོག འདི་ལོའི་ཕྱི་ཟླ་ ༢ པ་ནས་བོད་མི་ཚོར་དབྱར་ཚོང་རོགས་སྐྱོར་ལས་གཞི་ཐོག་དང་པོ་མགོ་འཛུགས་བྱ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དངུལ་ཁང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༣ ཉིན་རྒྱ་གར་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་ཡོད་སྐོར་སོགས་ངོ་སྤྲོད་གནང་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་གར་གྱི་དངུལ་ཁང་ཆེན་མོ་ནས་ང་ཚོའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་དངུལ་ཁང་ཆེན་མོའི་ལག་འཁྱེར་གནང་འདུག་ལ། དེ་ནི་མ་འོངས་པར་ཕྱག་ལས་ག་རེ་གནང་ཡང་རྒྱ་གར་གཞུང་གི་བཀའ་འཁྲོལ་ཡོད་པས་ཁྲིམས་དང་མཐུན་པ་ཞིག་ཆགས་ཡོད་ཅེས་ཞུ་འདོད་བྱུང་། ད་རེས་འདིར་ཞུ་རྒྱུར་ཚང་མས་མཁྱེན་གསལ་ལྟར། ང་ཚོས་ཨ་རིའི་རོགས་དངུལ་བརྒྱུད་སིལ་ཚོང་བུན་གཡར་ལས་གཞི་སྤེལ་བསྡད་ཡོད་པ་དང་། དམིགས་བསལ་ཧང་སང་དགོས་པ་ཞིག་ལ་བུན་གཡར་ལས་གཞིའི་རོགས་དངུལ་བརྒྱ་ཆ་བརྒྱ་ཚུར་སློག་འདུག་ལབ་དུས། ཨ་རིའི་རོགས་དངུལ་སྤྲོད་མཁན་ཚོ་ཡང་ཧང་སང་སྟེ། བོད་མི་ཚོས་༧གོང་ས་མཆོག་གི་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་ལམ་སྟོན་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་འགྲེམས་སྤེལ་བྱེད་རིན་ཡོད་པའི་བསྔགས་བརྗོད་དང་འབྲེལ། ང་ཚོ་བཀའ་ཤག་དང་དཔལ་འབྱོར་ལས་ཁུངས་ནས་བུན་གཡར་ལས་གཞི་མུ་མཐུད་སྤེལ་རྒྱུ་ཡིན་པ་མ་ཟད། རྟ་དྲེལ་འདེད་མཁན་དང་ལམ་ཟུར་དུ་ཚོང་རྒྱག་མཁན་ཚོར་ང་ཚོས་ལས་གཞི་ཞིག་སྤེལ་ཡོད། དེ་ནས་གླ་འཁོར་གཏོང་མཁན་ཚོར་བུན་གཡར་ལས་གཞི་སྤེལ་བ་རེད། ད་ལྟའི་ཆར་བུན་གཡར་གྱི་དངུལ་ཚང་མ་ང་ཚོས་བསམ་པ་ནང་བཞིན་ཚུར་སློག་ཡོང་གི་འདུག ང་ཚོས་དགུན་ཚོང་རྒྱག་མཁན་ཚོར་བུན་གཡར་ལས་གཞི་སྤེལ་བ་རེད། ཅེས་གསུངས་སོང་།
ཡང་ཁོང་གིས། དེ་རིང་དམིགས་བསལ་དབྱར་ཚོང་རྒྱག་མཁན་ཚོར་བུན་གཡར་ལས་གཞི་གསར་པ་ཞིག་མི་མང་གི་རེ་སྐུལ་ལྟར་སྤེལ་རྒྱུ་ཡིན། དེའི་ནང་ཐོག་མའི་འཆར་སྙན་ཞུ་ཕུལ་མཁན་ས་གནས་ཁག་ ༣༥ ནས་བྱུང་ཡོད་ནའང་། ང་ཚོའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་ཐད་ཀར་དབྱར་ཚོང་རྒྱག་མཁན་མཉམ་དུ་གྲོས་བསྡུར་བྱས་ཏེ་ཆ་རྐྱེན་ཚང་དགོས་པ་ནང་ལྟར། ད་ལོའི་དབྱར་ཚོང་བུན་གཡར་ལས་གཞི་དེ་ས་གནས་ཁག་ ༡༣ གྱི་ཚོང་པ་ཁྱོན་ ༦༠༠ ལ་མི་རེར་ཧིན་སྒོར་འབུམ་ ༢ རེ་བཅས་ཁྱོན་ཧིན་སྒོར་ས་ཡ་ ༡༢༠ ཡི་བུན་གཡར་ལས་གཞི་སྤེལ་གྱི་ཡོད། བུན་གཡར་ལས་གཞིའི་ནང་ཞུགས་མཁན་ཚོས་སྐྱེད་ཀ་བརྒྱ་ཆ་གསུམ་རེ་ལས་སྤྲོད་དགོས་ཀྱི་མེད། ང་ཚོའི་དམིགས་ཡུལ་ནི་ཚོང་པ་ཚོས་གཞུང་གི་དངུལ་བེད་སྤྱད་དེ་སོ་སོར་ཁེ་སྤོགས་ག་ཚོད་བྱུང་བ་དེས། བཟའ་མི་བུ་ཕྲུག་གི་སློབ་གསོ་དང་། ཕ་མ་གཉོར་སྐྱོང་སོགས་མི་སྒེར་ལ་ཕན་ཐོགས་ཡོང་བའི་རེ་བ་རྒྱག་གི་ཡོད་ལ། རྒྱ་ཆེ་ས་ནས་ཕྱི་ལོ་ ༢༠༡༨ ནང་བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་བྱེད་བཞིན་པར་བལྟས་ཏེ། བོད་མིའི་གཞིས་ཆགས་སྲ་བརྟན་ཆེད་རྒྱ་གར་ནང་བཞུགས་འདོད་ཡོད་རིགས་ཚོར་འཚོ་བ་བརྟན་པོ་ཞིག་ཡོང་བར་མ་དངུལ་དགོས་སྟབས། ང་ཚོའི་བུན་གཡར་ལས་གཞི་སྤྱིའི་དམིགས་ཡུལ་ཡང་དེ་ག་རང་ཡིན། ཅེས་གསུངས་སོང་།
དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། ཕྱི་ལོ་ ༢༠༡༧ ལོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་འཚོ་རྟེན་རོགས་སྐྱོར་མི་ ༩༡༣ ལ་ཧིན་སྒོར་འབུམ་༩༡༣ གཡར་ཏེ་ན་ནིང་ཆ་ཚང་བ་ཚུར་འབྱོར་བ་བྱུང་ཡོད་ལ། ཕྱི་ལོ་ ༢༠༡༨ ལོར་སིལ་ཚོང་རྒྱག་མཁན་ ༡༣༡༦ ལ་འཚོ་རྟེན་རོགས་སྐྱོར་ཧིན་སྒོར་འབུམ་ ༡༣༡༦ གཡར་ཏེ། འདི་ལོའི་ཕྱི་ཟླ་ ༢ ཚེས་མགོའི་བར་ཚུར་འབྱོར་དགོས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༠ ཉིན་མི་ ༡༢༦༦ སྟེ་བརྒྱ་ཆ་ ༩༦ གིས་དངུལ་ཚུར་འབྱོར་བྱུང་བས་ད་ལྟ་བརྒྱ་ཆ་ ༤ མ་གཏོགས་ལྷག་མེད། མ་དངུལ་མང་ཆེ་བ་ཚུར་འབྱོར་བ་དེ་བུ་ལོན་བཞེས་མཁན་དང་མཐུན་འགྱུར་སྦྱོར་མཁན། དེ་བཞིན། ས་གནས་མགོ་འཛིན་དང་ས་གནས་སྐྱིད་སྡུག་ཚོགས་པ་ཁག་གི་མགོ་འཛིན་དང་རྒྱུན་ལས་སོགས་ཚང་མས་ཧུར་ཐག་བྱས་པའི་གྲུབ་འབྲས་ཡིན་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ད་དུང་བུན་གཡར་ལྷག་བསྡད་པ་ཚོས་གང་མགྱོགས་ཚུར་སྤྲོད་ཐུབ་པའི་རེ་བ་ཡོད། ན་ནིང་ང་ཚོས་ཚོང་ཙག་ཙིག་རྒྱག་མཁན་༦༧ ལ་འབུམ་ ༡ རེ་དང་རྟ་དྲེལ་བརྒྱུད་ཚོང་ཙག་ཙིག་རྒྱག་མཁན་ ༡༧ ལ་མི་རེར་ཧིན་སྒོར་འབུམ་རེ་གཡར་ཡོད་པ་ཚང་མ་ཚུར་འབྱོར་ཡོད། གླ་འཁོར་གཏོང་མཁན་ཁག་ཅིག་ལས་མི་ཚང་གཉིས་ལ་ཧིན་སྒོར་འབུམ་ ༤ དང་དེ་མིན་ཚོར་ཧིན་སྒོར་འབུམ་ ༦ རེ་བུན་གཡར་བཏང་ཡོད་པས། ཁོ་ཚོས་ད་ལྟ་ཚོང་ཙག་ཙིག་རྒྱག་མཁན་དང་རྟ་དྲེལ་འདེད་མཁན་ནང་བཞིན་དངུལ་ཚུར་སློག་ཐུབ་པར་རེ་བ་རྒྱག་གི་ཡོད། ད་རེས་དབྱར་ཁའི་རོགས་སྐྱོར་ཚོང་དངུལ་ཧིན་སྒོར་ས་ཡ་ ༡༢༠ མི་ཚང་ ༦༠༠ ལ་གཡར་རྒྱུ་དེ་ད་ལྟའི་གནས་སྐབས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་མཐུན་སྦྱོར་གནང་བ་མ་གཏོགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གི་འཚོ་རྟེན་ལས་གཞི་རང་ཆགས་བསྡད་ཡོད་ཅེས་ཞུ་ཡི་ཡོད་ལ། རིང་མིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རང་གི་ཐོག་བུན་གཏོང་ལས་གཞི་ཐེངས་ལྔ་པ་དང་དྲུག་པ་སོགས་ཁྲིམས་དང་མཐུན་པའི་ཐོག་འགྲོ་ཐུབ་པར་རེ་བ་དང་ཡིད་ཆེས་ཡོད། ཅེས་གསུངས་སོང་།
མཇུག་ཏུ། གསར་འགོད་པས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་དངུལ་ཁང་ཞིག་ཏུ་བསྒྱུར་བའི་དམིགས་ཚད་བཟུང་ཡོད་ཀྱང་། ད་ལྟའི་ཆར་བསྒྱུར་ཐུབ་མེད་པ་དེར་འགོག་རྐྱེན་ག་རེ་འཕྲད་ཀྱི་ཡོད་དྲིས་པར་སྲིད་སྐྱོང་མཆོག་གིས། དངུལ་ཁང་ཞིག་ཐོ་འགོད་བྱེད་དུ་འགྲོ་སྐབས་ལོ་གསུམ་རིང་གི་བརྒྱུད་རིམ་ཚང་མ་འཁྱེར་ཤོག་ལབ་ཀྱི་ཡོད་པ་རེད། དེར་བརྟེན། ལོ་གསུམ་འགོར་གྱི་ཡོད་ལ། གཉིས་པ་དེར་དངུལ་ཁང་འཛུགས་པར་མ་རྩ་དགོས་ཀྱི་ཡོད། དངུལ་ཁང་ཟེར་བ་དེ་ལམ་སང་ཞུས་ཏེ་ལམ་སང་རག་འགྲོ་བ་དེ་འདྲ་ཡོད་ཀྱང་། བེད་སྤྱོད་ལོག་པ་གཏོང་གི་ཡོད་པ་རེད། དེར་བརྟེན། དངུལ་ཁང་ཆགས་པར་ཁྲིམས་དང་འགྲོ་ལུགས་གཞིར་བཞག་ཐོག་འགྲོ་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
ཡང་དྲི་བའི་ལན་དུ་དཔལ་འབྱོར་ཀརྨ་ཡེ་ཤེས་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཚོང་གི་སྡེ་ཚན་གྱི་དེབ་སྐྱེལ་ལོ་སྔོན་མ་བྱས་པ་རེད། ད་ལོར་དངུལ་ཁང་ཆེན་མོའི་ལག་འཁྱེར་རག་ཚར་བ་རེད་ལ། དེ་ནི་བུན་གཏོང་གི་ལག་འཁྱེར་རེད། དངུལ་ཚུར་ལེན་རྒྱུ་དེ་ལོ་ ༣ རྗེས་ལ་རེད། དངུལ་ཁང་མ་ཆགས་པ་མ་ཡིན་པར་ཚོང་གི་སྡེ་ཚན་ཡིན་པ་གང་ཞིག་ལ་དངུལ་གྱི་ལས་ཀ་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་ཚར་བ་རེད། ཅེས་གསུངས་སོང་།
འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས། དངུལ་ཁང་འཛུགས་མ་ཐུབ་པ་མ་རེད། ཉམས་མྱོང་གིས་འདང་གི་ཡོད་པ་མ་རེད། དངུལ་ཁང་བཙུགས་ནས་ལོ་གསུམ་གྱི་ཉམས་མྱོང་ཟེར་བ་དེ་ཆེས་དམའ་མཐའི་ཉམས་མྱོང་རེད། དངུལ་ཁང་འཛུགས་པར་ལོ་བཅུ་གྲངས་ཤིག་གི་ཉམས་མྱོང་མེད་ན་ཡོང་གི་མེད་མོད། ང་ཚོར་ལོ་གསུམ་ཟེར་བ་དེ་ཁྲིམས་ཐོག་ནས་བུན་གཏོང་གི་ཉམས་མྱོང་ཟེར་གྱི་ཡོད་པ་རེད། ཅེས་དང་། ཡང་བོད་མིའི་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཐོག་ཕྱི་སྡོད་བོད་མི་ཞེས་འཁོད་པ་དེ་ཆབ་སྲིད་སོགས་དང་འབྲེལ་བ་གང་ཡང་མེད་པར་ལས་དོན་ཁྲོད་ཉིས་ལྡབ་མི་ཡོང་བ་དང་གྲངས་ཀ་ཁག་ཏག་ཏག་འཐོབ་རྒྱུ་སོགས་ལ་དམིགས་ཏེ་བཀོད་ཡོད་སྐོར་ལ་གསལ་བཤད་དང་སྦྲགས། ཐ་སྙད་དེའི་ཐད་ཉེ་ལམ་ནས་བོད་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཚོར་བ་རྣོ་བའི་རྣམ་འགྱུར་བསྟན་ཡོད་སྟབས། ཕྱི་སྡོད་བོད་མི་ཞེས་པའི་ཐ་སྙད་ཕྱིར་འཐེན་བྱས་ཏེ་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ཞེས་འགོད་རྒྱུ་ཡིན་སྐོར་སོགས་གསལ་བཤད་གནང་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།
དབྱར་ཚོང་དང་དགུན་ཚོང་གི་མིང་གི་འོག་ཏུ་དབུས་བོད་མིའི་སྒྲིག་
འཛུགས་ནས་སྐྱེད་ཆུང་དངུལ་་བུན་གཏོང་བཞིན་པ་འདིའི་ཕན་ཐོགས་
ཆེན་པོ་བྱུང་བ་ནང་བཞིན་ཚོང་གི་མཁེ་འབབས་ནས་དཔལ་འབྱོར་ལས་ཁུང་ལ་བརྒྱ་ཆ་་
འབུལ་རྒྱུ་དེ་ཚོ་ཕུལ་ཡོད་པའི་ངོས་འཛིན་ཞུ་གི་ཡོད།
སུ་ཀྲར་རམ་དབྱར་ཚོང་བསྐྱོན་དག་ལ་སྐྱེད་ཆུང་བུན་གཡར་ལས་གཞི་ཡག་པོ་རེད་རྩ་བའི་ཡག་པོ་རེད་ ཡིན་ནའང་འདས་པའི་ཚོང་པ་དེ་དག་ནས་ཚོང་གི་ཁེ་ཕན་ནས་དཔལ་འབྱོར་ལས་ཁུངས་དྭངས་བླངས་དཔྱ་ཁྲལ་ལ་ཚོང་ཕུད་བརྒྱ་ཆ་ག་ཚོད་གནང་གི་ཡོད་པ་རེད།ངོས་རང་སྡོད་ཡུལ་ནང་གི་ཚོང་པ་ཚོས་ཚོང་པ་ཆེ་ཆུང་ལ་མ་ལྟོས་པར་ལོ་གཅིག་ལ་སྒོར་མོ་བརྒྱ་རེ་ཕུལ་གི་ཡོད་དེ་ནི་མ་རུང་བ་ཞིག་རེད།བཙན་བྱོལ་གཞུང་གི་གཞུང་ཞབས་དྭངས་སློབ་དང་གཏན་ཉིན་སློབ་ཁག་གི་དགེ་ལས་དེ་བཞིན་རང་ཁོངས་ལས་བྱེད་ནས་ཡིན་དང་མིན་ཟེར་རྒྱུ་མེད་པ་བརྒྱ་ཆ་གང་ཙམ་བསྡུ་བཞེས་གནང་གི་ཡོད།ལག་བསྟར་དེ་བཞིན་ཚོང་པ་ཚོ་ལ་གནང་དགོས་པ་ཡིན།ཚོང་ཕུད་མེད་པའི་ཁར་ད་དུང་མཐུན་རྐྱེན་དེ་དག་བསྐྲུན་རྒྱུ་མ་རུང་བ་ལས་གཞི་ཡིན་པ་དཔལ་ལྡན་བཀའ་ཤག་གི་vote bank politicsཡིན་པ་མངོན་གསལ་དང་དེ་ལས་ལྷག་པ་སློབ་ཕྲུག་གི་ཆེད་དུ་སློབ་སྦྱོང་སློབ་ཡོན་མཐུན་རྐྱེན་ད་ཡོད་ལས་ལྷག་པའམ་བཟང་དུ་སྤྲོད་ཐབས་གནང་དགོས་པ་གལ་གནད་ཆེ་ཤོས་ཡིན།
ལོ་རབས་དགུ་བཅུའི་ནང་སུད་ཀྲར་ཚོང་མཁན་ལ་དངུལ་བུན་
མེད་པའི་སྒྲིག་གཞི་དེབ་ཆུང་སྟོན་པ་རེད་ད་ལྟའི་སྐབས་ལ་སུད་
ཀྲར་ཚོང་པ་ལ་དངུལ་བུན་གནང་བ་འདིའི་མི་མང་ལ་ཕན་ཐོག་
ཆེན་པོ་བྱུང་ཡོད་ལ་དུས་ཚོད་དང་ཆབ་སྲིད་ཀྱི་འགྱུར་བའི་འོག་
བཙན་བྱོལ་སྤྱི་ཚོགས་ཀྱི་སྲིད་ཇུས་ལའང་འགྱུར་བ་འདི་ལྟར་ཕྱིན་
པ་ལ་ངོས་འཛིན་ཞུ་གི་ཡོད།