ལྷ་རུའི་བུ། ལ་དྭགས།
“གཞུང་གི་ལས་ཀ་ཡིན་ན། ཁྱི་རྫི་ཕག་རྫི་ཡིན་ཡང་བྱ་རྒྱུའི་དམ་བཅའ་ཡོད།”ཅེས་པའི་སྐད་ཆའི་དུམ་བུ་འདི་ནི། སྔ་ལོ་ལས་དོན་ཞིག་དང་འབྲེལ་ནས་རྒན་ཁོང་གི་གཟིམ་ཤག་ལ་བཅར་དུས། བདག་ལ་གསུངས་པའི་གསུང་གི་སྙིང་པོ་ཞིག་རེད། འདས་པའི་མི་ལོ་དྲུག་ཅུ་མ་ཟིན་ཙམ་རིང་། ཁོང་གིས་དམ་བཅའ་དེ་ཉིད་སྙིང་ཁོང་ལ་དམ་དུ་བཅངས་ནས་རྒྱུན་སྐྱོང་བྱས་ཡོད་པ་ལས་ཀའི་གྲུབ་འབྲས་ནས་གསལ་ལེར་སྣང་ཐུབ། ཉིན་ཤས་སྔོན་རྒན་ཁོང་ཡུན་རིང་ནད་མནར་གྱིས་མཐར་ཕྱི་མའི་ལྔ་ལམ་དུ་གཤེགས་པའི་མི་སྙན་པའི་གཏམ་སྙིང་ཁར་གཟན་པ་དེ་ཉིད་རྣ་བའི་ལམ་དུ་ཐོན་མ་ཐག བདག་ཙམ་མ་ཟད། བདག་དང་བདག་འདྲ་བའི་མི་མང་པོ་ཞིག་ཀྱང་སྡུག་བསྔལ་གྱི་འོབས་དོང་དུ་ལྷུང་ནས་སྨྲེ་སྔགས་འདོན་པ་ཤིན་ཏུ་མང་། ལ་དྭགས་བོད་མིའི་གཞིས་ཆགས་ལ་མཚོན་ན། ༸རྒྱལ་བ་ཐམས་ཅད་མཁྱེན་པ་དང་། ༸སྐུའི་གཅུང་མོ་རྗེ་བཙུན་པདྨ། དེ་བཞིན་རྒན་བསྟན་འཛིན་བཅས་གསུམ་ལས་ལྷག་པའི་དྲིན་པོ་ཆེ་ཞིག་ས་སྟེང་འདི་ནས་བཙལ་ཀྱང་ཤིན་ཏུ་ནས་རྙེད་དཀའ་བའི་དཀོན་ནོར་ཞིག་ཡིན།
རྒན་བསྟན་འཛིན་ནི་ཡོངས་གྲགས་སུ་འབོད་པའི་མཚན་དེ་རེད། མཚན་དངོས་ལ་བློ་བཟང་བསྟན་འཛིན་ཟེར། ཕ་ཡུལ་གཞིས་ཀ་རྩེ་རེད། ཐག་རིང་བྱང་ཐང་གི་འབྲོག་པ་དང་ཞིང་པ་རྣམས་ཀྱིས་ཀྱང་རྒན་བསྟན་འཛིན་མི་ཤེས་མཁན་སུ་ཡང་མེད། ད་ལྟ་སློབ་ཕྲུག་སྟོང་ཕྲག་མང་པོར་ཟས་གོས་གནས་མལ་ཙམ་མ་ཟད། ཤེས་ཡོན་གྱི་སྐལ་བཟང་གོ་སྐབས་བསྐྲུན་དང་སྐྲུན་བཞིན་པའི་ལ་དྭགས་བོད་ཁྱིམ་གྱི་སློབ་གྲྭའི་ཁྱིམ་སྡེ་ཆེན་པོ་དེའི་ཐོག་མའི་མེ་ཐབ་ཀྱི་སྒྱིད་བུ་འཛུགས་མཁན་གྱི་ལོ་རྒྱུས་ཀྱི་མི་སྣ་རླབས་ཆེན་དེ་ཁོང་རེད། ད་ལྟ་རང་རེའི་བཙན་བྱོལ་གྱི་བསྟི་གནས་སྒྲིག་འཛུགས་མང་པོའི་ནང་། ལ་དྭགས་བོད་མིའི་གཞིས་ཆགས་ཀྱི་གཞོན་སྐྱེས་མང་པོ་ཡོད་པ་དེ་ཡང་མནོ་བསམ་ལེགས་པར་བྱས་ན། ཁོང་གི་གྲུབ་འབྲས་དང་ཐོག་མའི་བློས་གཏོང་གི་ཆོད་སེམས་ལས་བྱུང་པ་ཞིག་ཡིན་པ་ཡིད་གཉིས་ཐེ་ཚོམ་ནམ་ཡང་བྱ་དགོས་མེད། ན་ནིང་དབྱར་གཞུང་ཞིག་ལ་རྒན་ལགས་ཁོང་ཞལ་མཇལ་ཞུ་རུ་བསྐྱོད་སྐབས། བདག་དང་བདག་གི་ལས་རོགས་གཉིས་ལ་དེ་ལྟར་གསུངས་བྱུང་། ད་ལྟ་ང་ལོ་ན་ཧ་ཅང་མཐོན་པོ་བསླེབས་ཚར་ཡོད། ལུས་པོ་ཡང་སྔར་ལྟར་སྲ་ཐག་ཐག་ཅིག་མི་འདུག ཕལ་ཆེ་འདི་ལོ་ལ་དྭགས་བོད་ཁྱིམ་ལ་ཡོང་རྒྱུའི་ཐ་མ་ཡིན་སྲིད། དེ་འདྲ་ཡིན་དུས་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ཐེངས་གཅིག་ཐུག་འདོད་ཧ་ཅང་ཆེན་པོ་འདུག ཁོང་ཚོ་མང་ཆེ་བ་གསར་པ་ཡིན་དུས་ཐོག་མའི་དཀའ་ངལ་མང་པོ་ཞིག་ང་མ་གཏོགས་སུས་ཀྱང་ཤེས་ཀྱི་མ་རེད། དེ་དག་ལབ་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་གསུངས་པས། ཉིན་ཤས་རྗེས་ཁོང་གི་ཐུགས་འདོད་ལྟར། སློབ་གྲྭའི་ཚོམས་ཆེན་དུ་སློབ་ཕྲུག་དང་ལས་བྱེད་སོགས་མཉམ་འཛོམས་ཀྱིས་ཞལ་མཇལ་གསུང་བཤད་ཉན་རྒྱུའི་གོ་སྐབས་བྱུང་ཡོད། དེ་ནི་ང་ཚོར་མཚོན་ན། ཕ་རྒན་དང་བུ་གཉིས་ཀྱི་ཆེས་ཐ་མའི་མཉམ་འཛོམས་ལྟ་བུའི་དུས་ཚོད་གཅིག་ལས་མ་འདས། དེ་རིང་ཁོང་ང་ཚོ་དང་གཏན་དུ་བྲལ་སོང་བ་རེད། ནམ་ནམ་ཞར་ཞར་ལ་ཕྱིར་མི་འོང་བའི་གནས་གཞན་ཞིག་ལ་ཕེབས་སོང་བ་རེད། ང་ཚོར་དྲན་གདུང་གི་སྨྲེ་སྔགས་དང་། འགྱོད་གདུང་གི་མིག་ཆུ་ཞིག་ལས་ཁྱོད་ལ་ཅི་ཡང་འབུལ་རྒྱུ་མ་ཐོབ། འོན་ཀྱང་ཁྱེད་ཉིད་ནམ་ཡང་བརྗེད་མི་སྲིད། བཅོ་ལྔའི་དུང་ཟླ་བཞིན་ངེད་ཅག་གི་དྲན་འཛིན་གྱི་ནམ་མཁར་ལྷང་ངེར་འཆར་ངེས་རེད།རྒན་ཁོང་༸སྐུའི་གཅུང་མོ་རྗེ་བཙུན་པདྨ་བརྒྱུད་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་འབྲེལ་བཞིན་ལ་དྭགས་སུ་སྤྱི་ལོ་༡༩༧༥ལོར་ཕེབས། དེ་ཡང་ལོ་སྔུན་མ་ཁོང་གིས་བདག་དང་བདག་གི་ལས་རོགས་ཤིག་ལ་དེ་ལྟར་གསུངས་བྱུང་། སྐབས་དེ་དུས་ཀྱི་ལ་དྭགས་གཞིས་ཆགས་ཀྱི་སྐུ་ངོ་སྐལ་བཟང་དགྲ་འདུལ་དང་། བྱང་ཐང་མགོ་འཛིན་ཟླ་བ་ཆོས་འཕེལ་གཉིས་ཀྱིས། སྤྱི་ལོ་༡༩༧༥ཟླ་༠༣ནང་རྡ་རམ་ས་ལར་ལོ་འཁོར་ཚོགས་འདུར་ཕེབས་སྐབས། ༸རྒྱལ་བ་རིན་པོ་ཆེར་ལ་དྭགས་བྱང་ཐང་ཁུལ་དུ་བོད་མི་བཙན་བྱོལ་བའི་བུ་ཕྲུག་ལོ་༦ནས་ལོ་༡༤བར་ཡིན་པ་གྲངས་ ༦༦༠ ཡོད་པ་དང་། ཁོང་ཚོར་ཤེས་ཡོན་སློབ་མཁན་གྱི་དགེ་རྒན་དང་སློབ་གྲྭ་སོགས་མེད་པའི་དཀའ་ངལ་སྙན་སེང་ཞུས་རྗེས། ༸སྐུ་མདུན་ཡིད་བཞིན་ནོར་བུས་ཐུགས་བློས་མ་བཟོད་པར་རྗེ་བཙུན་པདྨ་བརྒྱུད། རྒན་ཁོང་བྱིས་པ་དེ་དག་གི་ཤེས་ཡོན་ཁོ་ནའི་ཆེད་དུ་ལ་དྭགས་སུ་མངགས་གཏོང་གནང་བྱུང་ཞེས་གསུངས། དུས་དེ་ནས་བཟུང་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་ཉིན་མོའི་མི་དང་མཚན་མོའི་ཁྱི་ལྟར་འབད་རྩོལ་ཟམ་མ་ཆད་པར་བྱས་རྗེས། ད་ལྟ་གཡུར་ཟའི་འབྲས་བུར་རྗེས་ཤུལ་བོད་ཕྲུག་ཙམ་དུ་མ་ཟད། ཡུལ་མིའི་བུ་ཕྲུག་བརྒྱ་ཕྲག་མང་པོར་ཤེས་ཡོན་སློབ་སྦྱོང་སོགས་ལ་ལོངས་སྤྱོད་བྱེད་པའི་གོ་སྐབས་བཟང་པོ་བྱུང་ཡོད། དཀའ་བ་སྤྱད་པའི་བརྒྱུད་རིམ་ནང་། ལ་ལ་ནི་ཐུགས་སྟོབས་དང་ཆོད་སེམས། ལྷག་བསམ་དང་ལ་རྒྱ་ཅན་གྱི་མ་གཏོགས་གཞན་སུས་ཀྱང་ལས་སླ་པོར་འཇོན་པར་དཀའ་བ་དེ་འདྲ་ཡང་འདུག དཔེར་ན་བྱང་ཐང་ནི་དེང་སང་ཡང་མཐུན་རྐྱེན་དང་། གནམ་གཤིས་སོགས་དཀའ་ངལ་ཅན་གྱི་ཡུལ་གྲུ་ཞིག་ཡིན། འོན་ཀྱང་དེའི་དུས་དེའི་ཚེ་དང་བསྡུར་ན། ད་ལྟ་ནི་ཅི་ཡང་མི་སླེབས། རྒན་ཁོང་གིས་དེ་སྔོན་ལ་དྭགས་བོད་ཁྱིམ་གྱི་སློབ་མ་དང་པོའི་གྲས་དག་ནི། བྱང་ཐང་གི་འབྲོག་ས་དུ་མར་དཔྱིད་གསུམ་ཀྱི་ཐལ་བ་འཚུབ་འཚུབ་ཀྱི་ལྷགས་རླུང་དང་། དབྱར་གསུམ་གྱི་ཉི་མའི་ཚ་གདུང་། དགུན་གསུམ་གྱི་ཁ་བ་བུ་ཡུག་གི་གྲང་ངད་སོགས་ལ་མ་ལྟོས་པར། དཀའ་བ་སྤྱད་སྤྱད་ནས་བྱང་ཐང་གི་ས་ཁག་མི་འདྲ་བ་རྐྱང་རྐྱང་ནས་བླངས་པའི་སློབ་མ་དྲུག་ཅུ་ལྷག་ཙམ་ལས་གྲུབ་དེ་ནས་རྟོགས་ཐུབ། སྔ་ལོ་རྒན་ཁོང་གིས་བདག་ལ་གསུངས་པར་གཞིགས་ན། རང་ཉིད་གཅིག་པུས་རང་གི་མལ་ཆས་དང་རྒྱགས་ཆས་རྣམས་རྡོག་ཁྲེས་སུ་བཅས་ནས་རྒྱབ་ལ་ཁུར། ལེ་བར་བཅུ་ཕྲག་མང་པོ་སློབ་ཕྲུག་བསྡུ་རུབ་ཆེད་རྐང་པ་བརྒྱབས་ནས་འགྲོ་དགོས་པ་དང་། སྐབས་རེ་བྱང་ཐང་ཧན་ལེ་སོགས་ལ་འགྲོ་དུས་གཞན་གྱི་ལག་ནས་རིན་གྱིས་རྟ་གཡར་ཏེ། དུས་ཚོད་མང་པོ་འབྲོག་པའི་རུ་གང་ན་ཡོད་པ་དེར་ཕྱིན་ནས། ཕ་མ་ཚོར་བྱིས་པ་སློབ་གྲྭར་བསྐྱལ་དགོས་པའི་སློབ་གསོ་བྱས་རྗེས། མཐར་ཕུན་སུམ་ཚོགས་པའི་ད་ལྟའི་འབྲས་བཟང་གི་རྒྱུ་རྣམས་རེ་རེ་བཞིན་གྲུབ་པར་མཛད་ཡོད།ད་དུང་རྒན་ཁོང་གིས་སློབ་གྲྭའི་འཐུང་ཆུའི་དཀའ་ངལ་ཙམ་དུ་མ་ཟད། གཞིས་ཆགས་ཀྱི་འཐུང་ཆུའི་དཀའ་ངལ་བསལ་བའི་ཐད་ལའང་། སྐྱིད་སྡུག་མཉམ་མྱོང་དང་། དཀའ་སྤྱད་གདོང་ལེན་གྱི་འབད་པ་རྒྱུན་ཆད་མེད་པ་བསྟེན་ཡོད། གཞིས་ཆགས་ཀྱི་གྲོང་སྡེ་སོ་སོར་དེ་སྔོན་ཆུ་མེད་པའི་དཀའ་ངལ་གྱིས། དུད་ཁྱིམ་རེ་རེ་ནས་མི་རེ་འཐུང་ཆུའི་ཆེད་དུ་དུས་ཚོད་མང་པོ་བློས་བཏང་ནས། བསྡད་སའི་གྲོང་སྡེ་དང་རྒྱང་ཁད་རིང་ཙམ་གྱི་ས་ན་ཡོད་པའི་གཙང་པོར་ཆུ་ལེན་དུ་བསྐྱོད་དགོས་པའི་དཀའ་ཚེགས་མི་རྒྱུ་གཉིས་ལ་ཆེན་པོ་ཡོད། རྗེས་སུ་ཁོང་གིས་འགྲིམ་འགྲུལ་གྱི་དཀའ་ཚེགས་ཆེས་ཆེར་ཡོད་པའི་དུས་སྐབས་དེ་འདྲ་ཞིག་ལ། མནོ་བསམ་དྲུག་གསུམ་བཅོ་བརྒྱད་དང་། ཐབས་ཤེས་བཞི་གསུམ་བཅུ་གཉིས་བྱས་མཐར། ས་ཁུལ་གྱི་དམག་མིའི་དཔོན་པོ་སོགས་ནས་རོགས་དན་བསླངས་ནས། དམག་མིའི་གནམ་གྲུ་བརྒྱུད་ཆུའི་ཆེད་དུ་ལྕགས་ཀྱི་སྦུ་གུ་སྟོང་ཕྲག་མང་པོ་ལ་དྭགས་ཀྱི་ཕྱི་ལོགས་ནས་ཐབས་འཚོལ་བྱས་ནས་ལ་དྭགས་སུ་འོར་འདྲེན་བདེ་བླག་ངང་ཐུབ་པ་བྱུང་རྗེས། སློབ་གྲྭའི་རྭ་སྐོར་ན་ཆུ་མཛོད་ཀྱི་ཨར་ལས་འགོ་བཙུགས་ནས་གསར་བརྒྱགས་གྲུབ་མཐར། ཉེ་འཁོར་གྱི་བོད་པའི་གཞིས་ཆགས་སོ་སོར་ཆུ་ཤར་གཏོང་ཐུབ་ནས། སྤྱི་སྒེར་གཉིས་ལ་ཤིན་ཏུ་ནས་དཀའ་དྲིན་ཆེ་བའི་ལས་དོན་རྒྱ་ཆེ་གྲུབ་ཐུབ་ཡོད།
ད་ལྟ་བར་ལ་དྭགས་བསོད་ནམས་གླིང་གི་གཞིས་ཆགས་ལ་མཚོན་ན། རྒན་ཁོང་གི་བཀའ་དྲིན་ལ་བརྟེན་ནས། བོད་མི་བཙན་བྱོལ་བའི་གཞིས་ཆགས་གཞན་གང་ལའང་མེད་པའི་རིན་མེད་ཤེས་ཡོན་གྱི་དུས་སྐབས་བཟང་པོ་ད་ལྟ་བར་བྱུང་ཡོད། དེ་འདྲའི་མཐུན་རྐྱེན་ཡོད་པ་རང་རེ་ཙམ་ལས་མེད། ད་ལྟ་ང་ཚོའི་འཚོ་བ་གང་ལེགས་སུ་གྱུར་ནས་ཡོད་པས། བོད་ཕྲུག་ཁྱིམ་སྡེའི་སྤྱིའི་སྒྲིག་འཛུགས་འདི་མ་འོངས་པར་ད་དུང་སྲ་ཐག་ཐག་ཅིག་གནས་གྱུར་དུས་ཀྱི་འགྱུར་ལྡོག་ལ་གཞིགས་པའི་རམ་འདེགས་ཅི་དགོས་བསམ་གཞིགས་བྱ་དགོས། དེ་ནི་བདག་སོགས་ཡོངས་ཀྱི་གཉའ་བར་བབས་པའི་འོས་འགན་ཞིག་ཡིན།“གནོད་འགྱུར་ཆ་ཙམ་ཐུགས་ཀྱིས་དགོངས་པ་རིང་མོ་ཞིག་ནས་བཏང་བས་ན།། བདག་འདྲ་རང་ལ་བརྩེ་བ་དེས་ཀྱང་ཁྱོད་ཐུགས་སྙིང་རྗེ་ཆར་མི་ཕོད།།”བཅས་པའི་ཚིགས་རྐང་གཉིས་པོ་ནི། ༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་མཛད་པའི་འཕགས་བསྟོད་ཀྱིི་ནང་ན་ཡོད། ན་ནིང་རྒན་ཁོང་གིས་སྤྱན་གྱིི་སྨིན་མ་གཉིས་གཟེངས་གཟེངས་བྱས་ཏེ། ཚིགས་རྐང་དེ་གཉིས་ཡང་ཡང་གསུངས་གནང་སོང་། མ་ཟད་ད་དུང་མུ་མཐུད་དེ་”ང་ཚོ་ཚང་མས་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ནམ་ནམ་ཞར་ཞར་ལའང་བརྗེད་མི་ཉེན་པ་རེད། ༸རྒྱལ་བ་རིན་པོ་ཆེ་ནི་སྐུ་སྐྱེས་མང་པོའི་སྔོན་ནས་སེམས་ཅན་ལ་འཚེ་བའི་ལས་སྤང་ཟིན་པ་ཞིག་རེད། ཁོང་གིས་གང་བཀའ་གནང་བ་དེ་དག་ནི། སེམས་ཅན་ལ་ཕན་པའི་ཕྱིར་ཡིན། དེས་ན་བཀའ་དྲིན་ནམ་ཡང་བརྗེད་མི་ཆོག་པ་མ་ཟད། བཀའ་གསུང་ཅི་སྒྲུབ་གནང་དགོས་ཀྱི་རེད། ཁོང་དུས་གསུམ་གསལ་གཟིགས་རེད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པའི་ནང་ལ་བོད་མི་རྣམས་གཅིག་ལ་གཟིགས་ཀྱི་ཡོད་རེད་མ་གཏོགས། མིང་སྣ་ཚོགས་ཀྱི་འོག་ལ་སོ་སོར་བཞག་པ་ཞིག་རྩ་བ་ནས་ཡོད་མ་རེད། “ཅེས་ནན་ཏན་གྱི་སྒོ་ནས་གསུངས། ཡང་བདག་གི་ཡིད་ན་གསལ་ལྷང་ངེར་ཤར་བ་ཞིག་ལ་རྒན་ཁོང་ཉིད་ཐོག་མར་རྒྱ་གར་ལ་བྲོས་བྱོལ་ལ་ཕེབས་སྐབས། སེམས་ན་དམ་བཅའ་དེ་འདྲ་ཞིག་ཡོད། ” ང་རང་བོད་ནས་བཙན་བྱོལ་ལ་ཡོང་དུས་བསམ་བློའི་ནང་། གཞུང་གི་ལས་ཀ་བྱ་རྒྱུ་འབྱུང་ན། ཁྱི་རྗི་ཕག་རྫི་ཡིན་ཡང་བྱ་རྒྱུ་དང་། མ་འབྱུང་ན་ཆོས་གཤའ་མ་ཞིག་བྱ་རྒྱུའི་དམ་བཅའ་སྙིང་ལ་བཅངས་ནས་ཡོད་”ཅེས་གསུངས་བྱུང་། དེས་ན་ཁོང་གིས་རང་ཉིད་གསོན་པའི་རིང་༸རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའི་དགོངས་པའི་རྒྱ་ལས་མ་བརྒལ་བར་ཞབས་འདེགས་གཞལ་དུ་མེད་པ་གནང་བ་་དེ་དག་ནི། ཐོག་མའི་ཆོད་སེམས་བརྟན་པོ་དང་། རྗེས་ཀྱི་ངོ་ལྐོག་གཡོ་བ་མེད་པའི་འབད་རྩོལ་ལ་བརྟེན་ནས་ཡིན་པས། ཕྱི་རབས་པ་ང་ཚོས་ཅི་ནས་ཀྱང་བླངས་དགོས་པའི་དམ་ངག་ཅིག་གོ།
རྒན་བསྟན་འཛིན་ནི། སྤྱི་ལོ་༡༠༦༠ལོར་རྡ་ས་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་པའི་སྐབས། ཁོང་ནི་ཐོག་མའི་ལས་བྱེད་ཀྱི་གྲས་རེད། སྤྱི་ལོ་༡༩༩༠ལོར་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན་གྱི་ལས་གནས་ནས་བགྲེས་ཡོལ་དུ་ཕེབས། ཁྱོན་བགྲང་བྱ་ཧྲིལ་པོ་བཅུ་ཕྲག་གསུམ་རིང་བཙན་བྱོལ་ནང་གི་ཤིན་ཏུ་ནས་གཉན་འཕྲང་ཆེ་བའི་དུས་སྐབས་སུ། གཞོན་ནུ་ལོ་ཆུང་མང་པོར་ཤེས་ཡོན་སོགས་ཀྱི་སྟེང་ལ་བྱས་རྗེས་རྨད་དུ་བྱུང་བ་བཞག་གནང་ཡོད། སྤྱིར་ཁོང་ནི་དང་ཐོག་བཙན་བྱོལ་ལ་ཕེབས་དུས་སྐུ་ངོ་ཐུབ་བསྟན་ཉིན་བྱེད་ཞུ་བ་ཞིག་གི་གཡོག་པོ་དང་། དེ་ནས་རྡ་རམ་ས་ལའི་སྤྱི་ཐབ་ཀྱི་མ་བྱན། རྡ་ས་བོད་ཁྱིམ་དབུ་བརྙེས་ནས་དགེ་རྒན་དང་སྡོད་ཁང་འགན་འཛིན། མཐར་སློབ་གྲྭའི་ངེས་པའི་ལས་གནས་བཟུང་། མདོར་ན་ཁོང་ནི་སྨག་ལ་བཏེགས་པའི་སྒྲོན་མེ་དང་། ཕ་མཛངས་ཀྱི་བུ་ལྟར་སྙིང་སྟོབས་ཀྱི་གོ་ཆ་བརྟན་པར་བྱས་ནས། དཀའ་བ་བརྒྱ་ཕྲག་གི་ཕ་རོལ་ཏུ་བསྐྱོད་པ་ལ་ནམ་ཡང་ཞུམ་པ་མེད་པའི་གདོང་མཆོངས་དཔའ་བོ་ཞིག་ཡིན། མི་ཚི་གཅིག་དེ་ལྟར་བཟང་མཐར་འཁྱོལ་བ་རེད།
རྒན་བསྟན་འཛིན་མཆོག་གི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་། ཁོང་གི་མི་ཚེ་གང་པོར་གཞན་དོན་ཁོ་ནར་འདས་པས་སླར་ཡང་མི་ལུས་རིན་པོ་ཆེ་ཐོབ་པར་ཐེ་ཚོམ་མེད་པས་གང་མྱུར་བྱོན་པའི་སྨོན་འདུན་ཞུ།
ཧ་ལས་པ་རེད།