བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་དབུ་འབྱེད་ཐོག་༧གོང་ས་མཆོག་གིས་ལས་གཞི་འདིའི་གྲུབ་འབྲས་བདུན་ཕྲག་རྗེས་མར་སྨིན་མི་སྲིད་ནའང་མི་རབས་རྗེས་མར་སྨིན་ཏེ་འགྲོ་བ་མིའི་རིགས་ནི་སྔར་ལས་བསམ་ཤེས་ཅན་དང་བྱམས་བརྩེ་ཅན་ཞིག་ཏུ་འགྱུར་ཐུབ་ཅེས་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཨན་ཌ་ཛི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ ༡༢ ནང་ཡོད་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་(Social, Emotional and Ethical Learning/SEE Learning) རྒྱལ་སྤྱི་རང་བཞིན་གྱི་ཐོག་ནས་དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། མཛད་སྒོའི་སྟེང་༧གོང་ས་མཆོག་དབུས་པའི་ཕྲུ་གུའི་ངལ་རྩོལ་ལམ་སྲོལ་ལ་ངོ་རྒོལ་གནང་མཁན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་ས་ཏི་ཡར་ཐི་(Kailash Satyarthi) ལགས་དང་། ལྡི་ལིའི་སྲིད་བློན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་མཱ་ནི་ཤི་སི་སོ་དྷི་ཡ་(Manish Sisodia)ལགས། དེ་བཞིན་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབ་ཀྱི་ལས་གཞི་ལག་བསྟར་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། དགའ་ལྡན་ཕོ་བྲང་གི་ལྡི་ལིའི་སྐུ་ཚབ་བཀའ་ཟུར་བསྟན་པ་ཚེ་རིང་ལགས། དེ་བཞིན་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རོ་བྷར་ཊི་ཕོལ(Robert Paul)ལགས། རྒྱ་གར་གྱི་ཝཱ་ནཱ་ཐེབས་རྩ་(Vana Foundation)གསར་འཛུགས་གནང་མཁན་སྐུ་ཞབས་ཝིར་སིང་ (Veer Singh)ལགས་བཅས་ཀྱིས་སྔ་གཞུག་ཏུ་དབུ་འབྱེད་གསུང་བཤད་གནང་སོང་བ་དང་། ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག འཛམ་གླིང་རྒྱལ་ཁབ་ ༣༧ གྱི་སློབ་གྲྭ་ ༡༠༤ ཡི་དབུ་འཁྲིད་དང་སློབ་གསོ་བ། སློབ་ཕྲུག དེ་བཞིན་རྒྱ་གར་གྱི་སློབ་གྲྭ་ཁག་ ༡༡༨༦༢ ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་ཡོད་སློབ་གསོའི་སྡེ་ཁག་གི་སྐུ་ཚབ་བཅས་འཛོམས་ཡོད་པ་རེད།
མཛད་སྒོའི་ཐོག་མར་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ལྷོ་ཤར་ཨེ་ཤ་ཡ་ཁུལ་གྱི་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས། དེང་རབས་ཚན་རིག་དང་འཕྲུལ་རིག་ཡར་རྒྱས་ཕྱིན་པ་དང་བསྟུན། བརྡ་འཕྲིན་དང་འཛུགས་བསྐྲུན་སོགས་ཀྱི་ཕྱི་དངོས་པོའི་བདེ་བ་ཕྲན་བུ་སྟེར་གྱི་ཡོད་ནའང་དེས་ཕྲག་དོག་དང་འགྲན་སེམས་སློང་གི་ཡོད་པ་དང་། འཛམ་གླིང་འདིའི་ནང་རྙོག་གླེང་དང་དྲག་སྤྱོད་སྤེལ་བ་སོགས་བྱུང་གི་ཡོད་པས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་བཞིན་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་མི་འགྲིག་པར་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་དང་ལྡན་པ་དེ་ཡར་རྒྱས་གཏོང་ཐབས་ལ་ཚང་མའི་རྒྱབ་སྐྱོར་གནང་དགོས་པ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།
རྒྱ་གར་གྱི་ཝ་ན་ཐེབས་རྩ་(Vana Foundation)གསར་འཛུགས་གནང་མཁན་སྐུ་ཞབས་ཝིར་སིང་ (Veer Singh) ལགས་ཀྱིས། ཁོང་གིས་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དེར་རགས་ཀློག་ཅིག་བྱས་པ་ཡིན། དོན་དངོས་ཐོག་བསླབ་གཞི་དེ་སྤུས་ཚད་ལྡན་པ་ཞིག་དང་། སློབ་གསོའི་ཁྱད་ནུས་ཡོད་པ། དེ་བཞིན་ལག་ལེན་དང་། རྒྱལ་སྤྱིའི་སྤྱོད་སྒོ་རང་བཞིན་ཅན་དུ་བསྒྲིགས་ཡོད་པར་མཐོང་ཡོད་པ་དང་། དེ་ནི་༧གོང་ས་མཆོག་གི་བྱམས་སྙིང་རྗེ་དང་སེམས་འཁུར་སོགས་ཀྱི་དགོངས་པའི་ཉིང་བཅུད་གཅིག་ཏུ་བསྡུས་པ་ཞིག་ཡིན་སྐོར་དང་། སཱི་ཤེས་ཡོན་སློབ་གསོ་དེ་རྒྱ་གར་དུ་དབུ་འབྱེད་བྱས་པ་དེ་ནི་དགའ་སྤོབས་སྐྱེ་འོས་པ་ཞིག་ཡིན་པ་དང་། རང་ཉིད་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་༧གོང་ས་མཆོག་ནས་དུས་རྒྱུན་དུ་ང་ཚོའི་ཁྱད་དུ་འཕགས་པའི་གནའ་བོའི་ལམ་སྲོལ་དེ་ཉིད་རྒྱུན་སྐྱོང་བྱེད་རྒྱུའི་དྲན་སྐུལ་གནང་གི་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁོང་གིས་སྐུ་ཚེགས་ལ་མ་འཛེམ་པར་ང་ཚོས་སྟོན་པ་ཤཱཀྱ་ཐུབ་པ་བཞིན་བཟང་ལེན་ངན་དོར་གྱི་ཕྱོགས་སུ་བསྐྱོད་རྒྱུའི་ཡར་སྐུལ་གནང་བར་བཀའ་དྲིན་ཆེ་ཞུ། ད་ལྟ་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་བྱེད་རྒྱུ་དང་། ང་ཚོའི་མི་རབས་གཞོན་པ་རྣམས་ཀྱི་རྒྱུད་ལ་བཟང་སྤྱོད་ཀྱི་རིན་ཐང་འཇོག་རྒྱུའི་དུས་སྐབས་ལེགས་ཤོས་དེ་ཡིན་སྟབས། ཚང་མས་སཱི་ཤེས་ཡོན་སློབ་གསོ་འདི་རྒྱ་གར་དང་འཛམ་གླིང་ཧྲིལ་པོའི་ནང་ཁྱབ་སྤེལ་གཏོང་རྒྱུའི་འབོད་ཞུ་ཡི་ཡོད་སྐོར་སོགས་བརྗོད་སོང་།
ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་རོ་བྷར་ཊི་ཕོལ་(Robert Paul) ལགས་ཀྱིས། ང་ཚོའི་འཛམ་གླིང་ནི་ཧ་ལས་པའི་དཀའ་རྙོག་མང་པོ་ཞིག་གི་ནང་ལྷུང་བཞིན་ཡོད་པ་རེད་ལ། དེ་དག་སེལ་ཐབས་སུ་ཐབས་ཤེས་ཀྱང་སྣ་མང་ཡོང་གི་ཡོད་པ་རེད། འཛམ་གླིང་སྔར་ལྷག་ཡར་རྒྱས་དང་ཞི་བདེ་ཡོང་ཐབས་སུ་ང་ཚོར་ཆེས་བླ་ན་མེད་པ་དང་རྫོགས་མཐའ་མེད་པའི་ནུས་པ་ཆེན་པོ་ཞིག་ཡོད་པ་ནི་ང་ཚོའི་བྱིས་པ་རེད་ལ། བྱིས་པ་ཚོའི་བྱིས་པ་རེད། མ་འོངས་བའི་ང་ཚོའི་འཛམ་གླིང་འདི་ཇི་ལྟ་བུ་ཞིག་ཏུ་འགྱུར་མིན་ནི་བྱིས་པ་འདི་ཚོས་ཐག་གཅོད་གང་བྱས་དང་། འཛམ་གླིང་གི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གཞན་དང་མཉམ་གནས་བྱེད་སྟངས་ལ་རག་ལུས་ཡོད་པ་རེད། ཚན་རིག་དང་མཐུན་པའི་འཛམ་གླིང་གི་དཀའ་རྙོག་སེལ་ཐབས་ཡོད་ཐོག་བྱམས་དང་སྙིང་རྗེ། གཏོང་ཕོད་དང་བཟོད་གསོལ། གཞན་ལ་བསམ་ཤེས་ལྡན་པའི་མི་ཞིག་ནི་ད་ལྟའི་གཞོན་སྐྱེས་ཚོའི་ཁྲོད་ཉུང་དྲགས་པའི་དཀའ་ངལ་ཡོད་པ་རེད། ད་ལྟ་ང་ཚོས་ནང་སེམས་ལ་འགྱུར་བ་གཏོང་ཐབས་ལ་གྲངས་རིག་དང་ཚན་རིག་ལྟར་སློབ་འཁྲིད་གནང་ཐབས་ཡོད་པས། སློབ་གསོའི་ལམ་ལུགས་ཀྱི་ནང་ལུས་སེམས་གཉིས་ཀ་ཡར་རྒྱས་གཏོང་ཐབས་སུ་ཤེས་བྱ་དང་སྤྱི་ཚོགས། སེམས་མྱོང་དང་བཟང་སྤྱོད་སོགས་མཉམ་འབྲེལ་གྱིས་འཚར་ལོངས་ཚད་ལྡན་དང་། རྣམ་དཔྱོད་དང་ལྡན་པ་ཞིག་བསྐྲུན་རྒྱུ་ནི་ཟློག་ཐབས་མེད་པའི་ལས་འགན་ཆེ་ཤོས་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཨེ་མོ་རེའི་གཙུག་ལག་སློབ་གཉེར་ཁང་གི་ལྟ་བ་ནི་རྣམ་དཔྱོད་ལྡན་པ། ཤེས་ཡོན་འཚོལ་བསྡུ་ཡིན་པ་དེ་ནི་ཐེངས་འདིའི་བསླབ་གཞི་དང་ཡོངས་སུ་མཚུངས་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་ནང་བསམ་བློའི་རིན་ཐང་གོང་མཐོར་གཏོང་ཐབས་སྐོར་གྱི་འདུ་འཛོམས་ཁག་དང་། དེ་རིང་དབུ་འབྱེད་མཛད་སྒོར་ཚང་མ་འཛོམས་པ་འདིས་གལ་གནད་ཆེ་བའི་བསླབ་གཞི་འདིར་རེ་བ་དང་དགའ་སྤོབས་བསྩལ་བྱུང་། ཅེས་བརྗོད་སོང་།
དེ་བཞིན་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབ་ལས་གཞིའི་ལག་བསྟར་འགན་འཛིན་འབུམ་རམས་པ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་སྐོར་ངོ་སྤྲོད་གནང་དོན། ཕྱི་ལོ་ ༡༩༩༨ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་དང་བོད་བར་གྱི་རིག་གཞུང་བརྗེ་ལེན་གྱི་ལས་གཞི་དབུ་འཛུགས་གནང་སྐབས། ཁོང་གིས་ཤེས་ཡོན་ནི་ལག་ཆ་ཙམ་ཞིག་ཡིན་པ་དང་། དེས་སྤྱི་ཚོགས་ལ་ཕན་ཐོགས་མིན་དེ་བེད་སྤྱོད་བྱེད་མཁན་ལ་རག་ལུས་ཀྱི་ཡོད་པས། གལ་ཏེ་གཞན་གྱི་བདེ་སྡུག་ལ་སེམས་འཁུར་བྱེད་མཁན་དང་སྤྱི་ཚོགས་ལ་དོ་འཁུར་བྱེད་མཁན་གྱི་མི་བཟང་པོ་ཞིག་གི་ལག་ལ་ཤེས་ཡོན་ཡོད་ཚེ། དེས་མི་སྒེར་རང་ཉིད་ཙམ་མ་ཟད་སྤྱི་ཚོགས་དེ་ཡང་བདེ་སྐྱིད་ལྡན་པ་ཞིག་ཏུ་བསྐྲུན་ཐུབ་ཀྱི་ཡོད་པ་དང་། ད་ལྟ་ང་ཚོས་སེམས་བཟང་གི་ཤེས་ཡོན་སློབ་གསོ་དེ་འཁྲིད་ཐབས་ཡོད་སྟབས། ལུས་དང་སེམས་ཀྱི་ཤེས་ཡོན་གཉིས་མཉམ་འབྲེལ་བྱེད་དགོས་ཞེས་བཀའ་སློབ་ཕེབས་པ་ལྟར། འདས་པའི་ལོ་མང་རིང་ནས་ཨེ་མོ་རི་གཙུག་ལག་སློབ་ཆེན་དང་བོད་ཀྱི་དགོན་སྡེ་གཉིས་མཉམ་འབྲེལ་གྱི་ཐོག་ནས་བྱམས་བརྩེ་སོགས་ནང་བསམ་བློའི་རིན་ཐང་ཐོག་ལ་ཞིབ་འཇུག་བྱས་པ་རེད། དེ་ལྟར་བྱེད་དགོས་དོན་གཙོ་བོ་ནི་ནུབ་གླིང་གི་མཁས་པའི་ཁྲོད་ཀྱི་དེང་རབས་ཚན་རིག་དང་། རྒྱ་གར་དང་བོད་གཉིས་ཀྱི་སྲོལ་རྒྱུན་རིག་གཞུང་གཉིས་བར་བགྲོ་གླེང་ཡོད་ཆེད་དུ་རེད། ༧གོང་ས་མཆོག་ནས་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་དེང་དུས་ཤེས་ཡོན་ལམ་སྲོལ་ནང་མིའི་ལྷན་སྐྱེས་ཀྱི་བཟང་སྤྱོད་ཀྱི་སློབ་གསོ་བཅུག་དགོས་པའི་དགོངས་ཚུལ་སྟོན་པ་བཞིན། ཨེ་མོ་རི་གཙུག་ལག་སློབ་ཆེན་གྱིས་ཁོང་གི་ཆོས་ལུགས་ཀྱི་མཚམས་ལས་འདས་པ་(Beyond Religion)ཞེས་པ་སོགས་ཕྱག་དཔེ་དང་གསུང་བཤད། དེ་བཞིན་སེམས་ཁམས་རིག་པ་བ་གཞན་གྱི་དགོངས་ཚུལ་རྣམས་ལ་གཞི་བཅོལ་སྟེ་བསླབ་གཞི་འདི་གཏན་འབེབ་བྱས་པ་རེད། འདས་པའི་ལོ་བཞིའི་ནང་ཁྱོན་སློབ་གསོ་བ་ ༦༠༠ ལྷག་གིས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ནང་མཉམ་ཞུགས་བྱས་ཡོད་པ་དང་། དེ་དག་ཁྲོད་ནས་སློབ་གསོ་བ་ ༡༥༠ ལྷག་གིས་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་ལ་རྒྱབ་སྐྱོར་དང་བསམ་ཚུལ་བཏོན་ཡོད་པ་དང་། ད་ལྟའི་ཆར་བསླབ་གཞི་དེར་རྒྱལ་སྤྱིའི་ཚོགས་སྡེ་དང་ལྟེ་གནས་མང་པོ་ཞིག་གིས་རྒྱབ་སྐྱོར་དང་མཉམ་འབྲེལ་གནང་གི་ཡོད། འདི་ལྟ་བུའི་གཞིས་རྒྱ་ཆེ་ཞིང་། དོན་དངོས་ཐོག་འཛམ་གླིང་ལ་ཕན་ནུས་བསྐྲུན་ཐུབ་པའི་ཤེས་ཡོན་གྱི་ལས་གཞི་འདིའི་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་པར་དགའ་སྤྲོ་དང་ཆེ་མཐོང་ཞིག་ཏུ་རྩི་བཞིན་ཡོད་ལ། སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་གཏན་འབེབ་ཚོགས་ཆུང་གིས་༧གོང་ས་མཆོག་གཙོས་པའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་སློབ་སྟོན་པ་ཡོངས་ལ་བཀའ་དྲིན་ཆེ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།
རྒྱལ་ས་ལྡི་ལིའི་སྲིད་བློན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་མཱ་ནི་ཤི་སི་སོ་དྷི་ཡ་(Manish Sisodia)མཆོག་གིས། དེང་སྐབས་འཛམ་གླིང་ནང་དྲག་སྤྱོད་དང་སྡང་སེམས་སོགས་ལས་བྱུང་བའི་དཀའ་ངལ་ཁག་གཞུང་གིས་ཉིན་རེར་ཉོས་པའི་མཚོན་ཆ་དང་ཁྲིམས་གཏན་འབེབ་བྱས་པ་ཁག་བརྒྱུད་སེལ་ཐབས་བྱེད་ཀྱི་ཡོད་ཀྱང་། མིའི་རིགས་དང་རང་བྱུང་ཁམས་ལ་སྔར་བཞིན་ཛ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས། བསླབ་གཞི་འདི་ནི་དེང་སྐབས་ཀྱི་འཛམ་གླིང་ནང་ལེགས་སྐྱེས་ཆེ་ཤོས་དང་། མིའི་རིགས་གཅིག་གྱུར་ངང་གནས་ཐབས། དྲག་སྤྱོད་དང་སྡང་སེམས་ལས་བྱུང་བའི་དཀའ་ངལ་ཁག་སེལ་བའི་ཐབས་ལམ་ཁོ་ན་ཡིན་པ། བསླབ་གཞི་འདིའི་གཏན་འབེབ་ཀྱི་བརྒྱུད་རིམ་ཁྲོད་བསམ་ཚུལ་བརྗེ་རེས་དང་བསླབ་གཞིའི་ལག་དེབ་སྔོན་འབྱོར་བྱུང་བའི་སྟབས་ཀྱིས། བསླ་གཞི་འདི་ཚན་རིག་དང་མཐུན་པ་རེད། ལོ་གཅིག་གི་སྔོན་ནས་བཟུང་ལྡི་ལིའི་གཞུང་གི་སློབ་གྲྭ་ཁག་ ༡༠༠༠ ཙམ་གྱི་ནང་། སློབ་ཕྲུག་འབུམ་ ༡༥ ཙམ་དང་དགེ་རྒན་ཁྲི་ ༢ ཙམ་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་བཞིན་ཉིན་རེའི་ཞོགས་པར་བདེ་སྐྱིད་ཀྱི་སློབ་ཚན་ (Happiness Curriculum) ཟེར་བ་ཞིག་སློབ་འཁྲིད་བྱེད་བཞིན་ཡོད་པ་དང་། དེར་གྲུབ་འབྲས་རྒྱ་ཆེན་པོ་བྱུང་ཡོད་པས་སློབ་ཕྲུག་གི་དགེ་རྒན་དང་ཕ་མ་སོགས་ཀྱིས་བསྟོད་བསྔགས་རྒྱ་ཆེན་ཐོབ་ཀྱི་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་ཁག་ཚང་མའི་ནང་བདེ་སྐྱིད་ཀྱི་བསླབ་གཞི་དང་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་གཉིས་གང་རུང་མགྱོགས་པོར་གཏན་འབེབ་ཡོང་བའི་རེ་བ་ཞུས་པ་ལྟར། ༧གོང་ས་མཆོག་གི་གཙོས་ཐེངས་འདིའི་བསླབ་གཞི་གཏན་འབེབ་ནང་དངོས་ཤུགས་བརྒྱུད་གསུམ་ནས་ལས་ཀ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་སོང་།
དེ་ནས་ཕྲུ་གུའི་ངལ་རྩོལ་ལམ་སྲོལ་ལ་ངོ་རྒོལ་གནང་མཁན་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་ས་ཏི་ཡར་ཐི་(Kailash Satyarthi) མཆོག་གིས། ཁོང་རང་གི་ལས་འགུལ་དང་འབྲེལ་ནས་སཱི་ཤེས་ཡོན་སློབ་གསོའི་གལ་གནད་སྐོར་ལ་ཁོང་གིས། ང་ལ་ནོ་སྦེལ་ཞི་བདེའི་གཟེངས་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བྱེད་སྐབས། ངའི་གྲོགས་པོ་དང་གསར་འགོད་པ་འགའ་ཤས་ཀྱིས། ཀེ་ལ་ཤི་ལགས་ཁྱེད་རང་འཛམ་གླིང་གི་ཁྱད་དུ་འཕགས་པའི་བཟང་སྤྱོད་ཀྱི་དབུ་འཁྲིད་ལྷན་དུ་མཉམ་ཞུགས་བྱེད་རྒྱུ་རེད་ཅེས་བརྗོད་བྱུང་། ངས་ང་བློ་གྲོས་ལྡན་པའི་བྱིས་པ་གཉིས་དང་ལྷན་དུ་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱས་པ་ཡིན། དེར་ཁོ་ཚོས་ཁྱེད་ཀྱི་མི་ཚེ་ཧྲིལ་པོ་བྱིས་པའི་ལྷན་དུ་བཞུགས་ཡོད་ལ། སྤྱོད་པ་དག་ཀྱང་བྱིས་ཚུལ་ལྟར་ཡིན་པས། ཁྱེད་ཀྱིས་བརྗོད་པའི་བྱིས་པ་གཉིས་དེ་སུ་རེད་ཅེས་དྲིས་པར་ངས། གཅིག་ནི་ཡེ་ཤུའི་ཆོས་དཔོན་ཌེ་སི་མན་ཊུ་ཊུ་དང་། གཅིག་ཤོས་དེ་༧གོང་ས་མཆོག་རེད་ཅེས་ལན་འདེབས་བྱས་པ་ཡིན། ཞེས་དང་། ང་ལ་མཚོན་ན་བྱིས་དུས་ནི་བྱིས་དུས་ཤིག་མིན་པར། དེ་ནི་ཕྱི་གསལ་ནང་གསལ་དང་། བདེན་པ། བཟོད་གསོལ། གསར་པ་ཞིག་སྦྱངས་འདོད་ཀྱི་འདུན་པ་བཅས་ཡིན། སཱི་ཤེས་ཡོན་སློབ་གསོས་ད་ལྟ་ངས་ཤེས་ཡོན་ལམ་སྲོལ་ལ་འཛིན་པའི་ལྟ་ཕྱོགས་དེར་འགྱུར་བ་གཏོང་བའི་རེ་བ་བྱེད་ཀྱི་ཡོད། ཕྲུ་གུ་རྣམས་བཙའ་སྐབས་དྭངས་གཙང་ལྷད་མེད་ཅིག་ཡིན་ཡང་ཡར་སོན་དུས་ཤེས་ཡོན་ཀྱི་རྐྱེན་པས་བཅོས་མའི་ངོ་བོ་དང་། ཆོས་ལུགས་དང་མི་རིགས་སོགས་དབྱེ་འབྱེད་ཀྱི་བསམ་ཚུལ་ཡོད་མཁན་ཞིག་ཏུ་འགྱུར་འགྲོ་ཡི་ཡོད། དེར་བརྟེན། ང་ཚོས་བཟང་སྤྱོད་ཀྱི་བསླབ་གཞི་འདི་བརྒྱུད་ནས་ཕྲུ་གུའི་ནང་སེམས་ཀྱི་རང་གཤིས་དེ་བསྐྱར་གསོ་ཡོང་ཐབས་དང་། དགེ་རྒན་རྣམས་ལ་སྦྱོང་བརྡར་སྤྲོད་དགོས་པ་དང་། དེ་བཞིན་ཕྲུ་གུ་རྣམས་ལ་བྱམས་བརྩེའི་སློབ་གསོ་སྤྲད་པ་ཙམ་མ་ཡིན་པར། ཕྲུ་གུའི་ས་ནས་བྱམས་བརྩེ་ཇི་ལྟར་སྦྱོང་དགོས་མིན་ཡང་ཤེས་པར་བྱེད་དགོས། ངས་འདས་པའི་ལོ་ ༥༠ ལྷག་གི་རིང་ནས་ཕྲུ་གུའི་ས་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ཅེས་གསུངས་སོང་།
ཡང་ཁོང་གིས། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་དང་། ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་གསར་བརྗེ་ཀུན་བྱམས་བརྩེའི་མེ་སྟག་ལས་མཆེད་པ་ཞིག་ཡིན་པ་དང་། བྱམས་བརྩེ་ཟེར་དུས་སྙིང་རྗེ་དང་སེམས་འཁུར་ཙམ་མིན་པར་གཞན་གྱི་སྡུག་བསྔལ་དག་རང་གི་སྡུག་བསྔལ་དུ་བསམ་སྟེ། དེ་དག་སེལ་རྒྱུའི་བློ་ཐག་ཆོད་པོ་ཡོད་པ་ཞིག་ལ་གོ་ཡི་ཡོད་སྐོར་དང་། ང་ཚོར་ཆེས་རིན་ཐང་བྲལ་བའི་བྱམས་བརྩེའི་ནུས་སྟོབས་ཤིག་ཡོད་ཀྱང་། ང་ཚོའི་ཕྱིའི་ཤེས་བྱ་དང་ཞེད་སྣང་སོགས་ཀྱིས་སྦེད་དེ་བཞག་ཡོད། དེང་སང་གི་ཆབ་སྲིད་དང་ཚོང་དོན་དག་ཁེ་བཟང་སོགས་ཀྱིས་ཁེངས་ཡོད་ཀྱང་། ངའི་གྲོགས་པོ་རྣམ་པ། འཛམ་གླིང་འདི་ང་ཚོ་ལ་དབང་གི་ཡོད་སྟབས། ང་ཚོས་རང་ཉིད་འགྲོ་བ་མི་དང་། མི་སེར། སྤྱི་མང་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ནང་བྱམས་བརྩེའི་རང་བཞིན་གྱི་ཆབ་སྲིད་དང་ཚོང་དོན་ཁྱབ་སྤེལ་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་སོགས་གསུངས་སོང་།
མཛད་སྒོ་དང་འབྲེལ་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བཀུར་འོས་པའི་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་འཛམ་གླིང་གི་མི་འབོར་དུང་ཕྱུར་ ༧༠ ཐམ་པའི་ནང་གི་གཅིག་ཡིན་པས། འདི་ལྟ་བུའི་འདུ་འཛོམས་ཀྱིས་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་བ་དང་གྲོས་སྡུར་བྱེད་བཞིན་པར་ཧ་ཅང་བསྔགས་བརྗོད་འོས་པ་ཞིག་རེད། གལ་སྲིད་ང་ཚོས་ཉི་མ་གྲུབ་པ་ནས་བཟུང་བལྟས་ཚེ། ལོ་ངོ་དུང་ཕྱུར་ ༡ གི་སྔོན་ལ་འཛམ་གླིང་ཐོག་སྲོག་ཆགས་གྲུབ་ཡོད་པ་དང་། འོ་འཐུང་སྲོག་ཆགས་རྣམས་ཀྱི་ཁྲོད་ནས་འགྲོ་བ་མི་ནི་ཆེས་པྲ་ཚགས་ཅན་དེ་ཡིན་པ་རེད། སྲོག་ཆགས་གཞན་ལའང་ཁོང་ཁྲོ་དང་འདོད་ཆགས། རང་གཅེས་འཛིན་གྱི་འདུ་ཤེས་ཡོད་པ་རེད་དེ། གཞན་ལ་གནོད་འཚེ་ཆུང་ངུ་ལས་ཐེབས་ཀྱི་ཡོད་པ་མ་རེད། འགྲོ་བ་མིས་རང་ཉིང་ཀྱི་རྣམ་དཔྱོད་ལ་བརྟེན་ནས་འཚེ་བ་ཆེ་ཤོས་ཀྱི་བྱེད་ཀྱི་ཡོད་པ་རེད། ང་ཚོས་རླབས་ཆེ་བའི་བྱ་བཞག་མང་པོ་སྒྲུབ་ཐུབ་གྱི་ཡོད་ནའང་། ཕྱོགས་གཞན་ནས་རྣམ་དཔྱོད་དེ་གཞན་ལ་གནོད་པའི་རང་བཞིན་ཐོག་བེད་སྤྱོད་གཏོང་གི་ཡོད་པ་རེད། གཞི་རྩའི་མིའི་རང་བཞིན་ཧ་ལས་པའི་ཡག་པོ་དང་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་དཔེ་བརྗོད་ནི། ངོས་ཀྱི་ཡིད་སྨོན་ཤོར་བའི་སྐུ་ཞབས་རི་ཆར་མོར་ (Richar More)ལགས་ལྟ་བུ་རེད། བྱང་ཨེར་ལན་ཊི་ (Northern Ireland) ཡི་རྙོག་དྲ་ཞིག་གི་སྐབས་དབྱིན་ཇིའི་དམག་མི་ཞིག་གིས། ཁོང་གི་དཔྲལ་བར་འགྱིག་གི་མདེའུ་ཡིས་བརྒྱབས་མ་ཐག་མིག་གཉིས་ལ་སྐྱོན་ཅན་གྱུར་བ་རེད། ཕྱི་ཉིན་སྨན་ཁང་ནང་དྲན་པ་སོས་སྐབས། ཐོག་མའི་བསམ་བློ་ནི་དམག་མི་དེར་སྡང་སེམས་དང་ཁོང་ཁྲོ་སྐྱེས་བ་མིན་པར་རང་ཉིད་ཀྱི་ཨ་མ་མཐོང་ཐུབ་ཀྱི་མ་རེད་བསམ་པ་དེ་རེད། དབྱིན་དམག་དེ་ལ་ཁོས་ནམ་ཡང་ཞེ་སྡང་དང་ཁོང་ཁྲོ་གནང་མྱོང་མེད་པ་རེད། དེ་བས་རིམ་གྱིས་ཁོང་གཉིས་གྲོགས་པོ་ཧ་ཅང་ཡག་པོར་གྱུར་བ་རེད། དེ་ནི་མིའི་རྩ་བའི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་རྟགས་མཚན་ཞིག་རེད། ད་ལྟ་ཚན་རིག་པས་ཀྱང་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་རེད། ང་ཚོ་ནི་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ་དང་། ང་ཚོའི་འཚོ་གནས་ཡོད་ཚད་གཞན་གྱི་བརྩེ་བ་དང་བྱམས་བརྩེ་ལ་རག་ལུས་ཡོད་པ་རེད། ཐོག་མ་དེར་ཨ་མ་དང་དེ་ནས་གྲོགས་པོ་སོགས་རིམ་པས་སྤྱི་ཚོགས་ཁྱོན་ཡོངས་ལ་རག་ལུས་ཀྱི་ཡོད་པ་རེད། གོང་དུ་གསུངས་པ་བཞིན་བྱིས་པ་སློབ་གྲྭ་སྐྱེལ་བ་ནས་བཟུང་བྱིས་པར་འགྲོ་བ་མིའི་གཞི་རྩའི་རིན་ཐང་སྐོར་བཤད་ཀྱི་མེད་པར། དེང་རབས་ཀྱི་སློབ་གསོ་ལམ་ལུགས་དེ་ཕྱི་དངོས་པོའི་ཡར་རྒྱས་ལ་ཁ་ཕྱོགས་ཡོད་པས། བྱིས་པའི་རང་བཞིན་བཟང་པོ་དེ་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་རེད། སྤྱང་གྲུང་འཛོམས་པའི་དཔྱོད་ཤེས་དེ་སེམས་མྱོང་ངན་པ་དང་སྡེབ་ཀྱི་ཡོད་པ་རེད། མིའི་རང་བཞིན་བཟང་པོ་དེ་བཀག་པར་བརྟེན། ཕྱིའི་དངོས་པོར་འདོད་ཆགས་སྐྱེས་ཀྱི་ཡོད་པ་རེད་ལ། སློབ་གསོའི་ལམ་ལུགས་ནང་དུའང་ཕྱིའི་དངོས་པོའི་དགོས་མཁོ་འཁྲིད་ཀྱི་ཡོད་པ་རེད། དེ་བས་གཞི་རྩ་གཙོ་བོ་ནི་སློབ་གསོའི་ལམ་ལུགས་ནང་འགྲོ་བ་མིའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་བཟང་ཕྱོགས་སུ་བསྒྱུར་རྒྱུ་དང་། དེ་ཡང་དད་པ་ཁོ་ནས་བསྒྱུར་ཐུབ་ཀྱི་མེད་པར་རྒྱུ་མཚན་བགྲངས་དགོས་པས། སློབ་གྲྭའི་སློབ་གསོའི་ལམ་ལུགས་ལ་སེམས་མྱོང་གི་དབྱེ་བ་བཀར་རྒྱུའི་འོས་འགན་གལ་ཆེན་པོ་ཞིག་ཡོད་པ་རེད། རྣམ་དཔྱོད་རྩལ་དུ་བཏོན་ནས་ཁོང་ཁྲོ་དང་ཞེ་སྡང་སོགས་སེམས་མྱོང་ངན་པར་ཞིབ་ཏུ་བསམ་བློ་བཏང་སྟེ། ཡིད་ལ་ངེས་ཤེས་བརྟན་པོ་བརྙེད་ཐུབ་པ་བྱ་དགོས་པ་རེད། མིའི་རྣམ་དཔྱོད་ལ་ཕུགས་རྒྱང་རིང་པོ་དང་ཕུགས་ཐུང་གི་བདེ་པའི་དབྱེ་བ་འབྱེད་པ་དང་གནས་སྟངས་སྤྱི་ཡོངས་ལ་ལྟ་བ། དེ་བཞིན་དོན་དངོས་མཐོང་བའི་ནུས་པ་ཡོད་པ་ལས། སེམས་མྱོང་གིས་མཐོང་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོར་ཁོང་ཁྲོ་སྐྱེ་སྐབས་བློ་རྒྱ་ཆུང་བ་ཡོད་པ་རེད། ཅེས་གསུངས་སོང་།
ཡང་༧གོང་ས་མཆོག་གིས། ད་ལྟ་ཚད་རྡུལ་དངོས་ཁམས་རིག་པ་ (Quantum Physics) དང་གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་ནང་། སེམས་མྱོང་ཕལ་མོ་ཆེ་ནི་ཕྱི་དངོས་པོའི་མཐོང་སྣང་རྨང་གཞི་བྱས་པ་ལས་བྱུང་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པས། མིའི་རྣམ་དཔྱོད་བེད་སྤྱད་དེ་ཞིབ་འཇུག་བྱས་པ་ཡིན་ན་དོན་དངོས་རྟོགས་ཐུབ་པ་མ་ཟད། རྟིང་ཟབ་པོ་རྟོགས་ཐུབ་ཀྱི་ཡོད་པ་རེད། ཐོག་མར་ང་ཚོས་ཕྱི་དངོས་པོའི་མཐོང་སྣང་དང་དོན་དངོས་གཉིས་ཀྱི་བར་ཐག་ཆུང་དུ་གཏོང་ཐབས་བྱེད་དགོས་པ་རེད། སེམས་མྱོང་ནི་ཕྱི་དངོས་པོའི་མཐོང་སྣང་ཙམ་ལ་རྨང་གཞི་བྱས་ཡོད་པ་ཞིག་རེད། ཚན་རིག་པ་ཚོས་ཀྱང་དེ་ལྟར་འགྲེལ་གྱི་ཡོད་པ་རེད། དེ་བས་སློབ་གསོ་ཡིས་དོན་དངོས་དང་བྱམས་བརྩེ་གཉིས་རྟོགས་པར་ཆ་ཤས་ཧ་ཅང་གལ་ཆེན་ཞིག་ལེན་གྱི་ཡོད་པས། ངོས་ཀྱིས་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་ཡོད་ཚང་མར་བསྔགས་བརྗོད་བྱེད་ཀྱི་ཡོད། ལས་གཞི་འདིའི་གྲུབ་འབྲས་བདུན་ཕྲག་རྗེས་མར་སྨིན་མི་སྲིད་ནའང་། མི་རབས་རྗེས་མར་སྨིན་ཏེ་འགྲོ་བ་མིའི་རིགས་ནི་སྔར་ལས་བསམ་ཤེས་ཅན་དང་བྱམས་བརྩེ་ཅན་ཞིག་ཏུ་འགྱུར་ངེས་རེད། དེ་ལ་བརྟེན་ནས་མི་སྒེར་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བ་ཙམ་མ་ཟད། ཁྱིམ་ཚང་དང་རིམ་པས་འཛམ་གླིང་ཡོངས་སྔར་ལས་ཞི་བདེ་དང་གཅིག་ཕན་གཅིག་གྲོགས་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།
མཇུག་ཏུ་༧གོང་ས་མཆོག་གིས། ད་ལྟ་འཛམ་གླིང་གི་ཚ་དྲོད་འཕེལ་བའི་གནས་སྟངས་ནི་ཅུང་ཛ་དྲག་ཏུ་གྱུར་ཡོད་པས། འཛམ་གླིང་ཤར་ནུབ་སོགས་གང་ཡིན་ནའང་སྤྱི་ཚོགས་གཅིག་ཡིན་པའི་འདུ་ཤེས་ངེས་པར་དུ་དགོས་པ་རེད། ང་ཚོས་མི་འདྲ་བའི་ཆ་ལ་དོ་སྣང་ཤུགས་ཆེ་དྲག་པའི་རང་གཞན་གྱི་རྒྱལ་ཁོངས་དང་རིགས་རུས། ཆོས་ལུངས་དད་མོས་སོགས་ནི་དེ་ཙམ་གལ་ཆེན་མིན་པར། ང་ཚོ་ནི་མིའི་རིགས་གཅིག་མཚུངས་ཡིན་པ་དང་གོ་ལ་གཅིག་གི་ཐོག་འདུག་མཁན་ཡིན་པ་དེ་གལ་ཆེན་པོ་རེད། ང་ཚོའི་ཁོར་ཡུག་བདག་གཅེས་བྱེད་དགོས་པ་དང་འདི་ནི་ང་ཚོའི་ཁྱིམ་ཁོ་ན་དེ་ཡིན་པས། ང་ཚོས་སྣང་མེད་བྱས་པ་དང་གོ་ལར་ཚ་དྲོད་འཕེལ་བ་ལ་བརྟེན་ནས་འཇིག་རྟེན་བྱེ་ཐང་དུ་གྱུར་ཚེ་ང་ཚོར་འདེམས་ཀ་གཞན་མེད་པ་རེད། ལོ་ངོ་སྟོང་ཕྲག་འགའི་རིང་འགྲོ་བ་མིས་མཚན་མོའི་ཟླ་བར་སྙན་ངག་བྲིས་ཏེ་ཡིད་སྨོན་ཤོར་གྱི་ཡོད་པ་རེད་དེ། གལ་སྲིད་ང་ཚོས་དེར་འཚོ་གནས་བྱེད་འདོད་ཚེ་དེ་ནི་རེ་བ་མེད་པ་ཞིག་རེད། ང་ཚོ་དེར་འཆི་ངེས་རེད། ང་ཚོའི་གོ་ལ་འདི་ཇི་ཙམ་སྡུག་ནའང་། འདི་ནི་ང་ཚོའི་ཁྱིམ་གཞི་ཁོ་ན་དེ་ཡིན་པས་ང་ཚོས་ཁོར་ཡུག་ལ་བདག་གཅེས་བྱ་དགོས་པ་རེད། འགྲོ་བ་མིའི་རིགས་ལ་བྱམས་དང་བརྩེ་བ་བྱེད་རྒྱུ་ཁོ་ན་ཙམ་མིན་པར་བྱ་རིགས་དང་འབུ་སྲིན་སོགས་སྲོག་ཆགས་གཞན་ལའང་གཅིག་མཚུངས་བྱེད་དགོས་པ་རེད། དེ་ཚོ་ནི་ང་ཚོའི་རྒྱན་ཆ་ལྟ་བུ་རེད། ང་ཚོས་རང་ཉིད་ཀྱི་འགན་འཁྲི་དང་བྱམས་བརྩེ་ཡི་འདུ་ཤེས་དེ་ཐོག་མར་རང་ཉིད་ཀྱི་ཁྱིམ་ཚང་དང་དེ་ནས་སྤྱི་ཚོགས། རིམ་གྱིས་འགྲོ་བ་མི་ཡོངས་དང་། དེ་བཞིན་འཇིག་རྟེན་འདིའི་སྲོག་ཆགས་ཡོངས་ལ་རྒྱ་བསྐྱེད་དགོས་པ་རེད། དེ་ཙམ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་མཇུག་བསྡུས་གནང་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༠༠ ནས་ཕྱི་རྒྱལ་དང་རྒྱ་གར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནས་ཕེབས་པའི་སློབ་གསོ་བ་ཁག་ཅིག་གིས། སོ་སོའི་སློབ་གྲྭའི་གནས་སྟངས་དང་རང་གི་མྱོང་ཚོར་དང་འབྲེལ་སཱི་ཤེས་ཡོན་སློབ་གསོའི་སྐོར་ནས་གླེང་མོལ་བྱེད་སྐབས། སློབ་ཕྲུག་རྣམས་ལ་ཕྱི་དངོས་པོའི་ཤེས་བྱ་ཙམ་གྱིས་མི་ཆོག་པར་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་སློབ་གསོ་དེ་སྤྲོད་གལ་ཆེ་སྐོར་དང་། བསླབ་གཞི་འདི་བརྒྱུད་ནས་སློབ་མ་སྒེར་ཙམ་དུ་མ་ཟད་འཛམ་གླིང་འདི་ཡང་བདེ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་སྲིད་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། སེམས་མྱོང་གི་སློབ་གསོ་དེས་སློབ་ཕྲུག་ཙམ་དུ་མ་ཟད། སློབ་གྲྭའི་དགེ་ལས་སོ་སོའི་ཉིན་རྒྱུན་གྱི་སློབ་འཁྲིད་སོགས་ཀྱི་བྱ་འགུལ་རིགས་ལའང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་སྦྱིན་ཐུབ་ཀྱི་ཡོད་པ་སོགས་བརྗོད་སོང་། དེ་ནས་རྒྱ་གར་དང་ཕྱི་རྒྱལ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཚོགས་བཅར་སློབ་མའི་བར་དྲི་བ་དྲིས་ལན་དང་གླེང་མོལ་བྱས་སོང་བ་དང་། སྐབས་དེར་སྤྱི་ཚོགས་དང་སེམས་མྱོང་ལྟ་བུའི་སློབ་གསོ་འདིས་སློབ་མ་སྒེར་ཙམ་དུ་མ་ཟད། སློབ་གྲྭ་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མངོན་གྱི་ཡོད་པ་དང་། སློབ་གསོ་འདི་བརྒྱུད་ནས་རང་ཤུགས་ཀྱིས་སློག་གྲོགས་གཞན་གྱི་སེམས་ཚོར་དང་བདེ་སྡུག་ལ་སེམས་འཁུར་བྱེད་རྒྱུ་ཇེ་མང་དུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭའི་ནང་བཟང་སྤྱོད་ཀྱི་ཚོགས་ཐེངས་དམིགས་བཀར་ཡོད་ཀྱང་ད་དུང་མང་དུ་གཏོང་དགོས་གལ་ཆེ་སྐོར་སོགས་བརྗོད་སོང་།
གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།
༄༅། ཧ་ལས་ཧོན་འཐོར་གྱི་ལས་གཞི་འདིའི་དགོངས་དོན་་༧གོང་ས་་སྐྱབས་མགོན་ཆེན་པོ་མཆོག་
ནས་ལོ་མང་རིང་ཐུགས་བཞེད་གནང་བ་ལྟར་བ་ལྟར་ད་ལེན་དངོས་སུ་ས་ཕྱོགས་མང་པོ་ནས་དགའ་
མོས་དད་གསུམ་བྱུང་ཞིང་མ་འོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀུན་ལ་དར་འཕེལ་དངོས་ཕན་ཡོང་རྒྱུ་གདོན་ཅི་ལ་ཟ།
མི་ཆོས་ཀུན་སྤྱོད་དང་འབྲེལ་བའི་བདག་གཞན་བྱམས་བརྩེ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིར་ཕུལ་བའི་ལེཊ་སྐྱེས་ཡིན།
ཧ་ལས་པའི་རླབས་ཆེན་གྱི་མཛད་པར་ནམ་ཡང་ཡི་རངས་ཞུ།