ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྲིད་བྱུས་ཚོགས་ཆུང་གི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ། དྲ་ལམ་ཉེན་སྲུང་སྲིད་བྱུས་ཚན་པའི་ཤར་ཨེ་ཤ་ཡའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་ཐད་ཉན་ཞིབ་ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་ངོས་ནས་དུས་ནམ་ཡང་རྒྱ་ནག་གིས་བདམ་པའི་ཏཱ་ལའི་བླ་མ་དེར་ངོས་འཛིན་བྱེད་མི་སྲིད་པ་གསལ་བཤད་གནང་།ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྲིད་བྱུས་ཚོགས་ཆུང་གི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ། དྲ་ལམ་ཉེན་སྲུང་སྲིད་བྱུས་ཚན་པས་ཤར་ཨེ་ཤ་ཡའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་ཐད་ཉན་ཞིབ་ཚོགས་འདུ་ཞིག་བསྡུས་པའི་ཐོག ཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་། ཡུ་གུར་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྕམ་རུ་ཤན་ཨཱ་བྷ་སི་ (Ms. Rushan Abbas) ལགས། དེ་བཞིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་འབར་མའི་རོ་ཧིན་ག་ཁ་ཆེའི་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཊུན་ཁིན་(Mr. Tun Khin) ལགས་བཅས་ཀྱིས། སོ་སོའི་ལུང་པའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་སྐོར་ལ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་ཡོད་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་གཏམ་བཤད་གནང་སྐབས། ཨ་རིའི་གྲོས་ཚོགས་གོང་མའི་ཤར་ཨེ་ཤ་ཡའི་ཚན་པའི་འགན་འཛིན་སྐུ་ཞབས་ཁོ་རི་གྷར་ཌི་ནར་(Sen. Cory Gardner) ལགས་ཀྱིས། ཨ་རིའི་གྲོས་ཚོགས་ངོས་ནས་དུས་ནམ་ཡང་རྒྱ་ནག་གིས་བདམ་པའི་ཏཱ་ལའི་བླ་མ་དེར་ངོས་འཛིན་བྱེད་མི་སྲིད་པ་གསལ་བཤད་དང་སྦྲགས། འབར་མའི་རོ་ཧིན་གྷ་མི་རིགས་རྩ་མེད་གཏོང་བཞིན་པ་དང་། ཡུ་གུར་བ་རྣམས་ཉེས་མེད་བཙོན་འཇུག་བྱེད་བཞིན་པ། དེ་བཞིན་བོད་ནང་གི་ཛ་དརག་གནས་སྟངས་སོགས་ལ་ཨ་རི་གཞུང་ནས་བློ་འཚབ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ཤར་ཨེ་ཤ་ཡའི་ཚན་པའི་འགན་འཛིན་སྐུ་ཞབས་ཁོ་རི་གྷར་ཌི་ནར་(Sen. Cory Gardner) ལགས་ཀྱིས་ཚོགས་ཆུང་གི་ཉན་ཞིབ་ངོ་སྤྲོད་གསུང་བཤད་གནང་སྐབས། དེ་རིང་གི་ཉན་ཞིབ་སྟེང་གཙོ་བོ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་སྐོར་ནས་གླེང་སློང་བྱ་རྒྱུ་ཡིན་ལ། ཨ་རིའི་ཕྱི་ལོ་ ༢༠༡༨ ལོའི་ཡ་གླིང་ཁུལ་གྱི་འགན་སྲུང་ཁྲིམས་གཞི་(Asia Reassurance Initiative Act of 2018)་ནང་འཁོད་པ་ལྟར། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་དང་དམངས་གཙོའི་རིན་ཐང་ལ་བརྩི་སྲུང་བྱེད་རྒྱུ་ནི་ཨ་རིའི་རྒྱལ་སྲུང་གི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཡང་དོན་ཚན་གཞན་ཞིག་གི་ནང་། ཨ་རིའི་གྲོས་ཚོགས་ཀྱིས་ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཁྲིམས་སྐྱོང་སོགས་གོང་སྤེལ་གཏོང་ཆེད། ཁུལ་དེའི་གཙུག་ལག་སློབ་གཉེར་ཁང་དང་ཚོགས་སྡེ་ཁག་གི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༡ གི་མ་དངུལ་ཆོག་མཆན་སྤྲད་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།
ཉན་ཞིབ་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས། འདས་པའི་ལོ་ངོ་ ༦༠ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་དུ་སློབ་གྲྭ་དང་ལྟེ་གནས་ཁང་མང་པོ་གསར་འཛུགས་ཀྱིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས། འཚོ་བ་མི་ཉམས་རྒྱུན་འཛིན་གནང་ཐབས་དང་། བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་གནང་ཡོད་སྐོར་དང་། འདས་པའི་ལོ་ངོ་ ༦༠ རིང་བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་ཆབ་སྲིད་དབང་བསྒྱུར་འོག་གནས་ཡོད་པ་དང་། རྒྱ་གཞུང་གི་མགོ་འཁྲིད་ཚོས་དུས་རྒྱུན་བོད་ནང་བརྟན་བརླིང་ཡོང་རྒྱུར་འབད་བཞིན་ཡོད་ཀྱང་། བོད་མིའི་བདེ་སྡུག་ལ་མ་གཞིགས་པར་དྲག་པོའི་ལམ་ནས་བརྟན་བརླིང་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ལྟ་བུའི་ཐབས་བྱུས་དྲག་པོས་བོད་ནང་བརྟན་བརླིང་ཡོང་རྒྱུའི་ཚབ་ལ་རང་ལུས་མེར་སྲེག་ལྟ་བུའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་དུ་འགྱུར་འགྲོ་ཡི་ཡོད་སྐོར་དང་། དེ་བཞིན་བོད་ནང་ཕྱི་མི་འགྲོ་འོང་བྱེད་པར་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་གི་རྒྱལ་ཕྱིའི་གསར་འགོད་པའི་ལྷན་ཚོགས་(foreign correspondents’ club of china) ཀྱིས་བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ཡོད་མཁན་གྱི་གསར་འགོད་པ་རྣམས་ལ་དཀའ་ངལ་ཅི་འདྲ་འཕྲད་ཀྱི་ཡོད་མེད་གསལ་འདོན་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིར་བཟུང་ཨ་རི་གཞུང་གིས་གྲོས་ཚོགས་འོག་མར་བོད་ནང་འགྲོ་འོང་འདྲ་མཉམ་གྱི་གནས་བབ་སྐོར་ནས་སྙན་ཐོ་དང་པོ་དེ་འཆར་འབུལ་ཞུས་ཡོད་པའི་ནང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ནང་གོ་རིམ་ལྡན་པའི་ཐོག་ནས་ཨ་རིའི་མི་སེར་རྣམས་ལ་བོད་ནང་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་སྐོར་གསལ་འདོན་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ཡུ་རོབ་ཁྱོན་ཡོངས་ཀྱི་གྲོས་ཚོགས་འཐུས་མི་ ༣༠ ལྷག་གིས་ཨ་རི་གཞུང་གིས་གཏན་འབེབ་གནང་བའི་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞིར་དཔེ་བལྟས་ཏེ། ད་ལྟ་ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ་དེ་ཚོང་དོན་ཙམ་མིན་པར། འགྲོ་འོང་དང་གསར་འགོད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་བཅས་ཀྱི་ཐོག་ནས་ཀྱང་བསྐྱར་ཞིབ་བྱེད་རྒྱུའི་དུས་ལ་བབ་ཡོད་སྐོར་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་སྤེལ་ཡོད། ཅེས་བརྗོད་སོང་།
༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་ཁོང་གིས། རྒྱ་ནག་གིས་འདས་པའི་ལོ་ངོ་ ༦༠ རིང་ནས་བོད་ཀྱི་ཆོས་སྡེ་ཁག་རྩ་གཏོར་གཏོང་རྒྱུའི་སྲིད་བྱུས་བཏིང་ཡོད་པ་མ་ཟད། དེ་དག་བརྒྱུད་ནས་རང་གི་ཆབ་སྲིད་ཀྱི་མངོན་འདོད་སྒྲུབ་ཐབས་ཀྱི་སྲིད་བྱུས་ཀྱང་ལག་བསྟར་བྱས་ཡོད། དེའི་དཔེ་མཚོན་ཞིག་ནི་རྒྱ་གཞུང་གིས་ཡང་དང་བསྐྱར་དུ་ཁོ་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་ཡོད་སྐོར་ནན་བརྗོད་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་ཀྱི་ལམ་ལུགས་དང་རང་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་གྱི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོང་རང་ཉིད་ལ་མ་གཏོགས་གཞན་སུ་ལ་ཡང་ཁོང་གི་ཡང་སྲིད་ཐག་གཅོད་བྱེད་པའི་ཐོབ་ཐང་མེད་སྐོར་གསུངས་ཡོད་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་བྱེད་པའི་དམིགས་ཡུལ་གཙོ་བོ་དེ། ཆབ་སྲིད་ས་ཁམས་དབང་བསྒྱུར་ལ་དམིགས་ཏེ་ནང་བསྟན་ཆོས་ལུགས་དང་། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཡོད་པའི་ནང་བསྟན་གྱི་ལྟེ་གནས་ཁག་ལ་སྟངས་འཛིན་ཐུབ་པའི་ཆེད་དུ་ཡིན་པ་དང་། གལ་ཏེ་རང་དབང་ཅན་གྱི་རྒྱལ་ཁབ་དག་གིས་རྒྱ་གཞུང་གི་བྱེད་སྟངས་དེར་ཁ་གཏད་མ་གཅག་ཚེ། དེས་བོད་མི་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ལ་ཁྱབ་པའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་བ་ས་ཡ་མང་པོའི་ཆོས་དད་རང་དབང་དང་། ཨ་རི་དང་འབྲེལ་ཡོད་རྒྱལ་ཁབ་དག་གི་རྒྱལ་སྲུང་གནད་དོན་ལ་དོ་ཕོག་ཐེབས་ངེས་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ རིང་དབང་བསྒྱུར་བྱས་རྗེས་ལོ་རྒྱུས་ཐོག་གི་བོད་མི་དང་༧གོང་ས་རྒྱལ་བ་རིན་པོ་ཆེའི་བར་གྱི་འབྲེལ་བ་དེ་བསྲ་བརྟན་དུ་གནས་ཡོད་པ་དེས། རྒྱ་ནག་གཞུང་གིས་བོད་མིར་རྒྱུས་ལོན་ཐུབ་མེད་པ་བསྟན་ཡོད་པ་རེད། ཅེས་དང་། མཇུག་ཏུ་ཨ་རིའི་གཞུང་ནས་བོད་དེ་རྒྱ་གར་དང་ཞི་བདེའི་རྒྱ་མཚོའི་སྲིད་བྱུས་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་དང་། ཨ་རིའི་བོད་མིར་གཟིགས་རྟོག་སྲིད་བྱུས་(Tibetan Poicy Act) བསྐྱར་གསོ་དང་ཇེ་བརྟན་དང་།
བོད་ནང་ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གྲ་སྒྲིག་དགོས་པ་དང་། རྒྱ་ནག་ནང་གི་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཀྱིས་བཏོན་པའི་བོད་སྐོར་གྱི་ཞིབ་འཇུག་གྲུབ་དོན་དེར་རྒྱབ་སྐྱོར་དགོས་པ། ཨ་རིའི་གཞུང་ངོས་ནས་མུ་མཐུད་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རོགས་རམ་དང་། ཨ་རིའི་གྲོས་ཚོགས་ནས་གཞུང་ལ་བོད་ནང་དུ་ཨ་རིའི་གཞུང་ཚབ་འཛུགས་རྒྱུའི་དམིགས་ཡུལ་དེའི་སྐོར་འདྲི་རྩད་བྱེད་དགོས་པ། དེ་བཞིན་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་བར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། ཡུ་རོབ་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་དང་མཉམ་ལས་ཀྱིས་བོད་ཐོག་སྤྱི་མཐུན་གྱི་སྲིད་བྱུས་ཤིག་གཏན་འབེབ་ཡོང་ཐབས་དགོས་པ། ཨ་རི་གཞུང་གིས་ཆུ་བོའི་བདེ་སྲུང་དེ་རྒྱལ་ཁབ་ཀྱི་བདེ་སྲུང་སྲིད་བྱུས་ཁོངས་སུ་བཅུག་དགོས་པ་སོགས་འབོད་སྐུལ་ཞུས་འདུག
ཡུ་གུར་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ལྕམ་རུ་ཤན་ཨཱ་བྷ་སི་ (Ms. Rushan Abbas) ལགས་ཀྱིས། ད་ལྟ་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་(East Turkistan) དུ་ཡོད་པའི་ཡུ་གུར་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ནི་གདུག་རྩུབ་ཅན་དང་། འགྲོ་བ་མིའི་ཐོག་ལ་བཀལ་བའི་ནག་ཉེས་ཤིག་ཡིན་པ་དང་། དེ་ནི་ཡུ་གུར་བ་རྣམས་ཀྱི་འཚོ་གནས་རང་དབང་དང་འཚོ་ཐབས་བཅས་ཀྱི་གནད་དོན་ལ་ཐུག་ཡོད། རྒྱ་ནག་གཞུང་གིས་ཡུ་གུར་དང་ཁ་ཆེ་བ་གཞན་རྣམས་བཙོན་འཇུག་བཀག་ཉར་བྱས་ཏེ། རང་གི་རིག་གཞུང་ཉམས་ལེན་བྱེད་རྒྱུར་བཀག་སྡོམ་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་ལ་ཡིད་ཆེས་བློ་འགེལ་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་སྟབས། ཨ་རི་གཞུང་དང་སྲིད་འཛིན་གཞོན་པ་མེག་པེན་སི་(Mike Pence) མཆོག་གིས་བློ་འཚབ་ཆེན་པོའི་ཐོག་ནས་རྒྱ་ནག་ལ་གནད་དོན་དེའི་སྐོར་ནས་སྐྱོན་བརྗོད་དང་གནོན་ཤུགས་སྤྲད་པར་བཀའ་དྲིན་ཆེ་ཞུ་ཡི་ཡོད། འོན་ཀྱང་མཚམས་རེར་ཁ་ནས་བརྗོད་པ་ཙམ་གྱིས་ཐུགས་ཕན་གསོ་ཡི་མེད་སྟབས། ལག་ལེན་ཐོག་ནས་བརྡ་ལན་སྤྲོད་དགོས་ཀྱི་ཡོད་སྟབས། ཨ་རི་གཞུང་ནས་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་གཞི་གཏན་འབེབ་གནང་དགོས་པ་དང་། ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་གནས་ཚུལ་རྟོག་ཞིབ་ཚོགས་ཆུང་མངགས་གཏོང་གནང་གལ་ཆེ་བ་སོགས་འབོད་སྐུལ་ཞུས་ཡོད་འདུག
ཚོགས་ཆུང་གི་ཚོགས་མི་རྒན་པ་སྐུ་ཞབས་མཱར་ཁེ་ལགས་ཀྱིས་བུ་ཆུང་ཚེ་རིང་ལགས་སུ། ཨ་རིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ལ་དམིགས་ནས་བརྩམས་པའི་ལས་གཞི་དག་གིས་དོན་དངོས་ཐོག་ཁེ་ཕན་བསྐྲུན་ཐུབ་ཡོད་མེད་དང་། གལ་ཏེ་བསྐྲུན་ཐུབ་མེད་ཚེ་དེར་དགོངས་འཆར་གཞན་ཡོད་མེད་བཀའ་འདྲི་གནང་བར་ཁོང་གིས། ཨ་རི་ནི་བོད་ཀྱི་གནད་དོན་སེལ་རྒྱུར་ཡར་སྐུལ་བྱེད་མཁན་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཆགས་ཡོད། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བར་འབྲེལ་མོལ་བྱུང་བ་དེ་ཡང་ཨ་རིའི་གཞུང་ལ་བརྟེན་ནས་བྱུང་བ་རེད། ཡིན་ན་ཡང་། ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་འབྲེལ་མོལ་དེ་མཚམས་ཆད་ཡོད་པ་རེད། དེའི་རྒྱུ་མཚན་གཅིག་ནི། རྒྱ་ནག་གཞུང་གིས་འདས་པའི་དུས་ཚོད་ནང་ཨ་རི་གཞུང་གིས་གནད་དོན་དེ་དག་ལ་ངོ་མ་སེམས་འཁུར་བྱེད་ཀྱི་ཡོད་པ་རེད་བསམ་པ་རེད། ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་ད་ལྟའི་སྲིད་འཛིན་ཊོམ་ཕུ་མཆོག་གི་བར་ཨ་རིའི་སྲིད་འཛིན་ཚང་མས་༧གོང་ས་མཆོག་ནས་བཏོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཡོངས་ཁྱབ་ཀྱི་ཐོག་ནས་ཀྱང་རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་བྱེད་དགོས་པའི་སྐུལ་མ་གནང་ཡོད། ཡིན་ན་ཡང་ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་དང་། རྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་མཆོག་གིས་ལྷན་ཚོགས་སོགས་ནང་ཡོངས་ཁྱབ་ཀྱི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། རྒྱ་ནག་ལ་བོད་རྒྱ་འབྲེལ་མོལ་བྱེད་དགོས་པའི་སྐུལ་མ་སོགས་གང་ཡང་གནང་མེད་པ་རེད། གལ་ཏེ་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱལ་སྲིད་དྲུང་ཆེ་མཆོག་རྣམ་གཉིས་ནས་ཡོངས་ཁྱབ་སྐུལ་མ་གནང་བ་ཡིན་ན། ད་གཟོད་རྒྱ་ནག་གིས་ཨ་རི་གཞུང་ནས་བོད་ཀྱི་གནད་དོར་དེར་སེམས་འཁུར་ངོ་མ་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་སྐོར་བརྗོད་སོང་།
འབར་མའི་རོ་ཧིན་གྷ་མི་རིགས་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཊུན་ཁིན་(Mr. Tun Khin) ལགས་ཀྱིས། འབར་མ་གཞུང་གིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རོ་ཧིན་གྷའི་མི་རིགས་རྣམས་ཀྱི་འཚོ་བར་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དེ་ལྟར་མིན་པ་དང་། འབར་མ་གཞུང་གི་མགོ་འཁྲིད་ཚོར་རོ་ཧིན་གྷ་མི་རིགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་འདོད་པ་མེད་པ་རེད། ད་ལྟའི་འབར་མ་གཞུང་དང་དམག་དཔུང་གིས་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནས་བཟུང་རོ་ཧིན་གྷ་མི་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་ལ། རོ་ཧིན་གྷའི་ཕྲུ་གུ་རྣམས་ལ་དོན་དང་ལྡན་པའི་ཤེས་ཡོན་དང་འཕྲོད་བསྟེན་ལྟ་སྐྱོང་། སྤྱི་ཚོགས་ཀྱི་ཞབས་ཞུ་སོགས་སྦྱིན་གྱི་མེད་སྐོར་དང་། ད་ལྟའི་ཆར་རོ་ཧིན་གྷ་མི་རིགས་ཁྲོད་ཕ་མེས་ཡང་མེས་ཀྱི་ས་ཁུལ་ར་ཁིན་(Rakhine) ལས་ཕྱི་ལོགས་སུ་སྡོད་མཁན་མང་བ་ཡོད་པ་དང་། ད་བར་ཚོགས་སྡེ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་འབར་མའི་ནང་གི་དངོས་ཡོད་གནས་སྟངས་བརྒྱུད་བསྒྲགས་གནང་ཡོད་ཀྱང་། རོ་ཧིན་གྷའི་མི་རིགས་ལ་དགོས་པ་ནི་དོན་ཕན་ལྡན་པའི་ལག་ལེན་ཡིན་སྟབས། ཨ་རི་གཞུང་ངོས་ནས་སྟོབས་ཤུགས་བེད་སྤྱད་དེ་རོ་ཧིན་གྷའི་མི་རིགས་ཀྱི་གནས་བབ་ཇེ་ལེགས་སུ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་སོགས་བརྗོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།