ཁ་སང་དེ་རིང་རྒྱ་གར་གྱི་སྤྱི་ཚོགས་ནང་ཚ་ཚ་འུར་འུར་དུ་གླེང་སློང་བྱེད་བཞིན་པ་ནི་སང་ཉིན་བསླེབ་ཀྱི་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་སྐོར་ཡིན་ལ། དེ་ནི་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་དེ་བྷེ་ཇི་ཕི་དང་ཀོང་རི་སི་གཉིས་བར་སླར་ཡང་རྣོ་ངར་ལྡན་པའི་ཆབ་སྲིད་ཀྱི་གདོང་ཐུག་དང་འགྲན་རྩོད་བྱེད་པའི་དུས་ལ་བསླེབས་ཡོད། འདི་ལོར་དམིགས་བསལ་གྱིས་རྒྱ་གར་གྱི་ཆབ་སྲིད་དཀྱིལ་འཁོར་ནང་གླེང་གཞི་ཆེན་པོ་གསར་པ་ཞིག་ཡོང་གི་ཡོད་པ་ནི་ཀོང་རི་སི་སྲིད་དོན་ཚོགས་པའི་འོས་དམིགས་ནང་བུད་མེད་ཅིག་ཐོལ་གྱིས་ལངས་ཡོད་པ་དེ་རེད། བུད་མེད་ཆབ་སྲིད་པ་དེ་ནི་རྒྱ་གར་གྱི་སྲིད་བློན་སྐབས་ ༦ པ་རཱ་ཇིབ་གྷན་དྷི་(Rajiv gandhi)དང་། ཁོང་གི་བཟའ་ཟླ་ཀོང་རི་སི་ཚོགས་པའི་ཚོགས་གཙོ་ཟུར་པ་ལྕམ་སོ་ནེ་ཡ་གྷན་དྷི་(Sonia gandhi)གཉིས་ཀྱི་བུ་མོ་པིར་ཡན་ཀཱ་གྷན་དྷི་(Priyanka Gandhi)ཡིན་ལ། མོའི་ཕུ་བོ་རཱ་ཧུལ་གྷན་དྷི་(Rahul Gandhi)ཀོང་རི་སི་སྲིད་དོན་ཚོགས་པའི་ཚོགས་གཙོ་དང་། ད་ལྟའི་གཞུང་འཛིན་ཚོགས་པའི་ཁ་གཏད་པ་ཡོད་ན་མེད་ན་ཞིག་ཆགས་ཡོད་པ་རེད།གྷན་དྷི་དཔོན་རྒྱུད་ཀྱི་རྗེས་འཛིན་མ་སྲས་མོ་པིར་ཡན་ཀཱ་གྷན་དྷི་ནི་ཕྱི་ལོ་ ༡༩༧༢ ཟླ ༡ ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལི་རུ་སྐྱེས་ཤིང་། ལྡི་ལིའི་སྒེར་གཉེར་དེང་རབས་སློབ་གྲྭ་(Modern School)དང་། ( Convent of Jesus And Mary)བུད་མེད་སློབ་གྲྭ་སོགས་སུ་སློབ་གཉེར་བྱས་ཡོད་པ་དང་། ཕྱིས་སུ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་བུད་མེད་ཀྱི་མཐོ་སློབ་(Jesus And Mary)ཅེས་པའི་ནང་སེམས་ཁམས་རིག་པའི་ཐོག་སློབ་གཉེར་གནང་ཡོད་འདུག
སྲས་མོ་ཞིག་གི་ཀྱག་ཀྱོག་གི་མི་ཚེ།པིར་ཡན་ཀཱ་གྷན་དྷི་ནི་ཕ་མེས་ཡང་མེས་ནས་སྲིད་དབང་བཟུང་བའི་དཔོན་རྒྱུད་ཀྱི་སྲས་མོ་ཞིག་ཡིན་སྟབས། སྤྱིར་བཏང་གི་མི་ཞིག་གིས་མོ་དང་དགའ་རོགས་སྒྲིག་རྒྱུ་ཕར་ཞོག ཐུག་རག་ཙམ་ཡང་སེམས་ལ་འཁོར་དཀའ་བ་ཞིག་ཡིན་ཡང་། འབྱོར་ཕྱུག་མངའ་ཐང་གང་ཡང་མེད་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་མོ་རོ་བྷར་ཊི་མའེ་ཁེལ་(Robert Michelle)དང་པིར་ཡན་ཀཱ་གཉིས་འཛིན་གྲོགས་ཡིན་པ་མ་ཟད། གྲོགས་མོ་ཉེ་བོ་ཞིག་ཀྱང་ཡིན་འདུག ཕྱི་ལོ་ ༡༩༨༥ ལོར་པིར་ཡན་ཀཱ་ལོ་ན་ ༡༣ ཙམ་སོན་སྐབས། ཐེངས་ཤིག་གྲོགས་མོའི་ཁྱིམ་དུ་ཕྱིན་ཏེ་རོ་བྷར་ཊི་མའེ་ཁེལ་གྱི་ཕུ་བོ་རང་ལོ་ ༡༥ ལོན་པའི་རོ་བྷར་ཊི་ཝཱ་ཌི་རཱ་(Robert Vadra)དང་ངོ་ཤེས་པར་གྱུར། ཕྱི་ལོ་ ༡༩༩༡ ལོར་པིར་ཡན་ཀཱའི་པཱ་ལགས་ར་ཇིབ་གྷན་དྷི་མཆོག་ཏ་མུལ་ནཱ་ཌུ་(Tamil Nadu)ཡི་རྒྱལ་ས་ཆིན་ན་ཡེ་གྲོང་ཁྱེར་གྱི་འབར་རྫས་གཏོར་རྒོལ་ཁྲོད་མི་བཅུ་གྲངས་ཤིག་དང་ལྷན་དུ་རྐྱེན་འདས་སུ་བཏང་རྗེས། ཤུལ་དུ་ལུས་པའི་རང་ལོ་ ༡༩ ཙམ་ཡིན་པའི་སྲས་མོ་པིར་ཡན་ཀཱ་མིང་སྲིང་གཉིས་ཀྱི་མི་ཚེ་ལའང་འགྱུར་ལྡོག་དང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་མ་ཟད། ཆབ་སྲིད་རྩོད་རྙོག་དེའི་རྐྱེན་ཀྱིས་པིར་ཡན་ཀཱ་དང་ར་ཧུལ་གཉིས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ལའང་བར་ཆད་མི་ཉུང་བ་ཞིག་བྱུང་། རྒྱ་གར་དབུས་གསང་བའི་ལས་ཁུངས་ཀྱིས་ཤུལ་དུ་ལུས་པའི་མ་སྨད་གསུམ་ལ་དུས་རྒྱུན་ལྟ་སྲུང་ནན་བྱེད་དགོས་བྱུང་ཡོད་པ་མ་ཟད། པིར་ཡན་ཀཱ་དང་ར་ཧུལ་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཁོ་གཉིས་ཀྱི་སློབ་གྲྭའང་བསྟུད་མར་བརྗེ་དགོས་བྱུང་སྟེ། སྔོན་འགྲོའི་སློབ་གསོ་མང་ཆེ་བ་རང་ཁྱིམ་དུ་ཟུར་འཁྲིད་དགེ་རྒན་ལ་བསྟེན་པ་མ་གཏོགས་བྱིས་པ་སྤྱི་མཚུངས་ལྟར། མཛེས་སྡུག་གི་རྨི་ལམ་མང་ཞིང་དགའ་རྩེད་ཀྱི་དབྱིངས་ལ་འཐུམས་པའི་གཞོན་པའི་དུས་སྐབས་དེ་རོལ་བའི་རང་དབང་དེ་ཙམ་བྱུང་མེད་པ་རེད།
རཱ་ཇིབ་གྷན་དྷི་མཆོག་རྐྱེན་འདས་སུ་བཏང་སྟེ་དབང་ཐང་རྒྱས་པའི་ཁྱིམ་ཆེན་དེར་གློ་བུར་གྱི་ཆག་འཇིག་ཆེན་པོ་བྱུང་སྐབས། རོ་བྷར་ཊི་ཡིས་པིར་ཡན་ཀཱ་ལ་ཕྱོགས་ཡོངས་ནས་སེམས་གསོའི་རྒྱབ་སྐྱོར་དང་རོགས་རམ་གང་ནུས་བྱས་ཡོད་པར་བཤད། ཕྱིས་སུ་རོ་བྷར་ཊིའི་ཁྱིམ་ཚང་གིས་རྒྱན་ཆས་ཚོང་ཁང་ཞིག་གཉེར་ཡོད་པ་དང་། རོ་བྷར་ཊིས་ནམ་རྒྱུན་པིར་ཡན་ཀཱ་ལ་རྒྱན་ཆ་སྣ་ཚོགས་ཀྱི་ལེགས་སྐྱེས་སྤྲད་དེ་པིར་ཡན་ཀཱ་ཧ་ཅང་དགའ་རུ་བཅུག པིར་ཡན་ཀཱ་བརྒྱུད་ནས་རོ་བྷར་ཊི་ཡིས་ར་ཧུལ་གྷན་དྷི་ལགས་ཀྱང་ངོ་ཤེས་པ་མ་ཟད། ཁྱིམ་ཚང་གཉིས་ཀྱི་འབྲེལ་ལམ་རིམ་བཞིན་གཏིང་ཟབ་ཏུ་ཕྱིན། ཕྱི་ལོ་ ༡༩༩༧ ལོར་རོ་བྷར་ཊིས་པིར་ཡན་ཀཱ་མནའ་མར་ལེན་པའི་གཉེན་ཆང་བསླངས་པ་ལྟར། ཨ་མ་སོ་ནེ་ཡ་གྷན་དྷི་དང་ཕུ་བོ་ར་ཧུལ་གཉིས་ནས་དགག་བྱ་གང་ཡང་མ་གནང་བར་མོས་མཐུན་བྱུང་བར་གྲགས།ལོ་དེའི་ཟླ་ ༢ ཚེས་ ༡༨ ཉིན་རྒྱ་གར་གྱི་སྲིད་བློན་ཟུར་པ་གསུམ་གྱི་ཚ་མོ་པིར་ཡ་ཀཱ་དངོས་སུ་རྒྱན་ཆ་བཟོ་ཚོང་བྱེད་མཁན་རོ་བྷར་ཊིར་དང་གཉེན་སྒྲིག་བྱས་ཤིང་། ཁོང་གཉིས་ཀྱི་གཉེན་སྟོན་ཧིན་རྡུའི་ཆོས་ལུགས་ཀྱི་འགྲོ་སྲོལ་ལྟར་ཀ་ཤི་མུར་གྱི་ཆོས་དཔོན་བཅུ་ལྷག་ནས་ཆོ་ག་བཏོན་པ་དང་། དཔོན་ཚང་གི་སྲས་མོ་པིར་ཡན་ཀཱ་ལགས་རོ་བྷར་ཊིའི་ཕ་མ་གཉིས་ཀྱི་མདུན་དུ་སོང་ནས་མགོ་བོ་སྒུར་སྒུར་གྱིས་ཞབས་ལ་ལག་པ་འཆང་སྟེ་སྲོལ་རྒྱུན་གྱི་གུས་ཞབས་སྤྲད་པ་སོགས་བྱས་ཤིང་། གཉེན་སྟོན་ཐོག་ཕྱོགས་གཉིས་ཀྱི་ལྷག་ལུས་ཁྱིམ་མི་རྣམས་འཛོམས་ཡོད་པའི་ཁར། སྐབས་དེའི་རྒྱ་གར་གྱི་སྲིད་བློན་དྷི་ཝི་གྷོ་ཌ་མཆོག་(H D Deve Gowda)དང་། ཀོང་རི་སི་ཚོགས་པའི་ཚོགས་གཙོ་སི་ཏུ་རམ་ཁེས་རེ་(Sitaram Kesri)། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་གྱི་ཡབ་ཆེན་དུ་གྲགས་པ་ཨ་མེ་ཏབ་བྷ་ཆན་(Amitabh Bachchan)དང་ཁོའི་བཟའ་ཟླ་ཇ་ཡྰ་(Jaya)། གྷན་དྷི་དང་ནེའུ་རོའི་ཆབ་སྲིད་མགྲིན་ཚབ་པ་ས་ཊི་ཤི་ཤར་མ་(Sitaram Sharma)དང་ཁོའི་བཟའ་ཟླ་སི་ཊི་རེ་(Sterre)སོགས་དཔོན་རིགས་དང་གྲགས་ཅན་མི་སྣ་མང་པོ་འཛོམས་ཡོད་འདུག ཁོང་གཉིས་ཀྱི་གཉེན་སྟོན་ལ་དམིགས་བསལ་དོ་སྣང་བྱེད་ཡུལ་ཞིག་ཡོད་པ་ནི་ཚོགས་ཁང་གི་རྩིག་གྱང་སྟེང་ཕྱོགས་གང་སར་ར་ཇིབ་གྷན་དྷི་མཆོག་གི་པར་རིས་སྦྱར་ཏེ། ཁོང་དངོས་སུ་རང་ཉིད་ཀྱི་བུ་མོའི་གཉེན་སྟོན་ལ་ཕེབས་ཡོད་པ་ལྟ་བུའི་སྣང་བ་སྦྱིན་ཡོད་འདུག ད་ལྟ་པིར་ཡན་ཀཱ་དང་རོ་བྷར་ཊི་གཉིས་ལ་ལོ་ན་ ༡༩ ཡིན་པའི་རེ་ཧན་ཝཱ་དྷི་རཱ་(Rehan Vadra)ཟེར་བའི་བུ་ཞིག་དང་། ལོ་ན་ ༡༧ ཡིན་པའི་མེ་རཱ་ཡ་ཝཱ་དྷི་རཱ་(Miraya Vadra)ཞེས་པའི་བུ་མོ་ཞིག་ཡོད་འདུག
རོ་བྷར་ཊི་གྷན་དྷི་དཔོན་ཚང་གི་ཁྱིམ་མིར་གྱུར་རྗེས། ཡུན་རིང་མ་འགོར་བར་པིར་ཡན་ཀཱ་དང་རོ་བྷར་ཊི་གཉིས་ཀྱི་བར་བརྩེ་དུང་གི་ས་བོན་འདེབས་མཁན་སྲིང་མོ་རོ་བྷར་ཊི་མའེ་ཁེལ་(Robert Michelle)ཕྱི་ལོ་ ༢༠༠༡ ལོར་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་རྐྱེན་འདས་སུ་ཕྱིན་པ་དང་། ཕུ་བོ་རེ་ཆ་ཌི་ཝཱ་དྷི་རཱ་(Richard Vadra)ཡང་ཧ་ཅང་ལྐོག་གྱུར་གྱི་གནས་སྟངས་ཤིག་གི་འོག་ནས་རང་ཤི་བརྒྱབས། ཕྱི་ལོ་ ༢༠༠༩ ལོར་རོ་བྷར་ཊིའི་ཨ་ཕ་རཱ་ཇིན་ཌིར་(Rajendra Vadra)གྱིས་ཀྱང་ལྡི་ལིའི་ལྷོ་ཕྱོགས་ས་ཁུལ་(Yusuf Sarai)གྱི་མགྲོན་ཁང་ཞིག་ཏུ་རང་གི་སྐེ་ལྕགས་སྐུད་ཀྱིས་བསྡམས་ཏེ་རང་ཤི་བརྒྱབས་ཡོད་སྟབས། ད་ལྟ་རོ་བྷར་ཊིར་ལ་ཨ་མ་ལས་གཞན་ཁྱིམ་མི་གཅིག་ཀྱང་མ་ལྷག་པར་ཁོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་གཏན་དུ་གྱེས།
བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རོ་བྷར་ཊིའི་ཨ་ཕ་དང་ཕུ་བོ་རེ་ཆ་ཌི་གཉིས་ཀྱི་ཤི་རྐྱེན་ལ་གླེང་རྙོག་ཆེན་པོ་གཅིག་ཡོད་པ་ནི། རོ་བྷར་ཊི་གྷན་དྷི་ཚང་གི་ཁྱིམ་མིར་གྱུར་བ་ནས་བཟུང་ཕ་དང་ཕུ་བོས་དཔོན་ཚང་གི་མིང་བྱང་བེད་སྤྱད་དེ་ཀོང་རི་སི་ཆབ་སྲིད་ཚོགས་པའི་གོ་དབང་སྤྲོད་རྒྱུ་ཡིན་པའི་བསླུ་བྲིད་འོག་ལྐོག་རྔན་མང་པོ་བླངས་བའི་སྐད་ཆ་བྱུང་བར་བརྟེན། ཕྱི་ལོ་ ༢༠༠༢ ལོར་རོ་བྷར་ཊི་ཡིས་ཨ་ཕ་དང་ཕུ་བོ་གཉིས་ལ་འབྲེལ་ཐག་རྩ་བ་ནས་བཅད་ཡོད་འདུག ཕྱིས་སུ་རོ་བྷར་ཊིའི་ཨ་ཕ་ཡིས་གལ་སྲིད་ཁོ་ཤི་སོང་ན་དེའི་འགན་ཡོད་ཚད་གྷན་དྷི་ཚང་ལ་ཡོད་པ་དང་། ཁོ་རང་གྷན་དྷི་ཚང་ལ་ཞེད་སྣང་སྤུ་ཙམ་ཡང་མེད་ཅེས་བརྗོད་ཡོད་པར་གྲགས།
ཞི་གནས་སྙེག་པའི་རྨི་ལམ།ཆབ་སྲིད་ཀྱི་རྒྱབ་ལྗོངས་མཐུག་པའི་ཁྱིམ་ཚང་ཆེན་མོ་ཚོའི་བྱིས་པ་རྣམས་བསམ་བློའི་གནས་ཚད་དང་གོ་རྟོགས་ཅི་ཙམ་ཡོད་མེད་ལ་མ་ལྟོས་པར་ཆུང་དུས་ནས་ཆབ་སྲིད་ཀྱི་རྩོད་རྙོག་སྣ་ཚོགས་ཀྱི་ཁྲོད་ནས་འཚར་ལོངས་བྱུང་དགོས་ཀྱི་ཡོད་ཀྱང་། ཕྱི་ལོ་ ༡༩༩༩ ལོ་ཙམ་ལ་པིར་ཡན་ཀཱ་ཡིས་རང་ཉིད་ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ནས་ནང་པའི་སྒོམ་སྒྲུབ་ཉམས་ལེན་པ་ཞིག་ཏུ་བསྒྱུར་ཏེ། ཕྱི་ལོ་ ༢༠༡༠ ལོར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དུ་(University of Delhi)ནང་ཆོས་ཐོག་གཙུག་ལག་རམས་བྱམས་པའི་སློབ་མཐར་ཕྱིན་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱལ་ས་ལྡི་ལི་ཉེ་འཁྲིས་ཧར་ཡ་ནའི་གྲོང་ཁྱེར་ཁར་ནལ་(Haryana, Karnal)དུ་རྟེན་གཞི་བྱས་པའི་འབར་མའི་སློབ་དཔོན་གྷོན་ག་(S. N. Goenka)ལགས་དང་། ཛན་ཆོས་ལུགས་ཀྱི་སློབ་དཔོན་ཆེན་མོ་(Thich Nhat Hanh)ལགས་གཉིས་ཀྱི་མདུན་ནས་ཡུན་རིང་ལྷག་མཐོང་སྒོམ་སྒྲུབ་ཀྱི་ཉམས་ལེན་སྦྱངས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལའང་མཇལ་ཁ་ཞུས་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་པིར་ཡན་ཀཱ་རང་ཉིད་ཀྱི་པཱ་ལགས་ལྐོག་གསོད་བཏང་བའི་དོན་རྐྱེན་འོག མི་ ༢༦ འཛིན་བཟུང་བཀག་ཉར་དང་ཁྲིམས་ཐག་བཅད་དེ། བཙོན་ཁང་དུ་ལྷག་ཡོད་པའི་ནཱ་ལི་ནེ་སིར་ཧཱ་རན་(S Nalini Sriharan)དང་དངོས་སུ་ཐུག་ཡོད་པ་མ་ཟད། རང་ཉིད་ཀྱི་དགྲ་ཡིན་ཡང་ཆོས་ཕྱོགས་ནས་སེམས་ཀྱི་ཁོང་ཁྲོ་དང་འཁོན་འཛིང་འདོར་རྒྱུ་ནི་གལ་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད་ཟེར། གང་ལྟར་པིར་ཡན་ཀཱ་རང་གི་ཨ་མ་སོ་ནེ་ཡ་གྷན་གྷི་ལྟར་མི་སྒེར་གྱི་གནས་ཚུལ་རྣམས་ཧ་ཅང་གསང་རྒྱ་ཆེན་པོ་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་། ཧིན་རྡུ་ཆོས་ལུགས་ནས་ནང་པའི་རྗེས་འཇུག་པ་རྣལ་མ་ཞིག་ཏུ་གྱུར་བ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་པ་རེད།
ཕྱི་ལོ་ ༡༩༩༩ ལོར་པིར་ཡན་ཀཱ་རང་ལོ་ ༢༧ སྟེང་རྒྱ་གར་གྱི་གསར་ཁང་(Rediff)ཡི་བཅར་འདྲི་ཞིག་གི་སྐབས་མོས། ཆབ་སྲིད་ཀྱི་སྟོབས་ཤུགས་ནི་སྟོབས་ཤུགས་དངོས་མ་ཡིན་པར་མི་མང་ནི་སྟོབས་ཤུགས་ཡིན་སྟབས། ང་ཆབ་སྲིད་ནང་མི་ཞུགས་པར་མི་མང་ལ་ཞབས་འདེགས་ཞུ་བའི་དམ་བཅའ་བརྟན་པོ་ཡོད། ཅེས་ཡོངས་གྲགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ཞུགས་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་བསྟན་ཡོད་པ་དང་། དེ་ནི་གཅིག་བྱས་ན་ཉེན་གནས་སུ་ལྷུང་བའི་གཞོན་ནུ་མ་ཞིག་གི་རང་སྲུང་གི་གོ་ཆ་སུས་ཀྱང་མི་མཐོང་བ་ཞིག་ཡིན་སྲིད། གང་ལྟར་དུས་དེ་ནས་བཟུང་སྲིད་དབང་སྐྱོང་བའི་ཁྱིམ་རྒྱུད་ཆེན་མོ་ཞིག་གི་སྲས་མོ་དངས་གཙང་ལྷད་མེད་ཀྱི་ཁོར་ཡུག་ཅིག་ནས་མི་མང་དང་ལྷན་དུ་སྐྱིད་སྡུག་མཉམ་མྱོང་གིས་མི་ཚེ་སྐྱེལ་སྲིད་པའི་བག་ཆགས་སྙིང་རྗེ་བོ་ཞིག་བཞག་ཡོད་པ་རེད།
ལྕམ་ཨིན་དྷི་རཱ་གྷན་དྷི་གཉིས་པ། པིར་ཡན་ཀཱ་ཆུང་དུས་ནས་རྒྱ་གར་རང་བཙན་དང་འབྲེལ་བའི་ཧིན་རྡུའི་སྒྲུང་དང་སྙན་ངག་སོགས་ཀློག་རྒྱུར་དགའ་ཞིང་ད་ལྟའང་དཔེ་ཀློག་གི་གོམས་གཤིས་ཤུགས་ཆེན་ཡོད་པ་མ་ཟད། ཕ་རྒྱུད་བུ་ལ་འཁྲིད་ཟེར་བའི་དཔེ་ལྟར། ར་ཇིབ་གྷན་དྷི་མཆོག་པར་རིས་སྒྱུ་རྩལ་ལ་དོ་དབྱིངས་ཆེ་བས་པིར་ཡན་ཀཱའང་འདྲ་པར་ལེན་རྒྱུར་དགའ་བར་བཤད། པིར་ཡན་ཀཱས་རང་ལོ་ ༡༦ སྟེང་ཆབ་སྲིད་ཀྱི་གཏམ་བཤད་ཐོག་མ་དེ་སྤེལ་ཡོད་པ་དང་། སྣ་རྩེ་རྣོན་ཞིང་སྐྲ་ལོ་སིལ་ལུག་ཅན་གྱི་སྰ་རེ་(Saree)སྤུས་ལེགས་གྱོན་པའི་གཞོན་ནུ་མ་དེས། རྒྱ་གར་གྱི་བུད་མེད་སྲིད་བློན་ཐོག་མ་ཨིན་དྷི་ར་གྷན་དྷི་མཆོག་དངོས་སུ་མཇལ་བ་ལྟ་བུའི་ཉམས་སྣང་བསྐྲུན་གྱི་ཡོད་པར་བཤད། ཨིན་དྷི་ར་གྷན་དྷི་མཆོག་ནི་ཕིར་ཡན་ཀཱ་ཡི་རྨོ་ལགས་ཡིན་པ་དང་། རྒྱ་གར་གྱི་མི་རབས་གསར་པ་མང་པོ་ཞིག་གིས་སྲིད་བློན་དམ་པ་ཨིན་དྷི་ར་གྷན་དྷི་མཆོག་དངོས་སུ་མཐོང་ཐུབ་མེད་ཀྱང་། པིར་ཡན་ཀཱའི་ཕྱིའི་ལང་ཚོ་དང་གཤིས་ཀ་སོགས་ཀྱིས་ཨིན་དྷི་ར་གྷན་དྷི་མཆོག་ག་འདྲ་ཞིག་ཡིན་པའི་འཆར་སྣང་གསོན་པོ་ཞིག་ཡིད་ངོས་སུ་ལྷང་ངེར་མངོན་གྱི་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་པིར་ཡན་ཀཱ་ཡིས་སོ་སོའི་ཁྱིམ་རྒྱུད་ནས་མཆེད་པའི་གྷན་དྷིའི་ལྟ་གྲུབ་སྟེ། བདེན་པ་དང་འཚེ་མེད་ཞི་བ། རིས་མེད་གྲུབ་མཐའ་སོགས་ཀྱི་ལྟ་གྲུབ་རྒྱུན་སྐྱོང་བྱེད་ཀྱི་ཡོད་སྟབས། པིར་ཡན་ཀཱ་དེ་སྔོན་རྨོ་ལགས་ཀྱིས་འོས་བསྡུ་དྲིལ་བསྒྲགས་བྱ་ཡུལ་ཁག་ཏུ་ཕྱིན་སྐབས། ཨིན་དྷི་ར་གྷན་དྷི་དང་འབྲེལ་འདྲིས་ཟབ་པའི་མི་རབས་རྒན་པ་མང་པོར་མོ་དང་དངོས་སུ་མཇལ་བ་ལྟ་བུའི་ཚོར་བ་ཡོང་གི་ཡོད་པར་བཤད། པིར་ཡན་ཀཱ་ལ་བུད་མེད་ཀྱི་སྒེག་ཉམས་ལྡན་པའི་ཐོག་ཁ་ལྕེ་བདེ་ཞིང་མང་ཚོགས་ཀྱི་བདེ་སྡུག་ལ་དོ་འཁུར་དང་རྒྱབ་སྐྱོར་གྱི་གཏམ་བཤད་མང་པོ་སྤེལ་བཞིན་ཡོད་པས། ཨིན་དྷི་ར་གྷན་དྷི་གཉིས་པ་ཞེས་འབོད་མཁན་ཡང་མང་པོ་ཡོང་གི་ཡོད་འདུག
པིར་ཡན་ཀཱ་ཡི་ཆབ་སྲིད་གྲུབ་འབྲས།དེ་སྔོན་པིར་ཡན་ཀཱ་ཡོངས་གྲགས་ཐོག་ཆབ་སྲིད་ཚོགས་པའི་ནང་ཞུགས་མེད་པ་ནི་སྒེར་དོན་ཞིག་གམ། ཡང་ན་རྒྱ་གར་རང་བཙན་དང་འཚེ་མེད་ཞི་བའི་ལས་འགུལ་སྲོལ་བཏོད་པ་གྷན་དྷིའི་ཁྱིམ་རྒྱུད་ཀྱི་ཆབ་སྲིད་ལོ་རྒྱུས་ཁྲོད་ཀྱི་ཆག་འཇིག་ཤིག་ཀྱང་ཡིན་སྲིད་མོད། གང་ལྟར་མོས་རང་ཉིད་ཀྱི་པཱ་ལགས་འཚོ་བཞུགས་སྐབས་དང་ཨ་མ་ལགས། དེ་བཞིན། ཕུ་བོ་ར་ཧུལ་བཅས་ལ་འོས་བསྡུའི་དུས་སྐབས་རིམ་པར་མངོན་ལྐོག་གཉིས་ནས་རྒྱབ་སྐྱོར་དང་སྐུལ་མ་བྱས་ཡོད། ཕྱི་ལོ་ ༡༩༨༩ ལོར་ར་ཇིབ་གྷན་དྷི་མཆོག་ལ་གྲོས་ཚོགས་འོག་མའི་འོས་བསྡུའི་སྐབས་དྲིལ་བསྒྲགས་ཀྱིས་རྒྱབ་སྐྱོར་བྱས་པ་དང་། ཕྱི་ལོ་ ༡༩༩༩ ལོར་ཨུ་ཊར་མངའ་སྡེ་རུ་ཀོང་རི་སི་ཚོགས་པའི་འོས་མི་དྲིལ་བསྒྲགས་ཀྱིས་རྒྱལ་ཁ་བླངས། དེ་བཞིན། ཀར་ན་ཊ་ཀའི་ནང་ཨ་མ་སོ་ནེ་ཡ་གྷན་དྷི་ལགས་ཀྱི་འོས་བསྡུར་རྒྱལ་ཁ་ཐོབ་ཆེད་སྔ་གཞུག་ཏུ་གཏམ་བཤད་སྤེལ་བ་དང་། རྩོམ་ཡིག་སོགས་བྲིས་པར་མི་མང་གི་རྒྱབ་སྐྱོར་དང་དགའ་མགུ་ཆེན་པོ་ཐོབ་པར་བརྗོད། ཕྱི་ལོ་ ༢༠༠༤ ལོར་གྲོས་ཚོགས་འོག་མའི་ནང་ཕུ་བོ་ར་ཧུལ་ལ་རྒྱལ་ཁ་ཆེད་ཁོ་ནི་གྷན་དྷི་ཁྱིམ་རྒྱུད་ཀྱི་ཆབ་སྲིད་རྒྱུན་འཛིན་པ་གཅིག་པུ་དེ་ཡིན་པའི་དྲིལ་བསྒྲགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རཱ་ཧུལ་གྷན་དྷི་ལགས་ཀྱིས་ཨོ་ཊར་མངའ་སྡེ་ནང་འོས་བསྡུའི་དྲིལ་བསྒྲགས་བྱེད་སྐབས། པིར་ཡན་ཀཱ་བདུན་ཕྲག་གཉིས་ལྷག་རིང་མངའ་སྡེ་དེར་བསྡད་དེ། ཀོང་རི་སི་ཚོགས་པའི་སྲིད་དོན་པ་ཕན་ཚུན་བར་གྱི་ནང་འཁྲུག་ཞི་འཇགས་སུ་བཏང་སྟེ་ཚོགས་པ་དེར་སྲིད་སྟེགས་ ༡༠ ཐོབ་ཐབས་བྱས།
ཕྱི་ལོ་ ༢༠༠༩ ལོར་ཀོང་རི་སི་ཚོགས་པའི་འཐུས་མི་དང་མི་མང་གང་མང་ཞིག་གིས་པིར་ཡན་ཀཱ་ལ་ར་ཧུལ་ལས་ལྷག་པའི་མི་མང་གི་རྒྱབ་སྐྱོར་དང་དགའ་མོས་བྱེད་བཞིན་ཡོད་པས་ཆབ་སྲིད་ནང་ཞུགས་དགོས་པའི་སྐུལ་མ་ཡང་ཡང་བཏང་ཡོད་ཀྱང་། མོས་མུ་མཐུད་རང་ཉིད་ཀྱི་ཨ་མ་དང་ཕུ་བོ་གཉིས་ལ་རྒྱབ་སྐྱོར་གྱིས་ཆབ་སྲིད་ཚོགས་པའི་ནང་ཞུགས་མེད་པ་རེད། ཕྱི་ལོ་ ༢༠༡༤ ལོར་པིར་ཡན་ཀཱ་ཆབ་སྲིད་ཚོགས་པའི་ནང་ཞུགས་དགོས་པའི་སྐུལ་མ་ཤུགས་ཆེན་བྱུང་ཞིང་། འོས་བསྡུའི་དྲིལ་བསྒྲགས་སོགས་ཀྱི་དར་ཆའི་སྟེང་པིར་ཡན་ཀཱའི་མིང་བཀོད་དེ། མུ་དྷིའི་ཁ་གཏད་གཅོག་ཐུབ་མཁན་པིར་ཡན་ཀཱ་ཡིན་པ་ཚ་ཚ་འུར་འུར་གྱིས་བསྒྲགས་ཡོད་ནའང་། པིར་ཡན་ཀཱ་ཡིས་ཕུ་བོ་རཱ་ཧུལ་གྱི་འོས་བསྡུའི་དྲིལ་བསྒྲགས་ལ་ཕྱོགས་ཡོངས་ནས་ལམ་སྟོན་སོགས་ཀྱི་ནུས་པ་བཏོན་ཏེ། ཨུ་ཌར་མངའ་སྡེ་ཁོ་ནའི་ནང་ཀོང་རི་སི་ཚོགས་པའི་འཐུས་མི་ ༢༠ ལ་འགྱུར་བ་གཏོང་ཐུབ་ཡོད་སྐོར་དང་། ཀོང་རི་སི་ཚོགས་པའི་མགོ་འཁྲིད་ཅིག་གིས་པིར་ཡན་ཀཱ་ཡིས་ད་བར་རྒྱ་གར་རྒྱལ་ཡོངས་སུ་ཀོང་རི་སི་ཚོགས་པའི་འཐུས་མི་ ༡༠༠ ཙམ་གྱི་གོ་གནས་ལ་འགྱུར་བ་གཏོང་ཐུབ་ཡོད་པར་བཤད། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ནང་པིར་ཡན་ཀཱས་ཀོང་རི་སི་ཚོགས་པར་གཞུང་འཛིན་དབང་ཆ་ཐོབ་སླད། (Samajwadi Party)སྲིད་དོན་ཚོགས་པ་གཙོ་བྱས་པའི་རྒྱ་གར་གྱི་གནད་ཡོད་ཆབ་སྲིད་མི་སྣ་བསྡུ་སྐོང་བྱས་པ་སོགས་ཀོང་རི་སི་ཚོགས་པའི་ཆབ་སྲིད་ལོ་རྒྱུས་ནང་བྱས་རྗེས་མི་དམན་པ་བཞག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྣོ་ངར་ལྡན་པའི་འགྲན་རྩོད་སླེབ་ཀྱི་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས ༢༣ ཉིན་པིར་ཡན་ཀཱ་ཡོངས་གྲགས་ཐོག་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་སྐོར་བརྗོད་བཞིན་པའི་ཀོང་རི་སི་སྲིད་དོན་ཚོགས་པའི་ནང་ཞུགས་ཏེ། རྒྱ་གར་ཤར་ཕྱོགས་ཨུ་ཊར་མངའ་སྡེ་ཡི་ཀོང་རི་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཡིག་ཆེན་མོར་བསྐོ་བཞག་བྱས་ཡོད་པ་རེད།
དཔུང་པ་མཉམ་གཤིབ་ཀྱི་སྲིད་དོན་པ།པིར་ཡན་ཀཱ་ཆབ་སྲིད་ནང་ཞུགས་པ་དང་ཁ་གཏད་སྲིད་དོན་ཚོགས་པ་སྟེ་བྷེ་ཇི་ཕི་ཡི་སྲིད་དོན་པ་མང་པོས། པིར་ཡན་ཀཱ་ཆབ་སྲིད་ནང་ཞུགས་པ་དེས་ར་ཧུལ་གྷན་དྷི་ཡི་འཇོན་གྱི་མེད་པ་བསྟན་ཡོད་པ་མ་ཟད། ཁོས་རང་གི་སྲིང་མོ་ཆབ་སྲིད་ནང་འཁྲིད་ཡོང་སྟེ་ཀོང་རི་སི་ཚོགས་པར་སྲིད་དོན་ཚོགས་པ་གཞན་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད་ནའང་། པིར་ཡན་ཀཱ་ཡི་ཆབ་སྲིད་རྩེད་མོར་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད་ལ། སྲིད་དོན་ཚོགས་པ་དེ་གཉིས་ཀྱི་ཁྱད་པར་ནི། ཀོང་རི་སི་ཚོགས་པར་མཚོན་ན་གྷན་དྷི་ཁྱིམ་ཚང་ནི་སྲིད་དོན་ཚོགས་པ་ཡིན་པ་དང་། བྷི་ཇི་ཕིར་མཚོན་ན། སྲིད་དོན་ཚོགས་པ་ནི་ཁྱིམ་ཚང་ཡིན་ཞེས་ཟུར་ཟ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། པིར་ཡན་ཀཱ་ཀོང་རི་སི་ཚོགས་པའི་ཤར་ཕྱོགས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་རུ་བསྐོ་བཞག་བྱས་པ་ནི་ཕྱི་ལོ་ ༢༠༡༩ ལོའི་ལྟས་ངན་གྱི་གསར་འགྱུར་ཞིག་སྟེ་ཀོང་རི་སི་ཚོགས་པ་ཙམ་མ་ཟད། སྲིད་དོན་ཚོགས་པ་གཞན་གྱིས་ཀྱང་ར་ཧུལ་གྷན་དྷི་ཡིས་སྣེ་འཁྲིད་པའི་གཞུང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་མེད་པ་གསལ་པོ་བསྟན་ཡོད་ལུགས་བརྗོད་ཀྱི་ཡོད་པ་རེད།
ཆབ་སྲིད་དཔྱད་ཞིབ་པ་ཚོས་བརྗོད་ན། ཕྱི་ལོ་ ༢༠༡༤ ལོར་ར་ཧུལ་གྷན་དྷི་ཡིས་སྣེ་འཁྲིད་འོག་ཀོང་རི་སི་ཚོགས་པར་འོས་བསྡུའི་ཕམ་ཁ་ཆེན་པོ་བྱུང་ཡོད་ཀྱང་། ན་ནིང་ཕྱི་ཟླ་ ༡༢ ནང་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་འོས་བསྡུར་གལ་ཆེན་དུ་གྱུར་བའི་རྒྱ་གར་གྱི་མངའ་སྡེ་ཆེན་པོ་ ༣ ནང་ཀོང་རི་སི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། དམིགས་བསལ་འདི་ལོར་པིར་ཡན་ཀཱ་ཆབ་སྲིད་ནང་ཞུགས་སྐབས་དེ་ནི་རྒྱ་གར་ནང་གཞུང་འཛིན་སྲིད་དོན་ཚོགས་པར་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་ཤིག་དང་ཁེལ་ཡོད་པར་བརྟེན། གནད་འགག་གི་སྐབས་དེ་འདྲ་ཞིག་ལ་མོ་ཆབ་སྲིད་ནང་ཞུགས་པར་ཏན་ཏན་ཁྱད་པར་ཡོང་གི་ཡོད་སྐོར་སོགས་བརྗོད་ཀྱི་ཡོད་པ་རེད། གང་ལྟར་ད་ལྟ་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་འགྲན་རྩོད་ལ་རྣོ་ངར་ཆེ་བའི་རྩོད་གླེང་བྱུང་བཞིན་པའི་སྐབས་འདིར། ཧིན་རྡུ་ཆོས་ལུགས་ཀྱི་རྗེས་འཇུག་པ་སྲིད་བློན་མུ་དྷི་མཆོག་ལ་ཁ་གཏད་གཅོད་མཁན་གྱི་ནང་པའི་བུད་མེད་གཉིས་ཏེ། པིར་ཡན་ཀཱ་དང་མ་ཡ་ཝ་ཏི་(Mayawati)ནི་བརྒྱུད་ལམ་གྱི་གླེང་གཞི་ཚ་ཤོས་ཤིག་ཆགས་ཡོད་པ་རེད།
སྐལ་བཟང་སྦྱིན་པས་གནས་ཚུལ་བསྡུ་སྒྲིག་བྱས།
གནས་ཡུལ་རྒྱལ་ཁབ་ཀྱི་འོས་བསྡུ་དེ་དག་རྒྱལ་ཁབ་
ཀྱི་རྩ་ཁྲིམས་ལ་འགན་འཁུར་ནས་གནང་གི་ཡོད་པ་
ལས་ཆོས་ལུགས་བར་གྱི་མགྲན་རྩོད་ཞིག་ལ་ནམ་ཡང་
ངོས་འཛིན་བྱེད་མི་ཉན་ན་འདིར་ནང་པ་དང་ཧིན་ལྡུ་ཟེར་
བའི་ཆོས་ལུགས་ཀྱི་ཐ་སྙད་རྩལ་དུ་མ་སྟོན་ན་ཡག་ལེ་རེད་དོ།
སྐལ་བཟང་སྦྱིན་ལ་ལགས། གནས་ཚུལ་ཁ་གསལ་གོ་བདེ་ཞིག་ཕྱོགས་བསྒྲིགས་གནང་འདུག་པར་ཐུགས་རྗེ་ཆེ་ཞུའོ།།