པཱ་ཀི་སི་ཐན་གྱི་ལྷོ་ནུབ་མངའ་སྡེ་བྷ་ལོ་ཆི་སི་ཐན་གྱི་སྔོ་ཚལ་ཁྲོམ་རའི་ནང་འབར་རྫས་གཏོར་རྒོལ་བྱུང་སྟེ་མི་གྲངས་ ༤༦ ལྷག་ལ་ཤི་རྨས་བཟོས་ཡོད་འདུགནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་པཱ་ཀི་སི་ཐན་གྱི་ལྷོ་ནུབ་བྷ་ལོ་ཆི་སི་ཐན་མངའ་སྡེའི་ཁོ་ཊ་ (Quetta, Balochistan) གྲོང་ཁྱེར་གྱི་སྔོ་ཚལ་ཁྲོམ་ར་ཞིག་ཏུ་འགད་རྫས་དོན་རྐྱེན་བྱུང་སྟེ། ཉུང་མཐར་མི་གྲངས་ ༡༦ ལྷག་རྐྱེན་འདས་དང་། མི་ ༣༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག
འགད་རྫས་དོན་རྐྱེན་དེ་ནི་པཱ་ཀི་སི་ཐན་གྱི་ཁ་ཆེ་ཤི་ཡ་རིགས་ཀྱི་ཧཱ་ཛ་ར་(Hazara)གྲངས་ཉུང་མི་རིགས་ལ་དམིགས་པ་ཞིག་ཡིན་སྐོར་བསྒྲགས་འདུག་ལ། མངའ་སྡེའི་བློན་ཆེན་ཛི་ཡ་ལེན་གྷོབ་(Zia Langove) ཡིས་རྨས་སྐྱོན་ཕོག་པ་རྣམས་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ཁྲོད་ནས་མི་བཞི་ལྔ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྐོར་བརྗོད་འདུག
ས་གནས་ཀྱི་སྤྱི་ཁྱབ་ཉེན་རྟོག་དཔོན་པོས། ཧཱ་ཛ་ར་ཚོགས་སྡེའི་མི་མང་རྣམས་དུས་རྒྱུན་ས་གནས་དེར་སྔོ་ཚལ་ཉོ་རུ་སླེབ་ཀྱི་ཡོད་སྟབས། ས་གནས་ཉེན་རྟོག་ཁང་ནས་ཀྱང་ལྟ་སྲུང་བྱེད་ཀྱི་ཡོད་ལུགས་དང་། དེ་རིང་འབར་གས་བྱུང་རྗེས་དོན་རྐྱེན་གྱི་བྱུང་རྐྱེན་སོགས་ལ་ཞིབ་འཇུག་བྱེད་མུས་ཡིན་སྐོར་བརྗོད་འདུག
བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། དེ་སྔ་ནས་པཱ་ཀི་སི་ཐན་གཞུང་གིས་བཀག་སྡོམ་བྱས་ཟིན་པའི་ལཱ་ཤི་ཀར་ཨི་ཇཱང་ཝི་(Lashkar-e-Jhangvi) ཟེར་བའི་ཁ་ཆེ་སུ་ནི་རིགས་ཀྱི་དམག་དཔུང་གིས། ཁ་ཆེ་ཤི་ཡ་རིགས་ཀྱི་ཧཱ་ཛ་རའི་མི་རིགས་ལ་དྲག་པོའི་གཏོར་རྒོལ་གཏོང་གི་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་ཁྲོད་མི་ ༨ ཁ་ཆེ་ཤི་ཡའི་ཧཱ་ཛ་ར་མི་རིགས་ཡིན་སྐོར་བརྗོད་འདུག
དེ་རིང་གི་དོན་རྐྱེན་དེ་དང་འབྲེལ་ནས་རྒྱལ་སྤྱིའི་ཉེ་ཡང་ཚོགས་པས་ཧཱ་ཛ་ར་མི་རིགས་ལ་སྲུང་སྐྱོབ་བྱེད་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མིའི་ཚེ་སྲོག་ཤོར་བའི་དོན་རྐྱེན་འཇིགས་སུ་རུང་བ་འདིས་ཧཱ་ཛ་ར་མི་མང་རྣམས་ལ་ད་དུང་མུ་མཐུད་དྲག་སྤྱོད་འཇིགས་སྐུལ་བྱེད་བཞིན་པ་དྲན་སྐུལ་བྱས་ཡོད་པ་དང་། པཱ་ཀི་སི་ཐན་གཞུང་གིས་ག་དུས་ཡིན་ཡང་ཁོ་ཚོར་སྔར་ལྷག་ཉེན་སྲུང་བྱེད་རྒྱུའི་ཁས་ལེན་དམ་བཅའ་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ལག་ལེན་གྱི་ཐོག་ནས་གང་ཡང་བྱེད་ཐུབ་ཀྱི་མེད་སྐོར་དང་། སྲིད་བློན་ཨིམ་རན་ཁཱན་གྱིས་མགོ་འཁྲིད་པའི་པཱ་ཀི་སི་ཐན་གཞུང་ནས་རང་གི་ཁས་ལེན་གཞིར་བཟུང་ཧཱ་ཛ་རའི་མི་མང་ལ་སྲུང་སྐྱོབ་ནན་པོ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་འདུག
ཧཱ་ཛ་ར་མི་རིགས་དེ་པཱ་ཀི་སི་ཐན་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་ཤིག་ཡིན་པ་མ་ཟད། ཕལ་ཆེ་བ་ཨབ་གྷན་དང་ས་འབྲེལ་དུ་འཁེལ་བའི་ལྷོ་རྒྱུད་བྷ་ལོ་ཆི་སི་ཐན་མངའ་སྡེའི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དུས་རྒྱུན་དུ་ཁོ་ཚོ་དང་གྲངས་མང་ཁ་ཆེ་སུ་ནི་མི་རིགས་བར་གྱི་འབྲེལ་ལམ་དཀའ་རྙོག་ཅན་དུ་གྱུར་ཡོད་པ་མ་ཟད། དུས་སྐབས་མི་ཉུང་བ་ཞིག་ལ་ཐལ་ཆ་ཆེ་བའི་ཁ་ཆེ་སུ་ནིའི་དམག་གི་གཤོག་ཁག་འགས་ཧཱ་ཛ་ར་ཚོགས་སྡེ་ལ་འཁོན་འཛིན་གྱིས་མེ་མདས་བརྒྱབས་པ་དང་། འབར་རྫས་བཀད་དེ་མི་གྲངས་མང་པོར་ཤི་རྨས་བཏང་ཡོད་སྟབས། པཱ་ཀི་ཤི་ཐན་གཞུང་གིས་ཧཱ་ཛ་རའི་ཚོགས་སྡེ་ལ་དམིགས་བསལ་ལྟ་སྲུང་བྱས་ཏེ་དུས་སྐབས་ཤིག་ལ་དྲག་སྤྱོད་ཀྱི་དོན་རྐྱེན་ཇེ་ཉུང་དུ་སོང་ཡོད་འདུག་ཀྱང་། ཐེངས་འདིའི་འགད་རྫས་དོན་རྐྱེན་གྱིས་ཧཱ་ཛ་ར་མི་མང་རྣམས་ཀྱིས་སླར་ཡང་འཇིགས་སྐྲག་གི་ཁྲོད་ནས་འཚོ་བ་རོལ་དགོས་པ་ཞིག་བོས་ཡོད་འདུག
པཱ་ཀི་སི་ཐན་གྱི་གཞུང་འབྲེལ་ཡིག་ཆ་ལྟར་ན། ཕྱི་ལོ་ ༢༠༡༣ ནས་བཟུང་བྷ་ལོ་ཆི་སི་ཐན་མངའ་སྡེའི་ནང་བར་རྫས་གས་གཏོར་དང་མེ་མདའི་དོན་རྐྱེན་ཁྲོད། ཁ་ཆེ་ཤི་ཡའི་ཧཱ་ཛ་ར་གྲངས་ཉུང་མི་རིགས་ ༥༠༩ ལས་མང་བ་རྐྱེན་འདས་སུ་བཏང་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།