འདི་ལོའི་དགུན་དུས་སུ་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཁ་བ་ཤུགས་ཆེན་བབས་ཏེ་གངས་སྐྱོན་བྱུང་ཡོད་པ་དང་། ད་ལྟ་ས་ཆུ་དྲོས་པའི་རྐྱེན་གྱིས་རྫ་ཆུ་རྒྱས་ནས་འགྲམ་དུ་ཡོད་པའི་ཡུལ་སྡེ་མང་པོར་ཉེན་ཁ་ཡོང་གི་ཡོད་འདུག
འདི་གར་བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གཡས་གཡོན་གྱི་རི་བོ་རྣམས་ནས་ཁ་བ་ཞུས་ཏེ་རྫ་ཆུ་ཤུགས་ཆེན་རྒྱས་པའི་རྐྱེན་གྱིས། རྫ་སེར་ཤུལ་གྲོང་རྡལ་དུ་ཆུ་བླུགས་ཏེ་ཁྱིམ་ཚང་མང་པོ་ཞིག་གི་ཁང་པ་ཆུས་ཁེངས་ནས་ནང་དུ་འདུག་ཐབས་མེད་པ་ཆགས་ཡོད་པ་མ་ཟད། ཁང་པ་ཆུས་འཁུར་ཉེན་ཡོད་པར་བརྟེན། མི་མང་གིས་སོ་སོའི་ཁང་པའི་མཐའ་འཁོར་གྱི་ས་ལ་འགྱིག་ཤོག་གིས་རགས་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་གཡས་གཡོན་གཞུང་ལམ་སོགས་ཀྱང་ཆུས་བསྣུབས་ནས་འགྲོ་འོང་ལ་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། ཕྱོགས་གང་ས་ནས་གངས་ཆུ་བཞུར་བའི་རྐྱེན་གྱིས་རྫ་སྨད་ཕྱོགས་སུ་ཉེན་ཁ་ཆེན་པོ་ཡོད་སྐོར་བརྗོད་བྱུང་།
འདི་གར་བཏང་བའི་བརྙན་ཐུང་ཞིག་གི་ནང་དུ། ས་གནས་མི་མང་དང་མྱུར་སྐྱོབ་རུ་ཁག་གི་མི་སྣ་འདུ་འཛོམས་ཀྱིས་རོགས་སྐྱོབ་བྱེད་བཞིན་ཡོད་པ་དང་། བོད་མི་ཞིག་གིས་ཆུས་ཁེངས་བའི་རྩྭ་ཐང་ཞིག་ཏུ་མི་གཉིས་ལྷག་བསྡད་ཡོད་པ་སྐྱོབ་ཐབས་བཞིན་ཡོད་སྐོར་བརྗོད་འདུག་ལ། ཡང་རྫ་སེར་ཤུལ་ཕྱོགས་ཀྱི་བོད་མི་ཞིག་གིས་རྫ་ཆུའི་བརྒྱུད་དང་ལྷག་པར་དུ་སྨད་བརྒྱུད་དུ་ཡོད་པའི་ཡུལ་མི་ཚོས་གཟབ་གཟབ་དགོས་པའི་འབོད་སྐུལ་གནང་འདུག
དེ་བཞིན་ཡུལ་ཤུལ་ཁུལ་སྡོམ་མདའ་ཡུལ་ཚོའི་སྡོམ་ཆུ་རྒྱས་ཏེ་ཡུལ་ཚོའི་ནང་བླུག་ཡོང་གི་ཡོད་པ་དང་། སྡོམ་ཆུའི་ཕར་ཕྱོགས་ཚུར་ཕྱོགས་ཀྱི་གྲོང་ཚོ་གཉིས་ཀྱི་བར་ན་ཟམ་པ་ཞིག་ཡོད་པ་དེ་ཆུས་ཁེངས་གྲབས་ཡོད་པར་བརྟེན། གྲོང་ཚོ་ཕན་ཚུན་བར་འགྲོ་འོང་བྱེད་པར་འགྱིག་གྲུ་བཏང་ནས་འགྲོ་བཞིན་ཡོད་པ་དང་། གཞུང་ལམ་དང་འགྲོ་ལམ་སོགས་ཀྱང་ཆུས་ཁེངས་ཀྱི་ཡོད་པ་མ་ཟད། ཉིན་རེ་བཞིན་ཆུ་རྒྱས་ཚད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྐོར་བརྗོད་བྱུང་།
ཟླ་འདིའི་ཕྱི་ཚེས་ ༡ ཉིན་མཚོ་སྔོན་ཞིང་ཆེན་མི་མང་སྲིད་གཞུང་ཟེར་བས། ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ནས་ཁ་བ་འབབ་མགོ་ཚུགས་ཏེ་ད་ལོའི་དགུན་གནང་བར་ཁྱོན་ཉིན་གྲངས་ ༡༠༠ ཙམ་ལ་བསྟུན་མར་ཁ་བ་བབས་ཡོད་པ་དང་། ཁ་བ་འབབ་ཤུགས་ཆེ་ཤོས་ཡུལ་ཤུལ་དང་། མགོ་ལོག མཚོ་ཤར་སོགས་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་རྫོང་དང་གྲོང་ཁྱེར་ ༡༣ གྱི་འབྲོག་ཁྱིམ་ཁྲི་ ༢༡ ལྷག་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ཕྱུགས་ཟོག་གྲངས་ ༥༧༨༠༠ ཙམ་དང་། བདག་མེད་གཅན་གཟན་རི་དྭགས་རིགས་ ༢༡༩ ཙམ་ཤི་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་གྱི་རིང་བྱུང་མ་མྱོང་བའི་གོད་ཆག་ཚབས་ཆེ་ཤོས་ཤིག་ཆགས་ཡོད་སྐོར་བསྒྲགས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།