རྒྱ་གར་རྒྱལ་ས་རྙིང་པ་ཨག་ར་གྲོང་ཁྱེར་གྱི་ཉེ་འཁྲིས་ཤིག་ཏུ་འགྲུལ་བ་ ༥༠ ཡོད་པའི་་སྤྱི་སྤྱོད་རླངས་འཁོར་ཞིག་མྱུར་སྐྱོད་གཞུང་ལམ་སྟེང་ནས་ལྷུང་སྟེ་ཉུང་མཐར་མི་གྲངས་ ༢༩ རྐྱེན་འདས་སུ་ཕྱིན།རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༤།༡༥ ཙམ་ལ་ཨུ་ཌར་མངའ་སྡེའི་མཉམ་འབྲེལ་གྱི་འགྲིམས་འགྲུལ་སྤྱི་སྤྱོད་རླངས་འཁོར་ཞིག་གྲོང་ཁྱེར་ལག་ནོ་ནས་ལྡི་ལིར་སྐྱོད་པའི་ལམ་བར་དུ། ཨག་ར་གྲོང་ཁྱེར་གྱི་ཉེ་འཁྲིས་ཀུ་བྷིར་པུར་(Kuberpur)གྲོང་གསེབ་ཀྱི་ཡ་མོ་ན་གཞུང་ལམ་སྟེང་ནས་ཧྥི་ཊི་ ༥༠ འོག་གི་ཡུར་ཆུའི་ནང་ལྷུང་སྟེ། ཉུང་མཐར་འགྲུལ་བ་ ༢༩ རྐྱེན་འདས་དང་། མི་ ༡༦ ལ་རྨས་སྐྱོན་ཕོག་སྟེ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག
ཨུ་ཌར་མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱིས། ང་ཚོས་ད་བར་རྐྱེན་འདས་སུ་ཕྱིན་པའི་མི་ ༢༧ གྱི་ཕུང་པོ་རྙེད་སོང་བ་དང་། མི་ ༡༦ གི་གནས་སྟངས་ཛ་དྲག་འོག སྨན་ཁང་དུ་སྐྱེལ་ཐུབ་པ་བྱུང་སོང་། ཞེས་བརྗོད་ཡོད་པ་རེད།
རྒྱ་གར་གྱི་བདུན་གཅིག་ཅེས་པའི་གསར་ཁང་གི་གནས་ཚུལ་ནང་། སྤྱི་སྤྱོད་རླངས་འཁོར་དེ་ནི་ཉལ་ཁྲི་ཡོད་སའི་རླངས་འཁོར་ཞིག་ཡིན་པ་དང་། དེའི་ནང་ཁྱོན་མི་གྲངས་ ༥༠ ཡོད་པ་དང་། དོན་རྐྱེན་བྱུང་མ་ཐག་ས་གནས་མཉམ་འབྲེལ་གྱི་ལས་བྱེད་དང་ཉེན་རྟོག་པ་མགྱོགས་པོར་ཡུལ་དངོས་སུ་ཕྱིན་ཏེ་མྱུར་སྐྱོབ་བྱས་ཡོད་སྐོར་བརྗོད་འདུག
དོན་རྐྱེན་བྱུང་རྗེས་ཨུ་ཌར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡོ་གྷི་ཨ་ཌི་ཊ་ཡ་ན་ཐི་(Yogi Adityanath)ལགས་ཀྱིས། རླངས་འཁོར་བརྡབ་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་པའི་མི་རེ་རེའི་ཤུལ་ལུས་ཁྱིམ་མི་ཚོར་ཧིན་སྒོར་འབུམ་ ༥ རེ་གུན་གསབ་ཏུ་སྤྲོད་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་འདུག་ལ། གནས་ཚུལ་བྱུང་རྐྱེན་ཐད་སྤྱི་སྤྱོད་རླངས་འཁོར་སྟངས་འཛིན་གྱི་མ་ལག་ལ་སྐྱོན་ཤོར་ཡོད་སྐོར་དང་། ཡང་ཁག་ཅིག་གིས་ཁ་ལོ་བ་གཉིད་ཤོར་བ་ཡིན་སྐོར་བརྗོད་ཀྱི་ཡོད་ཀྱང་ད་ལྟའི་ཆར་ཁ་གསལ་གང་ཡང་མེད་པ་རེད།
ཨུ་ཌར་མངའ་སྡེའི་རྒྱལ་ས་ལ་ཁུ་ནོ་ཡི་སྤྱི་སྤྱོད་རླངས་འཁོར་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨམ་བྷི་རན་ཨ་ཊར་(Ambrin Akhtar)ལགས་ཀྱིས། རླངས་འཁོར་ཁ་ལོ་བའི་མིང་ལ་ཤན་ཁར་ཆན་དྷི་རེ་(Kripa Shankar Chaudhary)ཟེར་གྱི་ཡོད་པ་དང་རང་ལོ་ ༤༥ ཡིན་ལ། ད་སྔ་བར་ཁོ་ལ་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མི་འདུག་པས། ཐེངས་འདིའི་རླངས་འཁོར་བརྡབ་སྐྱོན་གྱི་བྱུང་རྐྱེན་གང་ཡིན་ཤེས་ཀྱི་མེད་ལ། ད་ལྟའི་ཆར་རླངས་འཁོར་ཁ་ལོ་བ་དང་ལས་རོགས་གཉིས་གང་དུ་ཡོད་མེད་ཀྱང་ཤེས་ཀྱི་མི་འདུག ཅེས་བརྗོད་ཡོད་པ་རེད།
འདི་ལོར་ཨག་ར་ནས་ལྡི་ལི་ནོ་ཌ་བར་གྱི་ཡ་མོ་ན་མྱུར་སྐྱོད་གཞུང་ལམ་ཐོག་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ ༢༤༧ བྱུང་ཡོད་པའི་ཁྲོད་ཁྱོན་མི་གྲངས་ ༡༢༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་དོན་རྐྱེན་ ༦༥༩ བྱུང་སྟེ་མི་ ༡༡༠ རྐྱེན་འདས་སུ་ཕྱིན་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།