བྷིར་རྫལ་ཨ་མ་རྫོན་ནགས་ཚལ་ཆེན་མོའི་ཁུལ་དུ་མེ་སྐྱོན་བྱུང་སྟེ་བདུན་ཕྲག་གསུམ་ལྷག་འགྲོ་བཞིན་ཡོད་ཀྱང་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་རོགས་དངུལ་སྤྲད་པ་ལེན་རྒྱུ་མིན་སྐོར་བརྗོད་འདུག
འདས་པའི་བདུན་ཕྲག་གསུམ་ལྷག་རིང་བྷིར་རྫལ་གྱི་ཨ་མ་རྫོན་ནགས་ཚལ་ཆེན་མོའི་ཁུལ་དུ་མེ་སྐྱོན་ཧ་ཅང་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། བྷིར་རྫལ་གཞུང་ནས་མེ་གསོད་ཀྱི་མཐུན་རྐྱེན་ཚང་གི་མེད་སྐོར་བརྗོད་ཡོད་པ་ལྟར། ཁ་སང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་ཆེན་ཐོག་ཧྥ་རན་སི་དང་། ཨ་རི། ཁ་ན་ཌ། འཇར་མན། ཉི་ཧོང་། དེ་བཞིན། དབྱིན་ཡུལ་བཅས་ཐུན་མོང་གིས། མེ་སྐྱོན་མཚམས་འཇོག་བྱེད་པར་རོགས་དངུལ་ཨ་སྒོར་ས་ཡ་ ༢༠ དང་། དེ་ནས་ལོགས་སུ་དབྱིན་ཇིའི་གཞུང་ནས་ཨ་སྒོར་ས་ཡ་ ༡༢་དང་། ཁ་ན་ཌ་གཞུང་གིས་ཨ་སྒོར་ས་ཡ་ ༡༡ དང་མེ་གསོད་གནམ་གྲུ་སོགས་གཏོང་རྒྱུ་ཡིན་སྐོར་ཁས་ལེན་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་ལེའོ་ནར་ཌོ་(Leonardo DiCaprio)ལགས་ཀྱིས། བྷིར་རྫལ་གཞུང་ལ་ཨ་སྒོར་ས་ཡ་ ༥ གནང་བ་སོགས་མི་སྒེར་དང་ཚོགས་སྡེ་སོགས་ནས་བྷིར་རྫལ་གཞུང་ལ་རོགས་སྐྱོར་བྱེད་བཞིན་ཡོད་ཀྱང་། ཁ་སང་ཉིན་རྒྱབ་ཏུ་བྷིར་རྫལལ་གཞུང་གིས་སྟོབས་ཆེན་རྒྱལ་ཁབ་ཀྱི་རོགས་དངུལ་ལེན་རྒྱུ་མིན་པ་ཡོངས་བསྒྲགས་བྱས་ཡོད་འདུག
ཁ་སང་བྷིར་རྫལ་རྒྱལ་ཡོངས་སྟོང་ཁམས་ཞིབ་འཇུག་ཁང་(National Institute for Space Research)གིས་འཁོར་སྐར་བརྒྱུད་ཞིབ་འཇུག་བྱས་པ་ལྟར་ན། ཨ་མ་རྫོན་ནགས་ཚལ་ཆེན་མོའི་ཁུལ་དུ་ཉི་མ་རེར་མེ་སྐྱོན་གསར་པ་ ༥༠༠ ཡས་མས་འབྱུང་གི་ཡོད་པ་དང་། འདི་ལོར་བྷིར་རྫལ་གྱི་ནགས་ཚལ་ལ་མི་སྐྱོན་ཐེབས་པའི་ཚད་གཞི་ལོ་སྔོན་དང་བསྡུར་ཚེ་བརྒྱ་ཆ་ ༨༥ ཡར་འཕར་ཡོད་པ་དང་། དེའི་ཁྲོད་ཀྱི་ས་ཁུལ་མང་ཆེ་བ་ཨ་མ་རྫོན་(Amazon rainforest)ནག་ཚལ་ཆེན་མོའི་ཁུལ་ཆགས་ཡོད་ཅིང་། འདི་ལོ་གཅིག་པུར་མེ་སྐྱོན་ཐེངས་ ༨༠༠༠༠ ལྷག་ཤོར་ཡོད་འདུག་ལ། ཕྱི་ཚེས་ ༢༢ ཉིན་ནས་བྷིར་རྫལ་གཞུང་གིས་རྒྱལ་ཡོངས་སུ་ཨ་མ་རྫོན་གྱི་མེ་སྐྱོན་ཛ་དྲག་གི་གནས་སྟངས་ནང་ལྷུང་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ཁ་གསལ་མེད་ཀྱང་། ས་གནས་ཞིང་པ་ཚོས་སེམས་ཅན་འཚོ་སྐྱོང་དང་ཞིང་ལས་ཀྱི་ས་ཁྱོན་རྒྱ་སྐྱེད་པའི་ཆེད་དུ་ནགས་ཚལ་ལ་མེ་བཏང་བ་ཡིན་སྐོར་སོགས་བརྗོད་ཀྱི་ཡོད་འདུག
འདས་པའི་བདུན་ཕྲག་གསུམ་ལྷག་རིང་ཨ་མ་རྫོན་ནགས་ཚལ་ཆེན་མོའི་ཁུལ་དུ་མེ་སྐྱོན་བྱུང་སྟེ། ཁུལ་དེའི་མཁའ་དབུགས་ལ་འབག་བཙོག་ཆེན་པོ་ཐེབས་ལ་དང་། སེམས་ཅན་གྲངས་ལས་འདས་པར་སྲོག་སྐྱོན་བྱུང་བ། དེ་བཞིན། བྷིར་ཛལ་གཙོས་ཁྱིམ་མཚེས་རྒྱལ་ཁབ་ ༩ ཡི་སྐྱེས་ཁམས་ཁོར་ཡུག་སྤྱི་དང་དམིགས་བསལ་མི་མང་གི་འཕྲོད་བསྟེན་སོགས་ལ་གནོད་སྐྱོན་ཐེབས་བཞིན་ཡོད་སྟབས། བྷིར་རྫལ་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་མེ་སྐྱོན་འཕྲལ་དུ་འགོག་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་བཞིན། བྷིར་རྫལ་གྱི་ཁོར་ཡུག་སྲུང་སྐྱོབ་པ་མང་པོ་ཞིག་གིས་བྷིར་རྫལ་རྒྱལ་ཡོངས་སུ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བྷིར་རྫལ་གྱི་སྲིད་བློན་ཇེར་བྷོལ་སོན་ན་རོ་ལགས་ཀྱིས། བྷིར་རྫལ་གཞུང་ལ་མེ་སྐྱོན་ཆེན་པོ་འདི་འགོག་པར་ཆ་རྐྱེན་ཚང་གི་མེད་ལ། ཨ་མ་རྫོན་ནི་ཡུ་རོབ་ལས་ཆེ་བ་ཡོད་སྟབས། ཁྱེད་ཀྱིས་མེ་སྐྱོན་ཚབས་ཆེན་འདི་འདྲ་ཞིག་ལ་ཁ་གཏད་ཇི་ལྟར་གཅོག་ཐུབ་བམ། ཞེས་བརྗོད་འདུག
ཨ་མ་རྫོན་ནགས་ཚལ་ཆེན་མོ་ནི་ས་ཁྱོན་ཀེ་ལོ་མེ་ཊར་གྲུ་བཞི་མ་ས་ཡ་ ༥༥ ཙམ་ཡོད་པ་ཞིག་སྟེ། ས་ཁྱོན་དེའི་ནང་བྷིར་རྫལ་གྱི་ནུབ་བྱང་ཕལ་ཆེ་བ་དང་། བྱང་ཨ་རིའི་རྒྱལ་ཁབ་ཁག་ ༩ ཡི་ས་ཁུལ་ཚུད་ཀྱི་ཡོད་འདུག ཨ་མ་རྫོན་ནི་འཛམ་གླིང་གི་སྲོག་རླུང་བརྒྱ་ཆ་ ༢༠ ཡི་འབྱུང་ཁུངས་དང་སྐྱེས་ཁམས་ཁོར་ཡུག་གི་བརྒྱ་ཆ་ ༡༠ འདུས་པའི་གོ་ལའི་ཆག་འཇིག་ཐད་གལ་གནད་ཆེ་བའི་ཁུལ་ཞིག་ཡིན་པ་མ་ཟད། ཨ་མ་རྫོན་ལ་འཛམ་གླིང་གི་གློ་བ་ཞེས་གོ་ལའི་ཚ་དྲོད་དང་འབྲེལ་ཏེ། ཁོར་ཡུག་སྲུང་སྐྱོབ་དང་སྐྱེས་ཁམས་ཁོར་ཡུག་དོ་སྙོམས་ཡོང་བར་གལ་ཆེན་ཆགས་སྟབས། རྒྱལ་སྤྱིའི་ཐོག་ནས་སེམས་འཚབ་ཆེན་པོས་བྷིར་རྫལ་གཞུང་ལ་འབོད་སྐུལ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།
འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔
སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔
དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔