མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩིབས་རི་རྒོད་ཕྲུག

ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་ཉེ་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུ་སྐབས་༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པར་བཀའ་ལན་གནང་བ་ཁག་ལ་གསལ་བཤད་ལན་འདེབས་བྱས་ཡོད།

གནད་ཚིག། དགོངས་གཞི། ནང་ཆོས། ཁྱབ་སྤེལ། ཆོས་ལུགས་མཐུན་སྒྲིལ། སྒྲོ་སྐུར།

ངོ་སྤྲོད།

ཉེ་ཆར་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་བསམ་བློའི་བང་མཛོད་ཅེས་པའི་བསྟི་གནས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཡང་སྲིད་ལམ་ལུགས་དང་ཆོས་དད་རང་དབང་གི་གལ་གནད་(Reincarnation in Tibetan Buddhism: The Importance of Religious Freedom) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང། གསུང་བཤད་དེ་ལས་འཕྲོས་ཏེ་བཀའ་འདྲི་ཞུ་སྐབས་སྲིད་སྐྱོང་མཆོག་གིས་ནམ་རྒྱུན་༧གོང་ས་མཆོག་ལ་དགོངས་གཞི་དྲུག་ཡོད་པ་གསུངས་ཏེ་༧གོང་ས་མཆོག་གི་དགོངས་གཞི་ངོ་མ་གང་ཡིན་ལ་འཁྲུལ་གཞི་ཆེན་པོ་བཟོས་ཡོད། དོན་དངོས་ཐོག་ནམ་རྒྱུན་ཡོངས་གྲགས་སུ་༧གོང་ས་མཆོག་ནས་གསུང་བཞིན་པའི་དགོངས་གཞི་འམ་ཐུགས་འགན་བཞི་ཡོད་པ་དེ་དག་ངོ་སྤྲོད་གནང་ན་ཆོག་མོད། དེ་ལས་ལྡོག་སྟེ་མཁས་ཉམས་སྟོན་ཆེད་དེ་དང་མི་མཐུན་པ་ཞིག་གསུངས་པ་དེས། མི་རྣམས་ཀྱི་སེམས་ལ་ཡང་སྙིང་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཞིག་ཡིན་པའི་དོགས་པའི་ས་བོན་བསྐྲུན་ཡོད། སྤྱིར་སེམས་ཅན་གྱི་འགྲོ་དོན་སླད་༧གོང་ས་མཆོག་གི་དགོངས་གཞི་ལ་མཐའ་མེད་ཀྱང། དུས་རྒྱུན་ཡོངས་གྲགས་གསུང་བཞིན་པའི་དགོངས་གཞི་འམ་ཐུགས་འགན་བཞི་ཡོད་པ་དེ་དང་མཐུན་པར་གསུངས་ན་མང་ཚོགས་ནང་འཁྲུལ་གཞི་གང་ཡང་ཡོང་དོན་མེད། ཅི་སྟེ་༧གོང་ས་མཆོག་ལ་དགོངས་གཞི་མང་པོ་ཡོད་ཚུལ་མཁས་ཉམས་སྟོན་དགོས་ན། ༧གོང་ས་མཆོག་གིས་རྒྱུན་ལྡན་བཀའ་གནང་བཞིན་པའི་ཐུགས་འགན་བཞིའི་སྐོར་འགྲེལ་བཤད་གནང་ན་འགྲིགས། དེ་དག་དང་འགལ་བ་ལྟག་སྤྲོད་ཀྱི་གསུང་ལན་གནང་བ་ནི། འཇིག་རྟེན་ཁ་དཔེར་བསྟོད་མི་ཤེས་པས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར་ཆགས་འདུག དེས་ན་གཤམ་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གང་གསུངས་ཡོད་པ་དང། དོན་དངོས་དེ་ལྟར་མིན་པ་ས་བཅད་གཉིས་སུ་ཕྱེ་ནས་བརྗོད་རྒྱུ་ཡིན།

༡༽ དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་དང། དོན་དངོས་དེ་ལྟར་མིན་པ།

སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཚན་བསྟོད་ལ་མཁས་དབང་ཞེས་ཀུན་གྱིས་བརྗོད་མུས་ལྟར་ཆབ་སྲིད་དང་རིག་གནས་ཀྱི་གོ་རྟོགས་ཅི་ཆེ་ཡོད་ན་ཡང་། ཁ་བདེ་བྱིའུ་ཆུང་ཕྲ་མོ་དེས། དོན་མ་མཁས་སྒོ་ང་ལམ་ལ་བཞག །ཅེས་པ་ལྟར་སྐབས་དེའི་གསུང་བཤད་དང་འབྲེལ་བའི་བཅར་འདྲིའི་ནང་འདི་ལྟར་གསུངས་ཡོད་དེ། “Normally His Holiness always has plan A, B, C, D, E, F,) A is rebuild monastery in India. B is particularly rebuild monastery in Himalayan area belt.  C is spread Buddhism all over the world, Buddha came but he could not travel all five continents. His holiness did, and set Buddhist center all over the world. D is revival Buddhism in Tibet. (E) Revival Buddhism in China. F is revival Buddhism in India”ཞེས་གསུངས་ཡོད། དེའི་དོན་ནི་བོད་སྐད་དུ། ༧གོང་ས་མཆོག་ལ་ནམ་རྒྱུན་དགོངས་གཞི་འམ་འཆར་གཞི་ཆེན་པོ་དྲུག་ཡོད་པ་སྟེ། དང་པོ། བཙན་བྱོལ་ནང་དགོན་སྡེ་ཁག་བསྐྱར་གསོ་གནང་རྒྱུ། གཉིས་པ། དམིགས་བསལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་དགོན་སྡེ་ཁག་བསྐྱར་བཟོ་གནང་རྒྱུ། གསུམ་པ། ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གནང་རྒྱུ། དེ་ཡང་བདག་ཅག་གི་སྟོན་པ་བྱོན་རུང་གླིང་ཆེན་ལྔའི་ནང་ཕེབས་ཐུབ་མེད་པ་དང། ༧གོང་ས་མཆོག་ཕེབས་ཐུབ་པ་མ་ཟད། ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་ཀྱང་འཛམ་གླིང་གང་སར་ཕྱག་འདེབས་ཐུབ་པ་བྱུང་ཡོད། བཞི་པ།༽ བོད་དུ་ནང་ཆོས་བསྐྱར་གསོ་གནང་རྒྱུ། ལྔ་པ།༽ རྒྱ་ནག་ཏུ་ནང་ཆོས་བསྐྱར་གསོ་གནང་རྒྱུ། དྲུག་པ།༽རྒྱ་གར་དུ་ནང་ཆོས་བསྐྱར་གསོ་གནང་རྒྱུ་བཅས་ཡིན་པར་གསུངས་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་ཀྱི་ཐོག་མར་ནམ་རྒྱུན་ཞེས་གསུངས་པ་དེ་ནས་དགོངས་གཞི་དེ་དག་རྒྱུན་ལྡན་ནས་༸གོང་ས་མཆོག་གིས་གསུང་བཞིན་པ་ཞིག་ཡིན་པའི་གོ་བ་སྟེར་མོད། འོན་ཀྱང་འདས་པའི་མི་ལོ་ཉི་ཤུར་ཉེ་བའི་རིང་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་པའི་སྐལ་ལྡན་དུ་གྱུར་པའི་གུས་པར་མཚོན་ན། དེ་ལྟ་བུའི་དགོངས་གཞི་ཞིག་༧གོང་ས་མཆོག་གི་ཞལ་ནས་གསུངས་པ་ནམ་ཡང་ཐོས་མ་མྱོང་ལ། ཁོང་གིས་མཛད་པའི་ཕྱག་དེབ་མི་ཉུང་བ་ཞིག་མཇལ་མྱོང་བ་ལས་ཀྱང་བཙལ་རྙེད་མ་བྱུང་བས་འདི་ནི་ཕལ་ཆེར་གཞན་ལ་ཡང་དེ་མཚུངས་ཡིན་སྲིད། དེས་ན་ནམ་རྒྱུན་ཞེས་པ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་བཟོ་བྱས་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ།

ཅི་སྟེ་གུས་པས་མ་མཐོང་བ་དང་མ་ཐོས་པ་དེ་ལས་བསོད་དམན་སྟོབས་ཀྱིས་ཡིན་པར་སྨྲ་སྲིད་མོད། འོན་ཀྱང་༧གོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས་གནང་བ་ཁག་དང། ཁོང་གིས་མཛད་པའི་གསུང་རྩོམ་ཁག་ཏུའང་དེ་ལྟར་མ་གསལ་བ་གཞན་ལ་ཡང་དེ་མཚུངས་ཡིན་པའི་རྒྱུ་མཚན་ཇི་ལྟར་འགྲེལ། དེས་ན་སྲིད་སྐྱོང་མཆོག་གིས་ནམ་རྒྱུན་ཞེས་པའི་ཚིག་སྦྱར་བ་དེས་དོན་ལ་དགོངས་གཞི་དེ་དག་༧གོང་ས་མཆོག་གིས་དུས་རྒྱུན་ནས་གསུང་བཞིན་པའི་རྣམ་པ་ཞིག་སྟོན་བཞིན་ཡོད་མོད། དོན་ལ་ནམ་རྒྱུན་ནས་དེ་འདྲ་ཞིག་གསུང་གི་མེད་པ་གོང་ཞུས་རྒྱུ་མཚན་དེ་དག་ལས་ཤེས་ཐུབ།

དེས་ན་གནད་དོན་འདིའི་ཐོག་ནས་ཡང་སྙིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ལ་ཡོངས་གྲགས་དགོངས་གཞི་བཞི་ཡོད་པ་དེ་དག་སྒྲུབ་ཐབས་སུ་ཆར་པ་ཆུ་གྲོགས་དང། ཉི་མ་མེ་གྲོགས་ཀྱི་དཔེ་ལྟར་གཡས་སྐྱོར་གཡོན་འདེགས་གནང་གི་ཡོད་པ་རེད་དམ། ཡང་ན་རྒྱལ་སྤྱིའི་མང་ཚོགས་རྣམས་༸གོང་ས་མཆོག་གི་དགོངས་གཞིར་འཁྲུལ་གཞི་བཟོ་ཡི་ཡོད་དམ།  དེ་མིན་ན་༸གོང་ས་མཆོག་ཞལ་ཞེ་མི་མཐུན་པར་བཟོས་ཏེ་རྒྱ་གཞུང་གིས་དབུ་མའི་ལམ་ལ་ཕྱེད་རང་བཙན་དང་རྣམ་པར་འགྱུར་པའི་རང་བཙན་སོགས་མི་བདེན་རྫུན་སྒྲིག་བྱས་དང་བྱེད་བཞིན་པ་དག་ལ་ཁུངས་སྣེ་ཞིག་སྤྲོད་ཨེ་ཐུབ་ལྟ་བཞིན་ཡོད་དམ། སྤྱིར་བཏང་བྱས་ན་འདི་ལྟ་བུའི་གནད་འགག་ནི་ཆབ་སྲིད་གོ་རྟོགས་དམན་པའི་གནག་རྫིས་ཀྱང་རྟོགས་སླ་མོད། བོད་ཀྱི་སྲིད་སྐྱོང་གི་མཚན་འཁུར་ཅིང། ཆབ་སྲིད་མཁས་པར་ཁས་ཆེ་བའི་ཞལ་ནས་ཐོན་པ་ནི། ཁ་དཔེར། གཏམ་བདེན་པ་ཁུ་བྱུག་གསུང་དང་འདྲ། །དེ་གྲགས་ཚེ་དུད་འགྲོ་ཡིན་ཀྱང་མགུ། གཏམ་རྫུན་པ་འུག་པའི་གད་མོ་འདྲ། །སུ་ཡིན་ཀྱང་རྣ་བས་ཉན་འདོད་མེད། །ཅེས་པ་ལྟར་ཕལ་པའི་སྐྱེ་བོ་རྣམས་ཀྱང་ཁྲེལ་བའི་གཞི་ལས་མ་འདས་སོ། །

ཡང་ན་ནམ་རྒྱུན་ཞེས་པའི་ཚིག་དེའི་གོ་བ་དེ་ལྟར་མིན་པར། སྲིད་སྐྱོང་རང་ཉིད་སྒེར་ལ་ནམ་རྒྱུན་ནས་༧གོང་ས་མཆོག་གིས་གསུང་བཞིན་པའི་དོན་ཡིན་ཞེ་ན། དེ་ཡང་མི་བདེན་ཏེ། ༧གོང་ས་མཆོག་ནམ་ཡང་ཕྱི་གསལ་ནང་གསལ་གནང་མཁན་ཞིག་ཡིན་པ་ཡོངས་གྲགས་ཡིན་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་ཨ་རིའི་དོན་ཁང་ནས་༸གོང་ས་མཆོག་གདན་ཞུས་ཀྱིས་(Madison,Deer Park)ཞེས་པར་བོད་པའི་གཞོན་སྐྱེས་རྣམས་ལ་ལམ་སྟོན་བཀའ་སློབ་དང་བཀའ་འདྲི་ཁག་གི་བཀའ་ལན་གནང་སྐབས། བོད་པའི་གཞོན་སྐྱེས་ཤིག་གིས་སྐབས་དེའི་གྲོས་ཚོགས་ནང་གླེང་སློང་བྱུང་བ་ཞིག་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། “་ངས་ཁ་ནས་རང་སྐྱོང་མ་གཏོགས་སེམས་གཏིང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་”ཅེས་པ་དེས་ང་ཁྲམ་པ་(མ་བིང།)བཟོ་ཡི་ཡོད་པ་རེད། “ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་ཀྱང་དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་རེད་ཅེས་རྟག་པར་བཤད་སྡོད་ཀྱི་ཡོད།” ཅེས་འུ་ཐུག་ཐབས་ཟད་ཀྱིས་བཀའ་དེ་འདྲ་ཞིག་གནང་དགོས་བྱུང་ཡོད་ལ། ད་དུང་བཀའ་དེ་འདྲ་ཞིག་མ་གནང་ཀ་མེད་བཟོ་འདོད་འདུག་གམ། དེ་མིན་ན་ད་དུང་མི་བདེན་རྫུན་སྒྲིག་གིས་རང་ཉིད་སྒེར་ལ་བཀའ་དེ་འདྲ་ཞིག་གནང་བ་ཉིན་མོ་ལྟ་ཅི་མཚན་མོའི་རྨི་ལམ་དུ་ཡང་འཁོར་མི་སྲིད་པ་ཞིག་གོ །

ཡང་མིན་ན་ནམ་རྒྱུན་ཞེས་པ་༧གོང་ས་མཆོག་གིས་ཞལ་ནས་མ་གསུངས་ཀྱང་། དུས་རྒྱུན་གྱི་དགོངས་པ་བཞེས་སྟངས་དང་མཛད་པ་འཕྲིན་ལས་སྐྱོང་སྟངས་ལ་གཞིགས་ནས་དེ་ལྟར་གསུངས་པ་ཡིན་ཟེར་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་དགོངས་གཞི་དྲུག་ཅེས་ངེས་བཟུང་མཛད་པ་ལ་དགོས་པ་མེད་དེ། དགོངས་གཞི་དྲུག་གིས་མ་ཚད་བརྒྱ་ཕྲག་ཡོད་པ་སུས་ཀྱང་བསྙོན་དུ་མེད། དེའི་རྒྱུ་མཚན་ནི་༧གོང་ས་མཆོག་གིས་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར། གལ་ཆེ་ལ་རྣམ་གྲངས་མང་བའི་ཕྱག་ལས་གྲངས་མེད་པ་ཞིག་ཐོག་མའི་དགོངས་གཞི་ལྟར་ལེགས་གྲུབ་བྱུང་ཡོད་པ་བལྟས་ན་མཐོང་རྒྱུ་ཡོད་པ་དང་ཉན་ན་གོ་རྒྱུ་ཡོད་པའི་ཕྱིར། དེའི་དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན་བོད་མིའི་སྒྲིག་འཛུགས་འདི་དང། སློབ་གྲྭ་ཁག་ཀྱང་༧གོང་ས་མཆོག་གི་ཐོག་མའི་དགོངས་གཞིའི་གྲས་ཡིན་པ་ཀུན་གྱིས་མཁྱེན་གསལ་མ་རེད་དམ། དེས་ན་འདི་དག་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་གི་དགོངས་གཞིའི་གྲས་སུ་བགྲང་དགོས་ཚོད་ལ་གལ་ཆེ་བ་འདི་དག་དོར་ཏེ་དྲུག་ཅེས་ངེས་བཟུང་མཛད་པ་ལ་དགོས་པ་ལྷག་པོ་ཅི་ཡང་མེད་པས། དེ་ནི་མི་འཐད་དོ། །

ཅི་སྟེ་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པ་དེ་དག་ལས་གཞན་རྣམས་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་ཀྱང་དེ་ཙམ་ཐལ་མི་ཆེ་མོད། དོན་ཚན་གསུམ་པ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པ་ནི། ཤིན་ཏུ་ནས་མི་འོས་པ་ཆེན་པོ་སྟེ། ༸གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་དང་རྦད་དེ་རྒྱབ་འགལ་དུ་གྱུར་ཡོད་པས། དེ་ནི་མཁས་པས་འཕྱུགས་ན་འདོམ་གང་དང། བླུན་པོས་འཕྱུགས་ན་མཐོ་གང་ཞེས་པ་ལྟར་ཆགས་སྟབས། ཟླ་འདིའི་ཚེས་འགོར་གྲུབ་མ་ཐག་པའི་ཐེ་ཝན་གསུང་ཆོས་ཉིན་དང་པོའི་ཆོས་བཤད་སྐབས། ༸གོང་ས་མཆོག་ནས་“ངས་ནང་པའི་ཆོས་སྤེལ་གྱི་མེད་”ཅེས་སླར་ཡང་བཀའ་བསྩལ་ཡོད།

དེར་བརྟེན་གནད་དོན་འདི་ཚོའི་ཐོག་ནས་བལྟས་ཡོང་དུས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་ལྟ་ཅི། མཛད་དཀའ་བཟོ་ཡི་ཡོད་པ་གསལ་པོར་མཐོང་ཐུབ་པས། ཕྱིན་ཆད་རྒྱབ་ཀྱི་ལྷགས་པ་འགོག་མ་ཐུབ་ན་ཡང་། མདུན་གྱི་ཉི་མ་མ་འགོག་ཅེས་པ་གདམས་ངག་ཏུ་མཁྱེན་དགོས་པ་གནད་དུ་མཐོང་ངོ་། །

༢༽ ནང་ཆོས་འཛམ་གླིང་ལ་སྤེལ་རྒྱུ་དེ་༸གོང་ས་མཆོག་གི་དགོངས་པ་གཏན་ནས་མིན་པ།

སྤྱིར་སྐྱེ་བོ་ཕལ་པས་༸གོང་ས་མཆོག་གི་དགོངས་པ་ཟབ་པ་དང་རྒྱ་ཆེ་བ་དག་བློའི་གཞལ་བྱའི་ཡུལ་ལས་འདས་མོད། ཁོང་གིས་ལམ་སྟོན་བཀའ་སློབ་གནང་བ་ཁག་ཡང་ནས་བསྐྱར་དུ་གསན་པ་དང། ཁོང་གི་མཛད་དེབ་ཁག་ཡང་ཡང་མཇལ་མཁན་ཞིག་ཡིན་ན། ཁོང་གི་དགོངས་པ་མཐིལ་ཕྱིན་པ་མ་རྟོགས་རུང་། དགོངས་པ་བཞེས་ཕྱོགས་ཇི་འདྲ་ཞིག་ཡིན་མིན་ལ་ཚོད་དཔག་བྱེད་ཐུབ། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་ལྟ་བུར་མཚོན་ན་མཚན་གནས་རྗེས་འབྲེལ་གྱིས་༸གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ཡང་ཡང་ལྡན་མཁན་ཞིག་ཡིན་པས། ༸གོང་ས་མཆོག་གི་དགོངས་པར་གཞན་ལས་མཁྱེན་རྒྱ་ཟབ་པ་དང། གོ་རྟོགས་ཆེ་བ་ཡོང་དགོས་ཚོད་རེད།  འོན་ཀྱང་བཅར་འདྲིའི་སྐབས། “The plan C is spread Buddhism all over the world. Buddha came but he could not travel all five continents. His holiness did. And set Buddhist centre all over the world” ཞེས་གསུངས་ཡོད་ཅིང་། འདིའི་དོན་ནི་བོད་སྐད་དུ། ༸གོང་ས་མཆོག་གི་དགོངས་གཞི་གསུམ་པ་དེ། ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་རེད། དེ་ཡང་བདག་ཅག་གི་སྟོན་པ་བྱོན་རུང་གླིང་ཆེན་ལྔའི་ནང་ཕེབས་ཐུབ་མེད་པ་དང། ༧གོང་ས་མཆོག་ཕེབས་ཐུབ་པ་བྱུང་ཡོད་ལ། ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་ཀྱང་འཛམ་གླིང་གང་སར་ཕྱག་འདེབས་ཐུབ་པ་བྱུང་ཡོད་ཅེས་བཀའ་ལན་གནང་ཡོད། འདིའི་ཐོག་ནས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་སྐུ་མདུན་དུ་ག་ཚོད་བཅར་རུང་།  བཅར་གོ་མ་ཆོད་པ་དང། མི་གོ་མ་ཆོད་པ་ལྟ་བུར་གྱུར་མི་འདུག་གམ།

དེའི་རྒྱུ་མཚན་ནི་ཧ་ཅང་གསལ་པོ་ཡིན་ཏེ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཤ་༡༣ ལས། “སྤྱིར་ཡུལ་ལུང་སོ་སོར་གནའ་རབས་ནས་ཡོད་པའི་རང་གི་ཆོས་ལུགས་དེ་རང་ཉིད་ལ་འཚམ་ཤོས་ཡིན་པས་ཆོས་ལུགས་གཞན་དུ་བསྒྱུར་ན་སྒེར་རང་ཉིད་ལ་དཀའ་ངལ་འཕྲད་ཉེན་ཆེ་བ་དང། སྤྱི་ཚོགས་ནང་ཆོས་ལུགས་མཐུན་སྒྲིལ་ལའང་གནོད་གཞིར་འགྱུར་སྲིད་པར་བརྟེན། ཆོས་ལུགས་གཞན་གྱི་རྗེས་འཇུག་པ་སངས་རྒྱས་པའི་ཆོས་པར་བསྒྱུར་སྙམ་པའི་སངས་རྒྱས་པའི་ཆོས་ཁྱབ་སྤེལ་གྱི་བསམ་བློ་གཏན་ནས་གཏོང་མི་འོས་”ཞེས་བཀའ་གསལ་པོ་སྩལ་འདུག་པས་སོ། །དེས་ན་གནད་དོན་འདིའི་ཐོག་ནས་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་གི་དགོངས་གཞིའི་ཁ་ཕྱོགས་ཙམ་ཡང་མི་མཐུན་པར་ལྡོག་སྟེ་སྨྲས་པ་ནི་ཀུན་སློང་ངན་པས་མིན་ན། གཞན་ལ་གདོང་པ་སྟོན་པར་ཡང་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་ཆགས་འདུག

གལ་ཏེ་སྲིད་སྐྱོང་མཆོག་ལ་༸གོང་ས་མཆོག་གིས་གསུངས་པ་དེ་དག་ཞལ་ཙམ་མ་གཏོགས་ཐུགས་ལ་ནང་ཆོས་ཁྱབ་སྤེལ་གཏོང་རྒྱུའི་དགོངས་གཞི་དེ་འདྲ་ཞིག་མེད་དམ་སྙམ་པ་རང་ཉིད་ལ་དོགས་པ་ཡོད་དབང་གིས་བཀའ་ལན་དེ་འདྲ་ཞིག་གནང་བ་ཡིན་ཞེ་ན། འདི་དྲི་བར་བྱ་སྟེ། དེང་གི་དུས་ཚོད་དང་ཆོས་ལུགས་ཀྱི་འབྲེལ་བ་ (The Relevance of Religion in Modern Times) ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་ནས། “One Christian father asked me about emptiness, voidness, and I told him this is not good for him. If I teach complete interdependence, this might harm his strong faith in God. So it is better for such people not to listen to talk about voidness”ཞེས་གསུངས་ཡོད་ཅིང་། འདིའི་དོན་ནི་བོད་སྐད་དུ། ཐེངས་ཤིག་ཡེ་ཤུའི་ཆོས་པ་ཞིག་གིས་ངོས་ལ་སྟོང་པ་ཉིད་ཀྱི་སྐོར་ལ་སྐད་ཆ་དྲིས་བྱུང་། ངོས་ནས་ཁོང་ལ་དེའི་སྐོར་ནི་ཁྱེད་རང་ལ་འོས་འཚམས་ཤིག་མིན་པར་འགྲེལ་བརྗོད་བྱས་པ་ཡིན། ངོས་ནས་གལ་ཏེ་ཁོང་ལ་རྟེན་འབྲེལ་གྱི་རྣམ་བཞག་སྐོར་འགྲེལ་བརྗོད་བྱས་ཚེ། ཁོང་ལ་ཡོད་པའི་དཀོན་མཆོག་ལ་དད་པ་རྩེ་གཅིག་པ་དེར་གནོད་ཉེན་ཡོད། དེར་བརྟེན་ཁོང་དང་འདྲ་བ་ཚོས་སྟོང་ཉིད་སྐོར་མ་ཉན་ན་ཡག་ཤོས་རེད་ཅེས་བཀའ་གནང་བར་གསུངས་ཡོད། གནད་དོན་འདིིའི་ཐོག་ནས་གལ་ཏེ་༸གོང་ས་མཆོག་ལ་ནང་ཆོས་སྤེལ་རྒྱུའི་ཐུགས་འདོད་ཡོད་ཚེ། ཡེ་ཤུའི་ཆོས་པ་དེར་སྟོང་ཉིད་སྐོར་འགྲེལ་བརྗོད་མ་གནང་བར། ཁོང་གི་དད་པ་རང་སོར་གནས་ཐབས་གནང་དོན་གང་ཡིན་ནམ། འདི་ལ་སྲིད་སྐྱོང་མཆོག་ནས་ལན་འདེབས་ཇི་ལྟར་བྱེད།

དེས་ན་གནད་དོན་འདི་ཚོའི་ཐོག་ནས་སྲིད་སྐྱོང་མཆོག་གིས་གསུངས་པ་དེ་ནི་༸གོང་ས་མཆོག་གི་དགོངས་གཞི་དང་རྩ་བ་ཉིད་ནས་མི་མཐུན་པར། བཀའ་ལ་ལོག་འགྲེལ་ཆགས་ཡོད། ༸གོང་ས་མཆོག་ནས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་ལྟ་ཅི། མི་གཅིག་ལ་ཡང་སྤེལ་ཐབས་གནང་གི་མེད་ཅིང། ཐ་ན་ནང་ཆོས་ཡག་ཤོས་ཡིན་ཚུལ་ཙམ་ཡང་བཀའ་གནང་གི་མེད་དེ། ཤེས་བྱ། ཤ་༢༠ པར། “སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མིན་སོ་སོའི་ཁམས་དང་མོས་པར་འཚམ་དང་མ་འཚམ་ཐོག་ནས་བསམ་བློ་གཏོང་དགོས་རེད་མ་གཏོགས་ངོས་ཀྱིས་འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་ཚོར་ཆོས་བྱེད་དགོས་ཞེས་བརྗོད་ཀྱི་མེད། ཆོས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་འདི་ཡག་ཤོས་རེད་ཅེས་རྩ་བ་ནས་ཟེར་གྱི་མེད་”ཅེས་བཀའ་སྩལ་བ་ལས་༸གོང་ས་མཆོག་ནི་ཆོས་ལུགས་མཐུན་སྒྲིལ་ཐོག་ཞལ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཡིན་པ་ཉི་ཤར་སྦར་མོས་ཁེབས་མི་ཐུབ་པ་ལྟར་མ་ཡིན་ནམ།

༸གོང་ས་མཆོག་ནས་འགྲོ་བ་མིའི་བསམ་བློའི་རང་དབང་དང་སོ་སོའི་ཁམས་མོས་ལ་གཙིགས་ཆེར་འཛིན་པའི་དགོངས་གཞིའི་འོག་ནང་པ་མིན་པ་ཚོར་ནང་ཆོས་སྤེལ་ཐབས་གནང་གི་མེད་པ་མ་ཟད། གཞན་གྱི་ཆོས་ལུགས་སྤེལ་མཁན་ཚོ་ལ་ཡངདེ་མཚུངས་ལམ་སྟོན་གནང་གི་ཡོད། དེ་ཡང་དེང་གི་དུས་ཚོད་དང་ཆོས་ལུགས་ཀྱི་འབྲེལ་བ་ (The Relevance of Religion in Modern Times ) ཞེས་པའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་ནས། “In Mongolia, missionaries pay people $15 to convert to Christianity. So some people go to them and convert each year, over and again, just to collect $15 each time! I advise these missionaries not to interfere and to let people there stay traditional Buddhists. This is the same as when I tell Western people to keep their own religions”ཞེས་གསུངས་ཡོད་ཅིང། འདིའི་དོན་ནི་བོད་སྐད་དུ། སོག་པོར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ཡེ་ཤུའི་ཆོས་ལ་ཞུགས་ན་ཨ་སྒོར་བཅོ་ལྔ་རེ་སྤྲད་པ་རེད། དེར་བརྟེན་མི་ཁ་ཤས་ཀྱིས་དངུལ་དེའི་ཆེད་དུ་ཡེ་ཤུའི་ཆོས་ལ་ལོ་རེར་ཐེངས་རེ་འཛུལ་ཞུགས་བྱས་ཡོད། ངས་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ཁོ་ཚོ་ཕ་མེས་ཀྱི་ཆོས་བྱེད་པར་ཐེ་བྱུས་མ་བྱེད་ཅེས་བརྗོད་རྒྱུ་བྱུང་། འདི་གཅིག་མཚུངས་ངས་ནུབ་ཕྱོགས་པ་རྣམས་ལ་ཡང་སོ་སོའི་ཕ་མེས་ཀྱི་ཆོས་བྱེད་དགོས་ཚུལ་བརྗོད་ཀྱི་ཡོད་ཅེས་གསུངས་པ་ལས། ཆོས་ལུགས་མཐུན་སྒྲིལ་ཆེད་༸གོང་ས་མཆོག་གི་བཞེངས་ཕྱོགས་གང་ཡིན་གསལ་པོར་བསྟན་གནང་མི་འདུག་གམ།

གལ་ཏེ་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་ཞེས་པ་དེ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་(secular ethics)ཅེས་པ་རྒྱལ་སྤྱིའི་སློབ་གྲྭ་ཁག་གི་སློབ་ཚན་ནང་གཏན་འབེབས་ཡོང་ཐབས་ལ་༧གོང་ས་མཆོག་ནས་ཐུགས་རེ་གནང་གི་ཡོད་པའི་དོན་དུ་གོ་ན། དེ་ནི་མ་གོ་བ་ཆེན་པོ་སྟེ། ཆོས་ལུགས་ལ་མ་བརྟེན་པའི་ཞེས་ཆོས་དང་འབྲེལ་བ་མེད་པ་ཚིག་ཟིན་དངོས་ལ་གསལ་བ་བྱིས་པས་ཀྱང་རྟོགས་སླ་བས་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་གཉིས་ཀྱི་ཁྱད་པར་ཕྱེ་མ་ཐུབ་པ་ག་ལ་སྲིད། མ་ཟད་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ཤ་༡༢ ལས། “ངོས་ནས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་ (secular ethics) ཞེས་པ་ནི། མིའི་རིགས་ལ་ལྷན་སྐྱེས་སུ་ཡོད་པའི་གཞི་རྩའི་བཟང་གཤིས་རྣམས་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཁག་གིའང་བྱམས་བརྩེའི་བསླབ་བྱའི་རྨང་གཞི་རུ་གྱུར་པ་དེ་རྣམས་ལ་ཟེར་གྱི་ཡོད་”ཅེས་ཆོས་ལུགས་དང་མ་འབྲེལ་བར་རྨང་གཞིའི་སྤྱོད་བཟང་ལ་གོ་དགོས་པར་གསལ་པོ་གསུངས་ཡོད་པས་ན་བཞེད་ཚུལ་དེ་ཇི་ལྟར་འཐད།

ཅི་སྟེ་སྲིད་སྐྱོང་མཆོག་གིས་གསུངས་པའི་དབྱིན་ཚིག་ (Spread Buddhism all over the world) ཞེས་པའི་ (Spread) ཞེས་པ་ཁྱབ་སྤེལ་གྱི་དོན་དུ་གོ་བ་མིན་ཞེས་ནའང་མི་འཐད་དེ། ཡོངས་གྲགས་སུ་ཁས་ལེན་པའི་དབྱིན་ཇིའི་ཚིག་མཛོད་ཀེམ་བྷེ་ར་ཇེ་ཚིག་མཛོད་(Cambridge Dictionary) སོགས་ཀྱི་ནང་། (Spread) ཞེས་པ་དོན་དུ་མར་འཇུག་པ་སྟོན་མོད། མང་ཆེ་བ་ཁྱབ་པ་དང། སྤེལ་བ། རྒྱ་བསྐྱེད་ཀྱི་དོན་དུ་འཇུག་ལ། དེ་དག་གི་ནང་ནས་སྐབས་འདིའི་ (Spread)ཞེས་པ་ཁྱབ་སྤེལ་ལ་འཇུག་པ་ཚིག་གོང་འོག་གི་འབྲེལ་བས་སྟོན་ལ། དེ་ལས་གཞན་ལ་འཇུག་པ་འོས་མ་མཆིས་ཤིང་འབྲེལ་ཡང་མ་ཆགས་པའི་ཕྱིར་ན། བཞེད་ཚུལ་དེ་ཡང་མི་འཐད་པ་ཆེན་པོའོ། །

དེ་བཞིན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནང་པའི་ཆོས་ཀྱི་བསྟི་གནས་དུ་མ་ཞིག་ཀྱང་༧གོང་ས་མཆོག་གིས་འཛམ་གླིང་གང་སར་ཕྱག་བཏབ་ཡོད་པ་རེད་ཅེས་གསུངས་པ་ཡང་། རྒྱུས་མེད་ལ་རྒྱུས་གཏམ་བཤད་ན། རྒྱུས་ཡོད་གད་མོ་ཤོར་ཞེས་པའི་དཔེ་ལས་མ་འདས་ཏེ། ༧གོང་ས་མཆོག་གིས་ནུབ་ཕྱོགས་ལུང་པ་གང་དུ་ཆོས་ཀྱི་ལྟེ་གནས་གང་དག་ཕྱག་བཏབ་ཡོད་དམ། གལ་ཏེ་དགོན་སྡེ་ཁག་དང་སྒེར་པ་རེ་ཟུང་གིས་ཆོས་ཚོགས་བཙུགས་ཡོད་པ་དེ་དག་༧གོང་ས་མཆོག་གིས་ཕྱག་བཏབ་པར་བཞེད་ན་ནི། དེ་དག་གི་བདག་དབང་༧གོང་ས་མཆོག་ལ་ཡོད་དགོས་མོད། དེ་ལྟར་མིན་པར། དེ་དག་གི་བདག་དབང་ཡོངས་རྫོགས་ཆོས་ཚོགས་རང་རང་ལ་ཡོད་པ་འཇིག་རྟེན་ཀུན་གསལ་མ་ཡིན་ནམ། དེས་ན་དཔལ་ལྡན་སྲིད་སྐྱོང་གིས་གསུངས་པ་དེ་དག་ནི་བྱུང་རྒྱལ་དུ་སྨྲས་པའི་མཁས་པའི་ཧང་རྒྱག་ཙམ་ལས་གཞི་རྩ་གང་ཡང་མེད་པ་ཞིག་གོ །

མ་ཟད་ནུབ་ཕྱོགས་ལུང་པར་ནང་པའི་དགོན་པ་གསར་འཛུགས་བྱ་རྒྱུ་ནི་༧གོང་ས་མཆོག་གི་དགོངས་གཞི་རྩ་བ་ཉིད་ནས་མིན་ཏེ། ཐེངས་ཤིག་ཕྱི་རྒྱལ་པ་ཞིག་གིས་༧གོང་ས་མཆོག་ལ་ནུབ་ཕྱོགས་ལུང་པར་དགོན་པ་ཞིག་གསར་འཛུགས་ཞུ་འདོད་ཡོད་ཚུལ་ཞུས་པར། ༧གོང་ས་མཆོག་ནས་དེའི་བཀའ་ལན་དུ། “ནུབ་ཕྱོགས་ལུང་པ་ནང་པའི་ལུང་པ་མིན་སྟབས། དགོན་པ་བརྒྱབ་ན་འོས་པོ་མེད་པ་དང། རྒྱ་གར་ནང་བཞེངས་ན་འགྲིག་འཐུས་ཆོག་”པར་བཀའ་སྩལ་བ་ལས་ཤེས་ཐུབ་བོ། །

དེས་ན་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་དང། དེའི་རྒྱུ་མཚན་དུ་ནང་པའི་ཆོས་ཀྱི་བསྟི་གནས་མང་པོ་ཞིག་འཛམ་གླིང་གང་སར་ཕྱག་བཏབ་ཡོད་པར་གསུངས་པ་བཅས་ནི། ༧རྒྱལ་བའི་མཛད་པར་ཆེད་མངགས་སྒྲོ་སྐུར་ཞུས་པ་ཞིག་ཡིན་པས། གནོངས་ངོས་ལེན་སྦང་མ་ཆུ་ལེན་གྱིས་གསལ་བཤད་མཐིལ་ཕྱིན་པ་ཞིག་འཕྲལ་དུ་མ་གནང་ན། གནས་ཚུལ་འདི་བོད་མི་ཡོངས་དང། རྒྱལ་སྤྱིའི་ནང་པ་ཡོངས་ཀྱིས་དགག་རྒྱག་ཐེར་འདོན་གྱི་ཚ་རླབས་ཤིག་འཕྱུར་ངེས་ཡིན་ནོ། །

མཇུག་བསྡོམས།

མདོར་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༧གོང་ས་མཆོག་ལ་ནམ་རྒྱུན་དགོངས་གཞི་དྲུག་ཡོད་པར་གསུངས་པ་དེ། གཏམ་མཁས་པས་བཤད་ན་མི་བདེན་པ་མེད་ཅེས་པ་ལྟར་ཆགས་དགོས་མོད། དེ་ལྟར་མ་བྱུང་བར་དྲན་རྒྱུ་མང་ན་ཡོང་རྒྱུ་མང་ཞེས་པ་ལྟར་གྱུར་ཏེ། ༧རྒྱལ་བའི་དགོངས་པར་ལོག་འགྲེལ་ཆགས་ཡོད། དེས་ན་གོང་གསལ་ས་བཅད་གཉིས་ཀྱི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ལན་གནང་བ་ཁག བདེན་པ་མིན་པར་སྒྲུབ་བྱེད་ལུང་རིགས་ཟུང་གིས་གསལ་བཤད་བྱས་ཡོད་ཅིང་། འདིའི་དགོས་པ་ནི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་མ་དགའ་བ་དང་མ་གུས་པས་མིན་པར། འབྱུང་འགྱུར་སྲིད་སྐྱོང་གིས་དབུས་པའི་མཁས་པ་གཞན་དང་གཞན་གྱིས་ཀྱང་གཏམ་བཤད་དེ་རིགས་མི་ཡོང་བ་དང། གཞོན་སྐྱེས་རྣམས་ཀྱིས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་ལ་ངེས་ཤེས་གསལ་རྟོགས་བྱུང་ཚེ། ཁ་རྒྱུན་ལ་ཆུ་ཆར་པའི་སྐྱོར་རོགས་མ་བྱུང་རུང་། སད་སེར་བའི་སྣ་འདྲེན་བྱེད་མི་རུང་ཞེས་པ་ལྟར་ཡོང་རེའི་ཀུན་སློང་ཐོག་རྩོམ་འདི་སྤེལ་བའོ། །

དཔྱད་གཞི།

དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཞུས་པའི་བཅར་འདྲི།

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ། ཕྱིི་ལོ་ ༢༠༡༤ ལོར་པར། དགའ་ལྡན་ཕོ་བྲང་།

ཆོས་ལུགས་མཚམས་ལས་འདས་པའི་བཟང་སྤྱོད། བོད་ཀྱི་དཔེ་མཛོད།

ཤེས་བྱ། བོད་གཞུང་།

https://www.dalailama.com/messages/religious-harmony-1/the-relevance-of-religion-in-modern

http://www.gyalwarinpoche.com/node/146

https://www.dictionary.com/browse/spread?s=t

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌེན་སི་མི་ཐི་མཆོག་ཨོ་གླིང་གི་ཕྱི་སྲིད་ལས་ཁུངས་ཀྱི་ཚོང་དོན་གྱི་བློན་ཆེན་གཞོན་པར་བསྐོས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༦
Mobile App

བཀའ་སྤྱི་གཉིས་ཀྱིས་འཚམས་འདྲི་གནང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།  ༢༠༢༥།༠༦།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

གོང་ས་མཆོག་ནས་རྒྱ་གར་ཧི་མ་ལ་ཡ་ན་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

། ཨྱོན་སྨིན་གྲོལ་གླིང་དུ་སྔ་འགྱུར་བཀའ་མའི་དབང་གི་ཆོས་བརྡ་གསལ་བསྒྲགས།

ཆུ་ཚོད་ ༡༠ སྔོན་ལ།
The bridge over the Indrayani river collapsed in Pune's Kundmala area on Sunday afternoon, officials say.
Mobile App

རྒྱ་གར་ནུབ་ཕྱོགས་སུ་ཟམ་པ་འགྱེལ་ནས་མི་གཉིས་རྐྱེན་འདས་སུ་ཕྱིན།

ཆུ་ཚོད་ ༡༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་སྲིད་བློན་ཛན་དྷན་ཤ་ཏར་གོམ་བྷོ་ཇ་ཝི་མཆོག་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༡༣
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༦/༡༣
རྒྱ་ནག་གཞུང་གིས་བོད་དིང་རིའི་བསྐྱར་གསོའི་རྣམ་པ། དྲ་ལམ་གྱི་པར།
Mobile App

རྒྱ་གཞུང་གི་བསྐྱར་གསོ་འཛུགས་སྐྲུན་གྱིས་བོད་མི་རྣམས་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༡༣

མཆན། 0

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 6 སྔོན།

    ༑ རྒྱལ་བའི་བཀའ་དེ་རྒྱལ་བའི་བཀའ་རུ་གོ་ན་ལེགས་པ་ལས་རང་འདོད་འགྲུབ་ཆེད་ཡར་ཐན་མར་ཐན་བྱས་ན་ཁོང་ལ་མཛད་བཀའ་ཡོང་རྒྱུའི་དཔེ་ཞིག་ཁྱེད་ནས་བཀོད་འདུག་ཀྱང་དོན་དུ་ལས་དེ་ཁྱེད་ཀྱི་ཤེས་བཞིན་དུ་བྱས་ཡོད། ༸རྒྱལ་དབང་མཆོག་ནས་ཐེ་ཝན་གྱི་དད་ལྡན་པར་གསུང་ཆོས་གནང་པའི་སྔོན་འགྲོའི་སྐབས། ངས་ནང་པའི་ཆོས་སྤེལ་གྱི་མེད། ཅེས་བཀའ་གནང་བ་དེ་ཁྱེད་ཀྱི་སྲིད་སྐྱོང་གི་བཀའ་མོལ་ལ་ལན་འབྲེལ་གནང་ཡིན་པའི་ངོ་བོ་བསྟན་ཡོད། དེ་རྫུན་མ་རེད། ཁྱེད་ཀྱི་འདོད་ཆཌ་ཞེ་སྡང་སོཌ་རྒྱན་པའི་རང་འདོད་འགྲུབ་བྱར་༸ཁོང་གི་བཀའ་ཡང་ཐན་པ་རེད། དུས་དེ་ཙམ་མིན་པ་ལོ་མང་གོང་ནས་བཀའ་དེ་ལྟར་ཕེབས་བཞིན་ཡོད། དགོས་ན་ངས་དུས་ཚེས་སོགས་དམངས་ལ་སྤྱན་བལྟར་ཞུས་ཆོག

    ལམ་དབུ་མ་དང་འབྲེལ་བའི་གནད་དོན་ལ་རྫུན་འབྲེལ་དང་དོག་གཞི་བྱེད་མཁན་འབྲེལ་ཡོད་རྒྱ་དམར་གཞུང་རེད། རང་རེའི་ནང་དེ་འདྲ་རེ་གཉིས་ཡོད་སྲིད་པ་རྣམས་བྱ་ཐབས་སྐྱོ་བའི་གནས་རེད། སྲིད་སྐྱོང་ལམ་དབུ་མར་རེ་བཅོལ་ཞུ་མཁན་མིན་པ་ང་ལ་དོག་པ་མེད་ཀྱང་ཁྱེད་ཀྱི་ད་རེས་གནས་བཀོད་ལས་རྒྱ་དམར་ལ་ཕན་ཅུང་ཙམ་བྱུང་སོང་སྙམ། དོན་ངོ་མ་ལས་དོན་ལ་འབད་དགོས་ལས་ང་ལམ་དབུ་མར་རྒྱབ་སྐྱོར་ཡོད་ཅེས་ཁང་པའི་ནང་འཛུལ་བསྡད་ན་ཕན་བསམ།

    སྲིད་སྐྱོང་གི་ཆོས་ཕྱོགས་དང་འབྲེལ་པའི་༸རྒྱལ་དབང་མཆོག་གི་མཛད་འབྲེལ་ལ་ཁྱེད་ཀྱི་སྒྲོ་སྐུར་རེད་ཅེས་ལམ་དུ་མ་ཞིག་བཀོད་ནས་ཞུས་ཡོད། ཡིན་ཀྱང་འཛམ་གླིང་ཅེས་པ་དེ་འཛམ་གླིང་ཆ་ཚང་ལ་གོ་དགོས་པ་དང་སྤེལ་བྱའི་ཆོས་དེ་སོ་སོའི་རང་མོས་ཀྱིས་ཞུས་ན་ལས་དེ་མིན་གནང་གི་མེད་པ་བཀའ་ཕེབས་ཡོད། དེ་ལས་འདས་ཏེ་དྲག་དབང་དང་གླུ་འཁྲིད་ལམ་ནས་ཆོས་སྤེལ་མཁན་ཡོད། ༸རྒྱལ་བའི་དགོང་པར་ང་མུན་འགྲེལ་ཞུ་ཡི་མིན། བསྟོད་ཤེས་མི་ཤེས་གཏམ་དཔེ་དེ་མཚམས་འདིར་རན་པོ་མི་འདུག བསྟོད་མི་ཤེས་པ་དེ་མ་ཤེས་པའི་སྐྱོན་ཡིན་པ་ལས་བལྟ་བསམ་སྤྱོད་གསུམ་གྱི་འཕོང་མེད། ༸ཁོང་ལ་སྨད་ཤེས་མཁན་དེ་མི་ཐབས་ཆག་ངོ་ཚ་འཁྲེལ་གཞུང་མེད་པ་དེ་ཡིན། དགའ་བ་ཡང་གང་ན་ཡོད་དམ། ཁྱེད་མོས་ངས་དཔག་དཀའ་ཡང་དེ་ལ་ང་མི་དགའ་འོ།

    Reply
  2. ཆུ་ཤུར་ཆོས་ཡང་ངག་དབང་བྱང་ཆུབ། says:
    ལོ་ 6 སྔོན།

    དཔལ་ལྡན་སྲིད་སྐྱོང་ནས་༧གོང་ས་མཆོག་ལ་སྒྲོ་སྐུར་ཞུས་པ་ཞེས་པ་ལ། སྒྲོ་ཞེས་པ་མེད་པ་ལ་ཡོད་རྗོད་པ་དང་། སྐུར་ཞེས་ཡོད་པ་ཞིག་ལ་མེད་པར་བརྗོད་ན་སྐུརཟེར་བ་ཡིན། དཔལ་ལྡན་སྲིད་སྐྱོང་ནས་༧གོང་ས་མཆོག་གི་ཐུག་འགན་དྲུག་ལས་ལྷག་པ་ཐུག་འགན་བརྒྱ་ཡོད་ཞུས་ན་ཡང་ཉུང་སྐྱོན་ལས་མང་སྐྱོན་མེད། གལ་སྲིད་སྲིད་སྐྱོང་གི་ཕྱག་ལས་གནང་ཕྱོག་ལ་ནོར་འཕྲུལ་ཡོད་ན། ༧གོང་ས་མཆོག་ནས་ཐད་ཀར་ཡོ་སང་གནང་བ་ལས་འཛེམ་ཟོན་གྱིས་སྐྱུར་འཇོག་མཛད་མི་སྲིད། ༥༩ རྗེས་ནས་བོད་ནང་རིག་གནས་གསར་རྗེས་བྱས་ནས་བླ་མ་དགེ་བཤེས་ཀྱིས་གཙོས། བོད་མི་མང་པོར་གྲལ་རིམ་འཐབ་གཙོད་ནང་ཚེ་སྲོག་ཤོར་ཡོད། དེའི་ནང་བོད་རིག་ལས་རྒྱ་རིག་ལ་འཐབ་འཛིང་བྱུང་མེད། དེང་དུས་ལུགས་སྲོལ་དེ་བྱེས་འབྱོར་ནང་ལག་སྟར་བྱེད་བཞིན་འདུག མང་ཚོགས་ནས་འོས་བསྡུ་བྱས་ནས་སླེབ་པའི་སྲིད་སྐྱོང་དང་། སྤྱི་འཐུས་རྣམས་ལ་མང་ཚོག་ཀྱིས་ལས་ཀ་བྱས་ཚད་ལ་སྐྱོན་བརྗོད་ཤ་སྟག་བྱས་ན་། དངོས་སུ་དེ་རྣམས་བློ་ཕམས་ཀྱི་ལས་དོན་ཐོག་ཧུར་སྐྱེས་མེད་པ་དང་། ཤུགས་ལ་དེང་དུས་ཀྱིས་སློབ་འཐོན་གཞོན་ནུ་རྣམས་ལས་ཀ་བྱེད་པ་ལ་ཐེ་ཚོམ་སྐྱེས་ནས་སྤྲོ་གཤུགས་མི་སླེབ་པ་དང་། དེ་ལ་རྟེན་ནས་བཙན་བྱོལ་སྒྲིགས་འཛུགས་འདི་ཉིད་ཉམ་རྒུད་འགྲོ་གཞི་དང་། མ་ཟད་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདིའི་འགན་ཁུར་གྱི་་དཔལ་ལྡན་སྲིད་སྐྱོང་དང་། སྤྱི་འཐུས་རྣམས་ནི་མང་ཚོགས་ནས་གཅེས་སྐྱོང་བྱེད་པ་ལས། འཆིལ་མ་འདེབས་ས་ཞིག་ག་ལ་ཡིན། སོ་སོས་ལས་ཀ་བྱ་དགོས་བྱུང་ན་ཕར་གཡོལ་ཚུར་གཡོལ་བྱེད་པ་མཐོང་ཆོད་ཡིན། སེམས་ཀྱི་མ་བཟོད་པར་ཞུ་བར་ཐལ།

    Reply
  3. ཆུ་ཤུར་ཆོས་ཡང་ངག་དབང་བྱང་ཆུབ་བུད་དབང་ says:
    ལོ་ 6 སྔོན།

    གོང་དུ་སྲིད་སྐྱོང་ནས་རྒྱལ་བའི་བཀའ་ལ་སྒྲོ་སྐུར་ཞུས་པ་ཟེར་བ་དེ། སྒྲོ་ཞེས་པ་དེ་མེད་པ་ཞིག་ཡོད་པར་འཛིན་པའི་བློ་ཞིག་ལ་ཟེར་བ་ཡིན། སྐུར་ཞེས་པ་དེ་ཡོད་པ་ཞིག་ལ་མེད་པར་འཛིན་པའི་བློ་ཞིག་ལ་ཟེར་བ་ཡིན། ༧གོང་ས་མཆོག་གི་འགན་ཁུར་བཞི་གསུང་ན་ཡང་བཞི་པོ་རེ་རེ་ཡང་ཐུག་འགན་བརྒྱ་ཕྲག་རེ་ཡོད་ཞུས་ན་ཉུང་སྐྱོན་ལས་མང་སྐྱོན་མེད། ༧གོང་ས་མཆོག་ནས་སྲིད་སྐྱོང་གི་ཕྱག་ལས་གནང་སྟང་ལ་སྐྱོན་ཡོད་ན་༧གོང་ས་མཆོག་འཛེམས་ཟོན་ཐོག་ནས་སྐྱོན་སང་མི་གནང་བ་མི་སྲིད་པ་ཞིག་རེད། ༥༩ རྗེས་ནས་བོད་ནང་ཤེས་རིག་གསར་རྗེ་ཞེས་བླ་མ་དང་དགེ་བཤེས། ཤེས་ཡོན་ཅན་ཡོངས་རྫོགས་སྐྱོན་བརྗོད་ཐོག་ཚང་མ་རྩ་མེད་བཟོས་པ་རེད། རྒྱ་མི་རིག་གཅིག་ལའང་སྐྱོན་བརྗོད་བྱས་མེད། དེང་དུས་བོད་མིས་མང་པོ་ཞིག་གི་དམངས་གཙོ་ཡིན་ཟེར་ནས་༧གོང་ས་མཆོག་ནས་ཐུག་བློས་བཀལ་གནང་སའི་སྲིད་སྐྱོང་དེ་ལ་སྐྱོན་མེད་སྐྱོན་འཛུག་བྱས་ཏེ་དམའ་འབེབ་ཤ་སྟག་བྱས་པ་ཡིན་ན། དངོས་སུ་ལས་ཀའི་འགན་ཁུར་མཁན་དེ་བློ་ཕམས་ཡོང་གཞི་བཟོས་པ་ཡིན་ན། དངོས་སུ་ཁོང་རང་ལས་འགན་དེར་ཡིད་ཐང་ཆད་པ་དང་། ཤུགས་ལ་གཞོན་ནུ་ཚོའི་སེམས་ཤུགས་ཆག་པ་དང་། བརྒྱུད་ནས་བོད་པའི་ལས་ཀའི་ཐོག་ལ་སྤྲོ་སྣང་མེད་པར་སྒྱུར་པ་དང་། དེ་ལ་རྟེན་ནས་བྱེས་འབྱོར་སྒ་རིག་འཛུག་འདི་འཐོར་ཞིགས་སུ་
    འགྲོ་བའི་རྐྱེན་དུ་འགྱུར་སྲིད། ཚང་མས་སྤྱི་པའི་སྒྲིག་འཛུག་འདིར་གཅེས་སྤྲས་བྱེད་པ་ཚང་མའི་འཆིལ་མ་འདེབས་ས་ག་ལ་ཡིན།

    Reply
  4. བཙན་པའི་བུ་རྒྱུད། says:
    ལོ་ 6 སྔོན།

    རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། ཁྱབ་་ཞེས་བརྗོད་ན་ནོར་ཡོད། གསར་ཁང་གི་ལྟ་བ་མ་ཡིན་ནོ། ཞེས་རྫོགས་ཚིག་དང་བཅས་བྲིས་ན་ལེགས་སྙམ།

    Reply
  5. OM Shanti says:
    ལོ་ 6 སྔོན།

    མི་ཕལ་པ་དང་། ༸གོང་ས་མཆོག་ལྟ་བུའི་གང་ཟག་གི་ཁྱད་པར་སྟོན་གྱི་ཡོད་པ་རེད། མི་ཕལ་པ་ང་ཚོ་ལྟ་བུ་ལ་ཉོན་མོངས་དུག་གསུམ་གྱིས་གྲིབ་ཡོད་མཁན་རྣམས་གང་ལ་གང་ཙམ་སྐད་གྲགས་ཆེ་རུ་འགྲོ་སྐབས་སོ་སོ་མཁས་པ་ཡིན་པའི་ཁེངས་སྒྲེགས་སྟོན་གྱི་ཡོད་པས་སོ། དེ་ཡང་སྲིད་སྐྱོང་ཁོང་རང་ལ་ཉམ་མྱོང་རེད། སྐད་གྲགས་ཆེ་རུ་འགྲོ་བའི་སྐབས་སོ་སོའི་ཁེངས་སྒྲེགས་དེ་ལ་འཚམས་འཇོག་དགོས་པ་ཤེས་དགོས། དེ་ནི་མི་ཕལ་པ་ང་ཚོ་ཚང་མ་ལ་་སྐྱོན་ཡོད་མཁན་ཤ་ཏག་ཡིན། སེམས་ཤུགས་ཆགས་དགོས་ལེ་མ་རེད།
    ཧ་གོ་དོན་རེད། དེ་སྔ་ཡིན་ན་སྲིད་སྐྱོང་གིས་གཞུང་གི་ལས་ཀ་ག་རེ་ཞིག་བྱས་ཡོད་ཀྱང་ངས་བྱས་ཡིན་ཟེར་ཡོངས་གྲགས་རེད། ད་དེང་སང་༸གོང་ས་མཆོག་དང་། མི་རབ་གོང་མ་ཚོས་ཟེར་ནས་ཕེབས་ཀྱི་མིན་འདུག་གམ། དེ་ཚོ་ཚང་མ་ཁོང་རང་ལ་ཉམ་མྱོང་རེད་བསམ་གྱི་འདུག

    Reply
  6. chogyurchogyur says:
    ལོ་ 6 སྔོན།

    ༄། ྄༧ རྒྱལ་དབང་མཆོག་གིས་དགོངས་པ།་ཐུགས་ལ་སྐྱོང་མཁན་སྲིད་སྐྱོངམི་སེང་གེ། འཛམ་གླིང་ལྡིང་ཆ་སྟེང་ལ་བོད་དོན་སྤེལ། ལྔ་དང་ལྔ་ཅུའི་རྒྱལ་བའི་དགོངས་པ་བསྒྲུབ། རྒྱ་ནག་གུང་ཕྲན་གཞུང་ལ་བདེན་མདའ་འཕང་མཁན་སྲིད་སྐྱོང་། བློ་དམན་ཕྱོགས་ལྷུང་ཅན་གྱི་སྒྲོ་སྐུར་མཐོང་། ཀྱེ་མ་ཀྱེ་མ་

    Reply
  7. kalsang dawa says:
    ལོ་ 6 སྔོན།

    ༄། མཛད་འཕྲིན་ལ་གོ་དགོས་པ་རེད་དམ་དགོངས་གཞི་ལ་གོ་དགོས་པ་རེད། མཛད་ལ་ལ་གོ་ན་སྲིད་སྐྱོང་གི་བཤད་པ་མཐད་ལ་དགོངས་གཞི་ལ་གོ་དགོས་དགོས་ན་མི་མཐད་དོ།

    Reply
  8. ངག་དབང་ཡེ་ཤེས་ says:
    ལོ་ 6 སྔོན།

    གནད་དོན་དེར་སུས་ཀྱང་དང་ལེན་ཐུབ་ཐབས་མེད། ཡིག་ངག་གཉིས་ཐོག་ནས་༧གོང་ས་མཆོག་དང་ཁོང་གི་དད་ལྡན་མང་ཚོགས་གཙོས་བོད་མི་ས་ཡ་དྲུག་ལ་དགོངས་སེལ་ཞུ་དགོས། ད་དེར་འགྲེལ་བརྗོད་ཡང་འགྲེལ་གང་ཡང་གནང་ནས་ཕན་མི་ཐོགས་པས་མི་མང་གིས་འདེམ་པའི་སྲིད་སྐྱོང་ཁྲི་ནས་གནས་དབྱུང་གཏོང་དགོས་འདུག་

    Reply
  9. dipsel lhamo says:
    ལོ་ 6 སྔོན།

    སྤྱིར་བཏང་སྲིད་སྐྱོང་གིས་མང་ཚོགས་སུ་གཏམ་བཤད་བྱེད་སྐབས་ཐོལ་གྱིས་འཆོལ་གཏམ་སྨྲ་བ དེ་ནི་ཁོང་ཉིད་ཀྱི་རང་གཤིས་སུ་གྲུབ་ཡོད། དེ་ཡང་མང་ཚོགས་ཀྱིས་འགུ་བའི་རྣམ་འགྱུར་སྟོན་སྐབས་ཞལ་ལས་ཅི་ཐོན་རང་ཚོར་ཉམས་ཏེ་འཆོལ་བ་ལྟ་བུར་གྱུར་གྱི་ཡོད། དེར་བརྟེན་ད་ལན་ཨིན་སྐད་དུ། C. To spread Buddhism all over the world ཞེས་པའི་ཚིག་བརྗོད་དེ་སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་སུ་གཏན་ནས་མ་གྲུབ་པའི་འཁྱོག་བརྗོད་ཅིག་ཡིན་གསལ་པོར་གྲུབ་ཡོད།
    དེ་ཡང་༧གོང་ས་མཆོག་གིས་རྒྱུན་ལྡན་ནུབ་ཕྱོགས་པ་སོགས་རང་མོས་ཀྱིས་ནང་པར་ཞུགས་མཁན་ཚོར་སོ་སོའི་གནའ་རབས་ཆོས་ལུགས་ལམ་སང་བརྗེ་འགྱུར་བྱ་རྒྱུ་མེད་ལ་དེ་རང་ཉིད་ལ་ལྟོས་ན་བློ་བག་ཕེབ་པོ་མི་ཡོང་བ་མ་ཚད་ཡག་པོ་ཡང་མེད་སྐོར་བཀའ་སློབ་ཡང་ཡང་ནན་གྱིས་ཕེབས་ཀྱི་ཡོད། ལར་ནས་ཚིག་རྗོད་དེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨིན་ཚིག་ཏུ་ Missionary ཆོས་ལུགས་ཁྱབ་སྤེལ་བྱེད་མཁན་ཞིག་ཡིན་པར་གོ་དོན་སྤྲོད་འདུག་ན་དེ་ནི་ཞེ་དགོངས་སུ་གཏན་ནས་མ་གྲུབ་པའི་སྒྲོ་སྐུར་གྱི་འཆོལ་གཏམ་མ་ཡིན་པར་སུས་བརྗོད་ནུས་སམ།

    Reply
  10. རྒྱ་མ་ཚང says:
    ལོ་ 6 སྔོན།

    ལོ་ཤས་གོང་ཁྱེ་ན་ཊྲའི་མངའ་ཁོང་གི་ཁུ་སྦེག་༼Quebec༽རང་སྐྱོངས་རང་བདག་གི་ས་ཁུལ་དུ་ཕྱི་གླིང་མགོ་སེར་བ་འགའ་ཞིགས་ནས་༧གོང་ས་མཆོགས་ནས་ནང་ཆོས་ཁྱབ་སྤེལ་བཏང་གི་ཡོད་པའི་་འུར་ཟིག་འོག་འགའ་ཞིགས་ནས་གང་ཉིད་ས་ཕྱོགས་གང་དུ་ཕེབ་ན་ཡི་ཤུའུ་ཆོད་ལུག་ཐད་སྐྱོས་རེ་གཟུང་ནས་ངོ་རྒོལ་བྱད་ནས་དེངསྐབས་གང་་ཉིད་ཁྱེ་ན་ཊྲའི་ཁུ་སྦེག་མངའ་ཁོང་ནང་འགྲོ་བའི་མཛད་དཀའ་བཟོད་ཞིན་དུ་སྐུ་ངོས་སྲིད་སྐྱོངས་ནས་བཀའ་མོལ་དེ་འདྲ་གསུང་དགོས་པའི་གནས་དོན་གང་ལ་བརྟན་ནས་་གསུང་པ་ཚང་མས་་མ་མཁྱེན་པ་ག་ལ་ཡོང་དི་༧་གོངས་ས་མཆོགས་ཀྱི་ཕྱི་སྐྱོད་མཛད་འཕྲིན་ལ་མཛད་དཀའ་བཟོ་ཆེད་ཁོ་ན་རེད

    Reply
  11. སྟོང་ཐུབ་བསྟན། says:
    ལོ་ 6 སྔོན།

    དེ་ཙམ་ལས་གསལ་བཤད་རྒྱུ་མེད་ན་དགོངས་པར་སྒྲོ་སྐུར་ཞེས་བརྗོད་མི་རིགས་ཏེ། དགོངས་པ་ནི་ཐུགས་ཀྱི་བཞེད་པ་ཡིན་ཞིང་དེ་མཛད་འཕྲིན་ཉིད་ལས་གསལ་དགོས་ན། ཁྱོད་ཀྱིས་ངས་ཚིག་དེ་དག་ཐོས་མ་མྱོང་ཞེས་པས་སྒྲོ་སྐུར་དུ་བསྒྲུབ་ག་ལ་ནུས། ”དོན་དངོས་ཐོག་ནམ་རྒྱུན་ཡོངས་གྲགས་སུ་༧གོང་ས་མཆོག་ནས་གསུང་བཞིན་པའི་དགོངས་གཞི་འམ་ཐུགས་འགན་བཞི་ དེ་ལས་ལྡོག་སྟེ་མཁས་ཉམས་སྟོན་ཆེད་དེ་དང་མི་མཐུན་པ་ཞིག་གསུངས་པ་དེས། མི་རྣམས་ཀྱི་སེམས་ལ་ཡང་སྙིང་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཞིག་ཡིན་པའི་དོགས་པའི་ས་བོན་བསྐྲུན་ཡོད། ”ཞེ་ན་བཞི་ཡོད་པ་དེ་ངོ་སྤྲོད་བྱེད་མཁན་མང་ལ། དེ་ངོ་སྤྲོད་བྱེད་ཀྱང་ཚིག་དེ་དག་གོ་མ་མྱོང་ཞེས་ཡང་ཁྱོད་ཀྱིས་སྐྱོན་བརྗོད་ངེས། ཞལ་ཞེ་མི་མཚུངས་པའི་དོགས་པ་སུ་ལ་བཟོས་ཡོད། དེ་དག་གོང་ས་མཆོག་གི་ཐུགས་ལ་ཡོད་པའི་དབང་དུ་བཏང་ཡང་དེ་དག་གནང་གི་མེད་པ་གསུངས་མྱོང་མེད་ན་ཞལ་ཞེ་མི་མཚུངས་དོན་ཅི་ཡིན། ཆབ་སྲིད་ཀྱི་ཆ་ནས་སྐྱོན་མེད་པ་མ་ཟད། ཆོས་ཀྱི་ཆ་ནས་༧གོང་ས་མཆོག་གི་དགོངས་བཞེད་རླབས་ཆེན་པོ་ཞིག་ངོ་སྤྲོད་ཞུས་འདུག །སྤྱིར་ཁྱོད་ཀྱི་བཀོད་པ་རྣམས་སྲིད་སྐྱོང་གི་ཅི་བཞིན་ཡིན་མིན་མི་ཤེས་ཀྱང་rebuild དང་revival གཉིས་ཀ་བསྐྱར་གསོ་ཞེས་བསྒྱུར་བ་ནི་མ་དག་ཏེ། དབྱིན་ཡིག་དེ་གཉིས་ཀྱི་དོན་མི་འདྲ་བ་ཡིན་པ་མ་ཚད། བོད་ཚིག་བསྐྱར་གསོའི་དོན་སྔར་གཏོར་བཤིག་ཐེབས་པ་ཞིག་ཡང་བཟོ་བྱས་པའི་དོན་ཡིན་ན། དོན་ངོ་མར་ཁྱོད་ཀྱིས་མི་མཁས་མཁས་མདོག་སྟོན་ནས་མི་མང་ལ་དོགས་པ་དང་གོ་ལོག་བཟོ་བའི་ཉེན་ཁ་འདུག

    Reply
  12. རུ་དམར། says:
    ལོ་ 6 སྔོན།

    དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟ་འདྲེ་ཚོས་འདི་འདྲར་དོ་སྣང་གནང་དགོས་པ་རེད།

    Reply
    • གུ་རུ་བསོད་ནམས། says:
      ལོ་ 6 སྔོན།

      སྟོང་ཐུབ་བསྟན་ལ་སོགས་པའི་མི་འདི་ཚོས་དཔལ་ལྡན་སྲིད་སྐྱོང་གིས་ནོར་འཁྲུལ་བཟོས་པ་ཤེས་ནའང་བཙན་དང་དཔུང་གིས་འགེབ་སྲུང་བྱེད་པ་ནི་ཅི་ཡིན་ནམ།

      Reply
  13. རུ་དམར། says:
    ལོ་ 6 སྔོན།

    ད་བྱས་དུས། སྲིད་སྐྱོང་གི་མཚན་ཁུར་པའི་བློ་བཟང་སངས་རྒྱས་ལགས་ཀྱིས་རྩ་དགོངས་ཞུས་པ་ཡིན་ན་བོད་ཀྱི་རྩ་དོན་ལ་ཕན་རླབས་རྒྱ་ཆེར་འབྱུང་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese