དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་ནས་ཁྲག་དཀར་གྱི་སྙུང་གཞི་བཞེས་ཏེ་ཁ་སང་སྐུ་གྲོངས་ཡོད་འདུག
སེར་བྱེས་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་ནས་ཁྲག་དཀར་གྱི་སྙུང་གཞི་བཞེས་ཏེ། སི་ཁྲོན་ཁྲིན་ཏུའུ་རུ་ཡུན་རིང་སྨན་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་མ་བྱུང་བར་བརྟེན། ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་བོད་ནང་གི་ཉིན་གུང་ཡས་མས་ཙམ་ལ་སྐུ་གྲོངས་ཡོད་པ་དང་། ད་ལྟ་ཁོང་གི་སྐུ་ཕུང་སེར་ཤུལ་དགོན་དུ་གདན་དྲངས་ཞུས་ཚར་ཡོད་འདུག
དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་ནི་ཕྱི་ལོ་ ༡༩༦༨ ལོར་བོད་མདོ་སྟོད་འདན་མའི་ཀ་ཕུ་བསམ་འགྲུབ་གླིང་ཞེས་པར་སྐྱེས་ཤིང་། ཆུང་དུས་ནས་ས་གནས་སློབ་ཆུང་འགྲིམ་ཞིང་ལོ་ན་ ༧ ཐོག་གྲྭ་བ་བྱས་ཡོད་པ་དང་། དགུང་གྲངས་ ༢༠ ཐོག་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་གངས་སྤྲུལ་རིན་པོ་ཆེའི་མདུན་ནས་བརྙེན་རྫོགས་ཀྱི་སྡོམ་པ་བླངས་ཡོད་པ་དང་། སྐབས་དེར་ཁོང་འདོན་རྟ་དབྱངས་དང་ཆོ་གའི་ཕྱག་ལེན་ལ་ཤིན་ཏུ་མཁས་པ་ཆགས་ཡོད་ན་ཡང་། ཁོང་གི་དགེ་རྒན་གྱིས་འདོན་རྟ་དབྱངས་སོགས་ཅི་ལྟར་ཤེས་ཀྱང་ཧ་ལས་རྒྱུ་གང་ཡང་མེད་གཙོ་བོ་འདི་དག་གི་དོན་ཤེས་དགོས་ཞེས་སྐུལ་བ་ལྟར་རྫ་སེར་ཤུལ་དགོན་དུ་ཚོགས་ཞུགས་མཛད་གཞུང་ལུགས་ཁག་ལ་ཐོས་བསམ་སློབ་གཉེར་བྱས་ཡོད་འདུག
དེའི་རྗེས་དགུང་གྲངས་ ༢༤ ཐོག་རྒྱ་གར་དུ་ཕེབས་ཏེ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཚོགས་ཞུགས་མཛད་ནས། བསྟན་འཛིན་བྱེ་བའི་གཙུག་རྒྱན་གཙང་བ་མཁན་ཟུར་བློ་བཟང་ཚེ་རིང་སོགས་ངེས་དོན་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྡུས་གྲྭ་ནས་དབུ་མའི་བར་མཚན་ཉིད་ཀྱི་གཞུང་ཆེན་ཁག་དང་བྲིས་སུམ་རྟགས་སོགས་ཐུན་མོང་རིག་གནས་སོགས་ལ་ཉིན་མཚན་སྦྲེལ་ནས་སློབ་གཉེར་ཧུར་ཐག་བྱས་ཡོད་པ་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆུང་ཨང་དང་པོ་རིགས་ཀྱི་སྔ་རྒོལ་བཞེངས་བ་དང་། ལོ་འཁོར་རྒྱུགས་སྤྲོད་ཕལ་ཆེ་བ་ཨང་དང་པོའི་དང་པོ་བཞེས་བ་སོགས་ཀྱི་གྲུབ་འབྲས་བླངས་ཡོད་འདུག
སྤྱི་ལོ་ ༢༠༠༡ ལོར་ཕྱིར་བོད་ནང་ཕེབས་ཏེ། སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་མཛད་དེ་གདན་ས་ཆེན་པོའི་འཆད་ཉན་མཛད་ཚུལ་དང་རྩོད་རིགས་སྤེལ་ཚུལ་སོགས་དཔེ་ཁྲིད་དང་། བསླབ་སྟོན་གནང་ནས་མངོན་གསལ་གྱིས་སློབ་གཉེར་ཡར་རྒྱས་སུ་ཕྱིན་པ་སོགས་བཀའ་དྲིན་བླ་ལྷག་ཏུ་བསྐྱངས་ཡོད་པ་དང་། དགུང་ལོ་ ༣༥ ་ཐོག་སློབ་གཉེར་མཐར་སོན་ཡོང་ཆེད་སླར་ཡང་འཕགས་ཡུལ་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕྱིར་ཕེབས་ཏེ། སློབ་གཉེར་མཐར་ཕྱིན་པ་མཛད། དགུང་ལོ་༣༧ ཐོག་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོར་ཞུགས་ནས་དགེ་བཤེས་ལྷ་རམས་པ་གཏོང་བའི་སྔོན་འགྲོའི་མཛད་པ་མཛད་དེ། གདན་ས་གསུམ་གྱི་བློ་གསལ་མཁས་མང་འདུས་པའི་དབུས་ནས་བཀའ་རམས་པ་དང་སློབ་དཔོན་སོགས་ལ་ཨང་དང་པོའི་དང་པོ་དང་། དགེ་བཤེས་ལྷ་རམས་པའི་ཨང་དང་པོའི་གཉིས་བའི་མཚན་གནས་བཞེས་ཏེ་གདན་ས་ཁག་དང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སྙན་གྲགས་རྒྱས་ཡོད་པ་དང་། ཕྱིར་བོད་དུ་ཕེབས་པ་ནས་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་ཡོད་པ་དང་། ཞོར་དུ་བོད་ཁམས་ཀྱི་ས་ཆ་གང་མང་ཞིག་དུ་རིག་གཞུང་དང་བསམ་བློའི་བགྲོ་གླེང་། དགོན་པ་དང་ཡུལ་སྡེ་མང་པོས་གདན་འདྲེན་ཞུས་བ་བརྒྱུད་སྤྱི་ཚོགས་བསླབ་བྱ་དང་ནང་ཆོས་ངོ་སྤྲོད་སོགས་གང་མང་གནང་། གཞན་ཡང་དཔེ་ཁྲིད་ཀྱི་བྲེལ་འཚུབ་བར་ནས་མདོ་ཁམས་འཇང་དགུན་ཆོས་དང་གངས་ལྗོངས་མཁས་པའི་ལྷན་ཚོགས་གཉིས་ཀྱི་ཚོགས་གཙོའི་འགན་བཞེས་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག