མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྣམ་ཐར་དེ་བོད་རང་གི་ཐུན་མོང་མ་ཡིན་པ་ལྟ་བུ་ཞིག་ཆགས་འདུག

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཟློས་གར་ཚོགས་པ་ནས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་སྐུ་གེགས་མཚན་མ་ཡོད་རིགས་ཞི་ནས་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་མཚོན་ཕྱིར་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ཞིག་འབུལ་ལམ་ཞུས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཞུགས་སྒར་དྷ་སའི་བོད་ཀྱི་ཟློས་གར་ཁང་དུ། ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་ ༦༠ འཁོར་བ་དང་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བོད་ཀྱི་ཟློས་གར་ཚོགས་པའི་བོད་ཀྱི་གར་གླུ་རིག་རྩལ་ཁང་གསར་པར་རབ་གནས་གནང་སོང་ལ། མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་། བཀའ་དྲིན་རྗེས་དྲན་དང་མགོན་པོ་མཆོག་གི་སྐུ་གེགས་མཚན་མ་ཡོད་རིགས་ཞི་ནས། མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་མཚོན་ཕྱིར་སྐུ་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་གསང་བདག་རྔོན་པའི་སྣང་བརྙན་ཞིག་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སུ་འབུལ་ལམ་ཞུས་སོང་བ་དང་། དེ་བཞིན་དགུང་ལོ་ ༩༣ ལ་ཕེབས་པའི་བོད་ཀྱི་རོལ་མོ་བ་བསམ་ཕོ་འཇིགས་མེད་དབང་ཆེན་ལགས་ལ་བོད་གཞིས་བྱེས་གཉིས་ནང་བོད་ཀྱི་རོལ་ཆ་མཁན་སྐུ་ན་བགྲེས་ཤོས་ཀྱི་མི་གཡང་དང་། རྒྱལ་ཁབ་ཀྱི་གཅེས་ནོར་དཔེ་བཟང་ཕུལ་བྱུང་མི་སྣའི་མཚན་གསོལ་གཟེངས་རྟགས་ཤིག་གནང་། གཞན་ཡང་། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་རྒྱག་ལས་གཞིའི་ཆེད་རོགས་དངུལ་སྤྲོད་མཁན་རྣམས་ལ་དྲིན་གཟོའི་ཕྱག་རྟགས་བཅས་གནང་སོང་།མཛད་སྒོའི་ཐོག་བོད་ཀྱི་ཟློས་གར་ཁང་གི་སྤྱི་ཁྱབ་འགན་འཛིན་ངག་དབང་ཡོན་ཏན་ལགས་ནས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། རྒྱ་གར་བྱང་ཕྱོགས་མ་སུ་རིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགོས་པ་དུ་མའི་ཆེད་རང་རེའི་བོད་དོན་དྲིལ་བསྒྲགས་ཤུགས་སྣོན་ཆེད་གཏམ་བརྗོད་ཟློས་གར་ཚོགས་པ་ཞིག་འཛུགས་ཐུབ་ན་ཕན་རླབས་ཆེ་བའི་བཀའ་སློབ་ལམ་སྟོན་བསྩལ་བ་ནས་བཟུང་སྔ་རྗེས་སུ་ལམ་སྟོན་གནང་སྟེ། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་ས་གནས་ཀ་ལིམ་པོང་དུ་དང་བླངས་ཚོགས་མི་ ༢༦ ལས་གྲུབ་པ་ཞིག་ལ་འཁྲབ་སྟོན་གྱི་ཟབ་སྦྱོང་སྤྲད་དེ་བོད་ཀྱི་ཤེས་རིག་ཟློས་གར་ཐོག་མར་མགོ་བཙུགས་པ་ནས་བཟུང་། ད་བར་དབུ་དགེ་ལས་ཟུར་ཚོགས་མི་གྲངས་ ༥༠༠ ལྷག་གིས་རྒྱལ་ཁབ་འདྲ་མིན་ ༣༥ ལྷག་གི་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དྲིལ་བསྒྲགས་སྤེལ་ཐུབ་ཡོད་པར་བསྔགས་བརྗོད་དང་གཟེངས་རྟགས་འདྲ་མིན་ཐོབ་ཡོད་སྐོར་དང་། ལྷ་མོའི་འཁྲབ་གཞུང་དང་ཇོ་བོ་རྗེ་ཨ་ཏེ་ཤ། རྒྱལ་དབང་ལྔ་བ་ཆེན་པོ་དང་རྗེ་བཙུན་མི་ལ་རས་པ། སྟོན་པའི་མཛད་རྣམ་དང་༧ས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན། དེ་བཞིན་དེང་དུས་ཀྱི་གཏམ་བརྗོད་ཟློས་གར་ལམ་ནས་འཁྲབ་གཞུང་གྲངས་མི་ཉུང་བ་ཞིག་གསར་རྩོམ་གྱིས་བོད་མི་འདུས་སྡོད་ཁུལ་གྱི་གཞིས་ཆགས་སུ་འཁྲབ་སྟོན་ཞུས་ཡོད་པ་དང་། ད་ལྟ་ཟློས་གར་ཚོགས་པའི་སྒྱུ་རྩལ་འཛིན་རིམ་ ༤ ལ་སློབ་ཕྲུག་གྲངས་ ༤༠ དང་བྲོ་བ་རྒན་གྲས་གྲངས་བརྒྱད། དགེ་རྒན་གྲངས་ ༨ དང་རིག་གཞུང་སློབ་ཕྲུག་གྲངས་ ༢༡ སོགས་དགེ་ལས་སློབ་ཕྲུག་ཁྱོན་ ༡༠༧ ཡོད་སྐོར་དང་། ཚོགས་ཁང་གསར་རྒྱག་ཆེད་སྤྱི་འཐུས་གྲོས་ཚོགས་ནས་སྔོན་རྩིས་མ་དངུལ་ས་ཡ་ ༧༠ ཞུས་པ་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ས་ཡ་ ༥༥ དང་སུད་སིར་གནས་བཞུགས་ནོར་བཟང་ཐེབས་རྩ་ནས་ས་ཡ་ ༡༤ ཙམ། མཚན་མ་སྨྲོས་པའི་ཁག་ཅིག་ནས་ས་ཡ་ ༡ གསོལ་བསྩལ་བྱུང་ཡོད་སྐོར་སོགས་བརྗོད་སོང་།རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་སྐབས་དང་པོ་གཙོ་སྐྱོང་གནང་མཁན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས། བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་པ་བོད་མི་དང་ཕྱི་རྒྱལ་མི་སྣ་ ༥༠ ལྷག་མགྲོན་འབོད་ཞུས་ཀྱང་། དངོས་སུ་ཚོགས་བཅར་གནང་མཁན་བོད་མི་ ༦ དང་ཕྱིའི་རྒྱལ་ཁབ་ ༩ ནས་མཁས་དབང་མི་སྣ་ ༡༧ བཅས་ཁྱོན་བསྡོམས་ཞིབ་འཇུག་པ་བགྲེས་གཞོན་ ༢༣ ཕེབས་ཐུབ་པ་བྱུང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ཚོམས་ཆེན་གསར་པ་དང་ཕྱི་དྲིལ་གློག་ཀླད་སྡེ་ཚན་གྱི་ཚོགས་ཁང་གཉིས་ནང་འཚོག་འཆར་ཡོད་ལ། སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞེས་པའི་ཁྱབ་ཁོངས་ནང་དགོན་སྡེའི་གར་འཆམ་དང་། གདོན་རྟ་དབྱངས་གསུམ་སོགས་མདོར་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ཁྱོན་སྤྱི་དང་། ཧི་མ་ལ་ཡའི་རི་བརྒྱུད་བོད་རིགས་ཡོངས་ནས་སྔར་ནས་ད་བར་ལག་ལེན་བྱེད་པའི་སྦུག་གཏོང་དཀྲོལ་གསུམ་གྱི་རོལ་ཆའི་རྣམ་གྲངས་ཚང་མ་ཚུད་ཀྱི་ཡོད་པ་དང་། ཚོགས་ཆེན་ཐོག་སྒྲོགས་སྦྱང་གནང་བའི་དབྱིན་བོད་དཔྱད་རྩོམ་ཡོངས་རྫོགས་ཚོགས་ཆེན་ཚར་རྗེས་ཟླ་བ་གསུམ་ནང་མཉམ་འདེབས་ཀྱིས་དཔར་འགྲེམ་གནང་འཆར་ཡོད་སྐོར་སོགས་བརྗོད་སོང་།དམིགས་བསལ་སྐུ་མགྲོན་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་རྒྱལ་ཁབ་ཤོར་ནས་བཙན་བྱོལ་དུ་འབྱོར་བའི་སྐབས་དེར། ང་ཚོར་གྲོགས་པོའམ་རྒྱབ་རྟེན་ས་གནམ་དང་ས་ལས་མེད་པའི་གནས་སྟངས་དེའི་འོག་ལ། ཐོག་མར་སྒྱུ་རྩལ་བ་འགའ་ཤས་ཤིག་༧གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁར་བཅར་རྗེས། ༧གོང་ས་མཆོག་ནས་ད་ལྟ་ཁྱེད་རང་ཚོ་ཉུང་ཤས་ཙམ་ལས་ཡོད་པ་མ་རེད་དེ། སེམས་ཤུགས་མ་ཆགས་པར་ཧུར་ཐག་བྱས་ཏེ་དཀའ་ལས་རྒྱོབས་ཤོག རིམ་གྱིས་ང་ཚོའི་སྒྱུ་རྩལ་དང་ཟློས་གར་འདི་ཡར་རྒྱས་འགྲོ་ཡི་རེད་ཅེས་ལུང་བསྟན་གནང་བ་ནང་བཞིན། ད་ལན་ལོ་ ༦༠ རྗེས་ལ་ང་ཚོའི་བོད་ཀྱི་ཟློས་གར་གྱི་ཚོགས་པ་འདི་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུའི་སྐལ་བ་བཟང་པོ་ཐོབ་པ་འདི། ཐོག་མ་རང་ནས་༧གོང་ས་མཆོག་ནས་མཁྱེན་པའི་ཐོག་ནས་སེམས་ཤུགས་དང་ལམ་སྟོན་གནང་རྗེས། དེ་དུས་སྒྱུ་རྩལ་བ་ཚོས་མི་ཐོག་མི་ཐོག་ནས་སྐུ་ལས་རབ་དང་རིམ་པ་བསྐྱོན་པ་ལ་བརྟེན་ནས་གྲུབ་འབྲས་སྨིན་པ་ཞིག་རེད། དེར་བརྟེན། ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་མང་པོ་ཡོད་པའི་ནང་ནས་མཛད་འཕྲིན་གཅིག་ནི། བོད་ཀྱི་ཟློས་གར་ཚོགས་པ་དེ་ད་ལྟ་བར་དུ་གནས་ཐུབ་ཡོད་པ་མ་ཚད། སློབ་གྲྭ་ཁག་ཚང་མའི་ནང་ཟློས་གར་དགེ་རྒན་ཚོས་ཉིན་ལྟར་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་སྐུ་ལས་བསྐྱོན་པའི་རྐྱེན་གྱིས་དོ་སྣང་ཅན་གྱི་བོད་པའི་ཕྲུ་གུ་རྣམས་གཞས་གཏོང་རྒྱུ་དང་ཞབས་བྲོ་འཁྲབ་ཤེས་པར་གྱུར་ཡོད། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡང་ང་ཚོའི་གཞས་སྣ་སྒྱུ་རྩལ་དེ་དག་ངོམ་དུ་ཆོག་པ་ཡོད་པ་དེ་ཡང་ཟློས་གར་འཁྲབ་མཁན་ཟུར་པ་ཚོ་ཕྱི་རྒྱལ་ཁག་ལ་ཕེབས་ཏེ། ༧གོང་ས་མཆོག་ནས་ཁྱེད་རང་ཚོ་བོད་པའི་རིག་གཞུང་གི་སྐུ་ཚབ་ལྟ་བུར་གནང་སྟེ་སྐུ་ལས་བསྐྱོན་ཤོག་ཨང་ཞེས་བཀའ་གནང་བ་བཞིན། རྣམ་པ་ཚོས་སྐུ་ལས་བསྐྱོན་ཏེ་འཛམ་གླིང་ཡོངས་ལ་ང་ཚོའི་རིག་གཞུང་དེ་ངོམ་དུ་ཆོག་པ་ཞིག་ཆགས་ཡོད། ཅེས་དང་། བོད་ནང་མཚོན་ན་བོད་སྡེ་རྒྱ་སྡེར་སྒྱུར་ཐབས་བྱེད་ཀྱི་ཡོད་ཀྱང་། བཙན་བྱོལ་ནང་དུ་ང་ཚོས་སྲོལ་རྒྱུན་ལམ་ལུགས་ཀྱི་སྒྱུ་རྩལ་དང་རིག་གཞུང་དག་སྲུང་སྐྱོབ་ཀྱིས་མ་ཚད་དར་སྤེལ་གནང་ཐུབ་པ་དེ། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་རྣམ་པ་ཚོ་ཚང་མས་སྐུ་ལས་བསྐྱོན་པ་ལས་བྱུང་བ་ཞིག་ཡིན་པ་དང་། ད་ལན་ལོ་ ༦༠ ཡི་མཛད་སྒོ་འདི་ཡང་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན་སྟབས། བཀའ་ཤག་གི་ཚབ་ཞུས་ཏེ་རྣམ་པ་ཚོ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་གིས། བཙན་བྱོལ་བོད་མིའི་སྨན་རྩིས་ཁང་དང་གཞིས་ཆགས། སློབ་གྲྭ་དང་དགོན་སྡེ་ཁག་ཆ་ཚང་ཐོག་མའི་ཆར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལམ་སྟོན་ཇི་བཞིན་མི་ཐོག་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་དང་། བོད་མི་སྐྱབས་བཅོལ་བ་དེ་འཛམ་གླིང་གི་སྐྱབས་བཅོལ་བ་གཞན་དང་རྒྱལ་ཁབ་གཞན་འགའ་ཤས་དང་བསྡུར་ན་ཤེས་ཡོན་སོགས་ཀྱི་སྟེང་ནས་ངོམ་དུ་ཆོག་པ་ཤིག་ཡོད་སྐོར་དང་། ད་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཁབ་ ༦༥ ལྷག་ལ་ཕེབས་ཡོད་པ་དང་། ཆེ་བསྟོད་གཟེངས་རྟགས་ ༡༥༠ ལྷག་ཕུལ་ཡོད་ལ། ཕྱག་དེབ་ ༡༠༠ ལྷག་ལྗགས་རྩོམ་གནང་བའི་བཀའ་དྲིན་གྱིས། བོད་མི་སུ་རུང་ཞིག་རྒྱལ་སྤྱིའི་སྡིངས་ཆ་དང་གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སུ་ཞིག་དང་ཐུག་འཕྲད་བྱུང་ན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལས་ལྷག་པའི་དབུ་འཁྲིད་ཅིག་འཛམ་གླིང་སྟེང་མེད་པ་དང་། བོད་མི་རྣམས་ཧ་ལས་པའི་བསོད་ནམས་ཆེན་པོ་ཡིན་པ། བོད་དོན་ཞུ་གཏུག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། ད་ལྟ་བོད་མི་ཉུང་ཤས་ཙམ་ལས་མིན་ཡང་འཛམ་གླིང་ཐོག་མགོ་དགྱེ་དགྱེ་བྱས་ཏེ་འགྲོ་ཐུབ་པ་དང་། བོད་དོན་དེ་ཡང་འཛམ་གླིང་ཐོག་དར་སྤེལ་ཤུགས་ཆེན་པོ་བྱུང་བཞིན་པ་དེ་ཡང་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་ལམ་སྟོན་བསྩལ་སྐབས། ད་ཆ་ངོས་རང་མི་རྒན་ལོ་བརྒྱད་ཅུ་གྱ་ལྔའི་མཚམས་ལ་བསླེབས་ཡོད་པ་དང་། ཐོག་མར་ང་ཚོ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་སླེབས་སྐབས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་སྐྱབས་མེད་མགོན་མེད་ལྟ་བུ་ཞིག་ཆགས་ཡོད། ཡིན་ནའང་ང་ཚོ་ལ་བོད་མི་རིགས་ཀྱི་སེམས་ཤུགས་དང་ལྷག་བསམ། སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་སྟབས་བོད་མི་བཙན་བྱོལ་བ་ཉུང་ཤས་འབྱོར་བ་དེ་ཚོ་ཚང་མས་ཧུར་ཐག་འབད་ཐག་བྱས།  ང་ཚོར་སེམས་ཤུགས་སྐྱེད་པའི་རྒྱུ་གཙོ་བོ་ནི་བོད་རྒྱ་ཆེ་མི་མང་དོན་གྱི་བདག་པོ་གཞིས་ལུས་བོད་མི་དེ་དག་རེད། དེ་དག་གིས་སྲོག་དང་བསྡོས་ནས་བོད་མི་རིགས་ཀྱི་ཐོབ་ཐང་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱས་ནས་ལོ་འདི་དག་གི་རིང་ལ་དཀའ་ལས་ཧ་ལས་པ་བརྒྱབ་པ་རེད། བོད་རྒྱ་ཆེའི་མི་མང་ལ་རང་དབང་བྲལ་ཏེ་ཐ་ན་སྲོག་ལ་ཉེན་ཁ་ཡོད་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་བཟུང་ནས་བསྡད་ཡོད་པས། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་པ་ཚོ་རང་དབང་ལུང་པར་ཡོད་སྟབས།  བོད་རྒྱ་ཆེའི་མི་མང་གི་ཚབ་ང་ཚོས་བྱེད་ཀྱི་ཡོད།  འཛམ་གླིང་འདིའི་སྟེང་ང་ཚོས་བོད་དོན་བདེན་པ་ཇི་ལྟར་ཡིན་པ་སྟོན་ཐུབ་པ་ཞིག་དང་། གཙོ་བོ་ང་ཚོར་རིག་གཞུང་གཏིང་ཟབ་ཡོད་པ་དེ་མུ་མཐུད་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་བོད་ཀྱི་ཟློས་གར་སྐོར་ལ་༧གོང་ས་མཆོག་གིས། ངོས་རང་ཆུང་དུས་རྣམ་ཐར་ཤེས་ཀྱི་མེད་མ་གཏོགས་ལྷ་མོ་ཞེ་དྲག་འཁྲབ་མྱོང་ཡོད། སྔོན་མ་ནས་ངོས་ཀྱིས་ལབ་ཡོད། ཞབས་བྲོ་འཁྲབ་རྒྱུའི་གྲས་དེ་ཚོ་ནི་རྒྱ་མིས་བོད་ཀྱི་ཞབས་བྲོ་འཁྲབ་པ་དེ་འདྲ་ཡོང་གི་ཡོད་པ་རེད། ཡིན་ནའང་། ད་ལྟ་བར་དུ་རྒྱ་རིགས་ནང་བོད་ཀྱི་རྣམ་ཐར་གཏོང་མཁན་ཧ་ལམ་མཐོང་མ་མྱོང་། དེ་བོད་པ་རང་མ་གཏོགས་ཡོང་གི་མེད་པའི་ཟོལ་ལྟ་བུ་ཞིག་འདུག་པས་དེ་ནི་བོད་རང་གི་ཐུན་མོང་མ་ཡིན་པ་ལྟ་བུ་ཞིག་ཆགས་འདུག བོད་པའི་རྣམ་ཐར་དེ་སུ་གཅིག་གིས་ཀྱང་ལད་ཟློས་བྱེད་མ་ཐུབ་པ་ཞིག་ཡོད་དུས་དེ་དགེ་མཚན་ཞིག་རེད། ཁྱེད་རང་ཚོས་ཟློས་གར་ཚོགས་པ་བཙུགས་ནས་ད་བར་ཧུར་ཐག་བྱས་པ་རེད། ང་ཚོའི་འཐབ་རྩོད་འདི་མི་རིགས་ཤིག་གི་འཐབ་རྩོད་ཡིན་དུས་མི་རབས་བརྗེ་ནས་འགྲོ་ཡི་ཡོད་པ་རེད་དེ། འཐབ་རྩོད་ཀྱི་རྒྱུན་མུ་མཐུད་འཁྱེར་ནས་སྡོད་ཀྱི་ཡོད་པ་རེད། ཟློས་གར་ཚོགས་པར་ཆ་བཞག་ན་མགོ་སྟོད་ཀྱི་ཚོགས་པའི་མི་རབས་དེ་རྫོགས་ཚར་བ་རེད། ད་ནི་ཁྱེད་རང་ཚོ་མི་རབས་རྗེས་མ་ཚོས་མཇུག་བཟུང་ནས་བྱེད་ཀྱི་ཡོད་པ་དེར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཞེས་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese