དཔལ་༧ས་སྐྱ་ཐོན་མི་མཐོ་སློབ་ཏུ་དབུ་འཛུགས་གནང་བའི་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཐེངས་དང་པོའི་ནང་ཕྱི་ནང་གི་བཙུན་མ་ ༧༠ ལྷག་མཉམ་ཞུགས་གནང་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ པའི་ཐོག རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གྲོང་ཁྱེར་དུ་རྟེན་གཞིས་བྱས་པའི་ས་སྐྱ་ཐོན་མི་མཐོ་སློབ་ཏུ། དཔལ་༧ས་སྐྱའི་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ་དང་བསྟུན། དེ་རིང་ནས་ཉིན་གསུམ་རིང་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་ཐོག་ལ་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་༧སྐྱབས་རྗེ་ཨ་སངྒ་རིན་པོ་ཆེ་མཆོག་དང་། ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་ངེས་སྟོན་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག བོད་ཀྱི་བཙུན་མའི་ལས་འཆར་གྱི་དབུ་འཛིན་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག བོད་ཀྱི་བཙུན་མའི་ལས་འཆར་གྱི་དབུ་འཛིན་ལས་ཐོག་སྣང་ས་ཆོས་སྒྲོན་ལགས་བཅས་དང་། བཀའ་བཅུ་པ་སྐབས་དང་པོའི་བསླབ་པ་མཐར་སོན་པའི་སློབ་གཉེར་བ་ ༧ བཅས་ཕྱི་ནང་གི་བཙུན་མ་ ༧༠ ལྷག་དང་། དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠ ལྷག་འཛོམས་ཡོད་འདུགམཛད་སྒོའི་ཐོག་མར་༧སྐྱབས་རྗེ་ཨ་སངྒ་རིན་པོ་ཆེ་མཆོག་དང་ས་སྐྱ་བཙུན་མའི་མཐོ་སློབ་ཀྱི་ངེས་སྟོན་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་རྣམ་གཉིས་ནས་༧སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ས་སྐྱའི་བཙུན་མའི་མཐོ་སློབ་ཀྱི་སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་བཙུན་མ་ ༧ ལ་བཀའ་བཅུ་པའི་ཕྱག་འཁྱེར་བསྩལ་གནང་ཡོད་འདུག
མཇུག་ཏུ་༧ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་དོན། སྐབས་དང་པོའི་བཀའ་བཅུ་པའི་བསླབ་པ་མཐར་སོན་གྱི་རྟེན་འབྲེལ་གྱི་འབྲས་བུར། མ་འོངས་པར་ཡང་སློབ་གཉེར་སོགས་གང་ཅིའི་ཐད་གོང་ནས་གོང་དུ་འཕེལ་བའི་ཐུགས་རེ་གནང་གི་ཡོད་སྐོར་དང་། གཞུང་ལ་སློབ་གཉེར་གནང་མཁན་ཚོས་གཞུང་གང་ལ་བལྟས་ཀྱང་གཙོ་བོ་དེ་རང་ཉིད་ཀྱི་སེམས་རྒྱུད་འདུལ་བའི་ཆེད་དུ་གཟིགས་དགོས་སྐོར་སོགས་ཀྱི་བཀའ་སློབ་བསྩལ་གནང་ཡོད་འདུགཐེངས་འདིའི་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་ཐོག་རྒྱལ་ཡོངས་བོད་ཀྱི་རིས་མེད་ཆོས་བརྒྱུད་ཁག་གི་བཙུན་མའི་བགྲོ་གླེང་ཆེན་མོའི་ནང་། རྒྱ་གར་རྒྱལ་ཡོངས་ཀྱི་ཆོས་བརྒྱུད་བཞིའི་གདན་ས་དང་དགོན་སྡེ་ཁག་བརྒྱད་བཅས་ཕྱི་ནང་གི་བཙུན་མ་ ༧༠ ལྷག་མཉམ་ཞུགས་གནང་སྟེ། དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག
གསར་འགོད་པ། པ་སངས་ཚེ་རིང་།