མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་གནང་སྟེ་རབ་བྱུང་ཕོ་མོ་ཚོའི་སློབ་གཉེར་གནང་ཕྱོགས་ཐད་གྲོས་གཞི་ཁག་ ༥ ཡི་ཐོག་བགྲོ་གླེང་གནང་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀི་རྟི་བྱེས་པ་གྲྭ་ཚང་ཐུན་མོང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བྱེས་པ་གྲྭ་ཚང་ཕྱག་བཏབས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དང་། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་བོད་མི་སྤྱི་འཐུས་ཚོགས་གཙོ་སྤྲེལ་པོའི་དབུས་རྒྱུན་ལས་རྣམ་པ་དང་། ཕྱོགས་བཞུགས་སྤྱི་འཐུས། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་མཁས་དབང་རྣམ་པ་དང་། བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་དང་བཙུན་དགོན་ཁག་གི་དབུ་འཛིན་དང་སློབ་གྲྭའི་སློབ་སྤྱི། འཛིན་སྐྱོང་བ་དང་དགེ་རྒན་བགྲེས་པ། བགྲོ་གླེང་ཟུར་ཉན་དུ་ཕེབས་མཁན་གྲྭ་བཙུན་སློབ་གཉེར་བའི་འཐུས་མི་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༡༠༠༠ ཡས་མས་འཛོམས་འདུགམཛད་སྒོའི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་མཛད་པའི་དགོན་སྡེ་གྲྭ་བཙུན་ཁག་ལ་ཆེད་དམིགས་ཀྱིས་རྩོམ་སྒྲིག་མཛད་པའི་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་དགུ་བར་གྱི་སློབ་དེབ་བློ་གསལ་མགུལ་རྒྱན་དབུ་འབྱེད་དང་། ཆོས་རིག་བཀའ་བློན་མཆོག་ནས་ཀིརྟིའི་བྱེས་པ་གྲྭ་ཚང་ནས་བསླབ་པ་མཐར་སོན་པའི་འདུལ་བ་རབ་འབྱམས་པ་ཚོར་ཕྱག་རྟགས་བཅས་བསྩལ་རྗེས། ཤེས་རིག་བཀའ་བློན་མཆོག་ནས་ཀིརྟིའི་བྱེས་པ་གྲྭ་ཚང་ཕྱག་བཏབས་ནས་མི་ལོ་ ༢༥ འཁོར་བའི་བརྙན་དེབ་དང་། བྱེས་པ་གྲྭ་ཚང་ནས་རྩོམ་སྒྲིག་གནང་བའི་རྟགས་ཀྱི་འཇུག་པའི་མཐའ་དཔྱོད་ཆེན་མོའི་དཔེ་དེབ་གཉིས་དབུ་འབྱེད་གནང་གྲུབ་རྗེས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ནས་བྱེས་པ་གྲྭ་ཚང་དང་ཐེངས་འདིའི་བགྲོ་གླེང་སྐོར་ནས་ངོ་སྤྲོད་གསུང་བཤད་གནང་སྐབས། ཐོག་མར་རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་མཇུག་བསྡུས་ནས་ཆོས་སྒོ་ཕྱེ་བ་དང་བསྟུན་གྲྭ་པ་རྒན་པ་དང་ཡུལ་སྡེ་ཚོས་དགོན་སྡེ་ཁག་སླར་གསོ་མཛད་པ་དང་། སྐབས་དེར་གྲྭ་པ་རྒན་པ་ཚོས་འདོན་པ་གང་ཤེས་པ་རེ་བཏོན་གནང་མཛད་ནས་རིམ་གྱིས་སློབ་གཉེར་ཐད་དཀའ་ལས་སྐྱོན་གནང་བ་དང་། དེ་ནས་རྒྱ་གར་ནང་གྲྭ་པ་ཁ་ཤས་ཕེབས་ཐུབ་པ་དང་། རྣམ་རྒྱལ་གྲྭ་ཚང་ལ་ཞུས་ནས་གྲྭ་པ་དེ་དག་ལ་རྣམ་རྒྱལ་གྲྭ་ཚང་ནས་མཐུན་རྐྱེན་སྦྱར་བ་བཞིན་སློབ་གཉེར་གནང་བ་དང་། གྲྭ་པ་དེ་དག་གིས་མ་རྩ་བྱས་ཏེ་ཕྱི་ལོ་ ༡༩༩༢ ལོ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གསར་འཛུགས་གནང་བ་དང་། རིམ་གྱིས་གྲྭ་པ་མང་པོ་ཞིག་བསླེབས་པ་ལྟར། གྲྭ་པ་དེ་དག་རང་བསམ་བཞིན་བཏང་བ་ཡིན་ན་མི་འགྲིག་སྟབས། གྲྭ་པ་དེ་དག་ལ་སྒྲིག་འཛུགས་ཤིག་དང་སློབ་གཉེར་བྱེད་ཕྱོགས་ཤིག་དགོས་པ་ཡིན་དུས་ཕ་ཡུལ་གྱི་དགོན་པའི་མིང་ལྟ་བུ་རང་འཇགས་གཏགས་ན་མི་འགྲིག་པས། ཀིརྟིའི་བྱེས་པ་གྲྭ་ཚང་ཞེས་མིང་བཏགས་ནས་གྲྭ་པ་ཚོར་ལོ་གསུམ་དང་ལོ་ལྔ་ཡི་འཆར་གཞི་བྱས་ཏེ་རིག་གནས་སློབ་གཉེར་སྤྲོད་རྒྱུ་བྱས་པ་དང་། དེ་ལྟར་བྱས་ཏེ་གྲྭ་པ་ཚོ་རིག་གནས་ཐོག་ཕྱོགས་གང་ཐད་ནས་ཡག་པོ་ཆགས་སོང་ན་ཡང་། རིག་གནས་རྐྱང་པའི་ཐོག་ནས་གྲྭ་པས་སློབ་གཉེར་བྱས་པ་ཡིན་ན་འཚམ་པོ་ཞིག་མེད་སྟབས། རིམ་གྱིས་མཚན་ཉིད་ཀྱི་གཞུང་སྒང་ལ་ལྟ་རྒྱུའི་སྟེང་བསྒྱུར་ནས་ཐེངས་འདིར་འདུལ་བ་རབ་འབྱམས་པའི་སློབ་གཉེར་བ་ཐེངས་དང་པོ་སློབ་མཐར་ཕྱིན་ཡོད་སྐོར་གསུངས་སོང་།ཡང་ཐེངས་འདིའི་བགྲོ་གླེང་གི་སྐོར་ལ་རིན་པོ་ཆེ་མཆོག་གིས། ང་ལ་འཁྲི་བའི་ལས་འགན་ཞིག་ཡོད་སྟབས། ང་དང་འབྲེལ་ཡོད་ཀྱི་མི་དེ་དག་གིས་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཡོད་པས་གང་ཐུབ་ཐུབ་བྱ་དགོས་པ་ལྟར། ལྷག་ཏུ་དགོན་པ་ཁག་དེ་དག་ལམ་ཡག་པོ་ཞིག་ཏུ་འཁྲིད་པར་འབད་བརྩོན་བྱ་དགོས་པ་འགན་ཆགས་ཡོད་དུས། དེ་དག་ཚང་མ་ལམ་ཁ་ཞིག་ལ་འཁྲིད་ཐབས་བྱེད་སྐབས་ཕྱོགས་ཡོང་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། བགྲོ་གླེང་འདི་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་དེ་ཡིན་པ་དང་། ཕ་ཡུལ་ལ་མཚོན་ན། དགོན་སྡེ་ཁག་ཏུ་གྲྭ་པ་བྱེད་མཁན་གྱི་གྲྭ་ཚོགས་ཇེ་མང་དང་གྲྭ་པ་དེ་དག་ལ་སློབ་སྦྱོང་ཡང་དག་པ་ཞིག་མ་རག་པར་ལོ་རེ་ནས་ལོ་རེ་བཞིན་ཆེན་པོ་ཆགས་ཡོང་གི་ཡོད་པ་དང་། སློབ་ཚན་ལ་ཆ་མཚོན་ན་གཅིག་གྱུར་ལྟ་བུ་མེད་པར་དགེ་རྒན་ཚོས་འདོད་པ་ནང་བཞིན་ག་རེ་ཡིན་པ་འཁྲིད་བསྡད་པ་ཞིག་ཆགས་ཡོད་སྟབས། དེ་ལྟར་བྱས་པ་ཡིན་ན་གྲྭ་པ་ཉུང་ཉུང་ཙམ་མིན་པར་ང་དང་འབྲེལ་ཡོད་ཀྱི་གྲྭ་པ་ལོ་ན་ ༡༨ མན་ཆད་ ༢༠༠༠ ལྷག་ལ་ཤེས་ཡོན་སློབ་སྦྱོང་ཡག་པོ་ཞིག་མ་རག་པར་འཐུས་ཤོར་འགྲོ་བཞིན་ཡོད་པ་དང་། བོད་ནང་ལ་མཚོན་ན། རྒྱ་ནག་གཞུང་གིས་སྒྲིག་ལམ་དམ་པོ་ཡོད་པའི་དཀའ་ངལ་དང་བོད་པ་རང་གིས་དགོན་པ་གྲྭ་ཚང་ཁག་གི་སྒྲིག་ལམ་དམ་མ་ཐུབ་པའི་དཀའ་ངལ་སོགས་ཀྱིས་གྲྭ་པ་མང་པོ་ཞིག་རྒོད་ལ་ཤོར་བའི་ཉེན་ཁ་ཡོད་པ་དང་། དེ་ལྟ་བུའི་དཀའ་ངལ་དེ་བོད་ནང་གཅིག་པུ་ཙམ་མ་ཡིན་པར་རྒྱ་གར་ནང་གི་དགོན་སྡེ་ཁག་ལ་ཡང་འཕྲད་བཞིན་ཡོད་སྟབས། ང་ཚོའི་མིག་མདུན་དུ་ཡོད་པའི་མི་རབས་གསར་པ་དག་ལ་མ་འོངས་པར་ཕན་ཐོགས་ཤིག་མི་ཡོང་ངམ་བསམ་ནས་བགྲོ་གླེང་འདི་ལྟ་བུ་ཞིག་གོ་སྒྲིག་གནང་བ་ཡིན་སྐོར་སོགས་གསུངས་སོང་།སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། དེ་རིང་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ཐུན་མོང་གི་ཐོག་ནས་གཙོ་བོ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ཀྱི་ཐོག་ལ་མཁས་པའི་བགྲོ་གླེང་གི་ཚོགས་འདུ་ཆེན་མོ་འདི་གོ་སྒྲིག་ཞུས་ཐུབ་པ་ནི་གསར་གཏོད་རང་བཞིན་ལྡན་པའི་རླབས་ཅན་གྱི་བྱ་བ་ཞིག་ཡིན་པ་དང་། ༸རྒྱལ་བའི་བཀའ་སློབ་ལམ་སྟོན་རྣམས་དོན་དམ་པའི་ལག་ལེན་དུ་འགེལ་ཐབས་ཕྱོགས་སུ་མདུན་སྐྱོད་ཀྱི་གོམ་སྟབས་ཆེན་པོ་ཞིག་ཀྱང་ཡིན། མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུ་རབ་བྱུང་ཕོ་མོ་ན་གཞོན་རྣམས་སྐྱེད་སྲིང་མཛད་སྟངས་ལ་བགྲོ་གླེང་གི་ལམ་ནས་འགྱུར་བཅོས་གཏང་འོས་གཏོང་རྒྱུར་དུས་ཚོད་ཀྱི་ཆ་ནས་ཕྱི་མ་དྲགས་ནའང་སྔ་དྲགས་མེད་པས། རབ་བྱུང་ཕོ་མོ་མིང་དོན་མཚུངས་པ་གང་མང་སྐྱེད་སྲིང་ཐུབ་ཐབས་སུ་འབྲེལ་ཡོད་འགན་འཛིན་རྣམས་ནས་འཆར་གཞི་གསར་པ་ཚད་ལྡན་བཟོ་འགོད་ཀྱིས་སྣེ་ཁྲིད་ཐབས་གནང་རྒྱུ་གལ་འགངས་ཆེ་བ་དང་། གྲྭ་བཙུན་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་སྟངས་དང་། འཛིན་གྲྭའི་ནང་ཕྱིའི་མཐུན་རྐྱེན་དང་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཁྱད་ཆོས་ཇི་དགོས། དགེ་སློབ་གཉིས་ཀར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ། དེ་བཞིན་ཡ་རབས་བཟང་སྤྱོད་དང་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དམ་ཆོས་འདུལ་བ་དང་མཐུན་ཞིང་ཉམ་ཆུང་ཚུལ་མཐུན་ཅན་གྱི་བག་ཆགས་བཟང་པོ་བསྒོ་ཐབས། དེ་ལས་གལ་ཆེ་བ་བསམ་བློའི་སློབ་གསོ་ཇི་དགོས་ལ་སོགས་པ་གཞི་ལ་བཞག་པའི་ཐོག་ནས་འཆར་གཞི་ཚད་ལྡན་བཟོ་འགོད་ཀྱིས་སྒྲིག་སྲོལ་ལྡན་པའི་སྒྲོམ་གཞི་ཡང་དག་ཡོང་ཐབས་བཅས་ཀྱི་ཐོག་བགྲོ་གླེང་གྲུབ་འབྲས་ལྡན་པ་ཞིག་ཡོང་བའི་རེ་བ་བྱེད་བཞིན་ཡོད། སྤྱིར་བཏང་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཚང་མ་ལྷག་བསམ་རྣམ་པར་དག་ཅིང་ཤེས་ཡོན་དང་། སྤྱི་སེམས་ཀྱི་ཕྱུག་པ། བོད་ཀྱི་བསྟན་སྲིད་མི་རིགས་ལ་ཞབས་འདེགས་སྒྲུབ་འདུན་ཡོད་མཁན་ཞེ་གཅིག་ཡིན་ནའང་། ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བགྲོ་གླེང་སྐབས་སུ་རང་རྒྱལ་གཞན་ཕམ་དང་། ཕྱོགས་ལྷུང་སོགས་ཀྱི་ཚོར་བས་ལྷད་དེ་དགོངས་འཆར་ཡག་པོ་དེ་འདྲ་ལའང་སྐབས་རེར་དགག་པ་བསྐྱོན་པའི་དབང་གིས་མེད་པར་གྱུར་ཏེ། སྤྱི་ལ་གྱོང་གུད་ཕོགས་པའི་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་མིན་སྟབས། དེ་འདྲའི་གནས་སྐབས་སུ་ཕུགས་རྒྱང་རིང་པོ་དང་བོད་ཀྱི་བསྟན་སྲིད་མི་རིགས་སྤྱི་ལ་དགོངས་པ་ཆེན་པོ་བཞེས་ཏེ་བགྲོ་གླེང་ཐག་གཅོད་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ད་རེས་ཀྱི་བགྲོ་གླེང་ལམ་ལྷོངས་ཚགས་ཚུད་ཡོང་བ་དང་། འདི་ལས་ཐོན་པའི་དགོངས་འཆར་རྣམས་མ་འོངས་པར་ཕྱག་ལེན་དོན་འཁྱོལ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྐབས། ༧སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་ལ་ཡང་ཡང་མཇལ་མྱོང་ཡོད་ལ། ཁོང་ཡིན་ན་ཨ་མདོ་རྔ་བ་ནས་འཁྲུངས་པ་དང་། རྗེས་སུ་ལྷ་སར་ཕེབས། དེའི་རྗེས་ནས་བཟུང་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་དང་། བོད་སྤྱི་བའི་རྩ་དོན་ཆེད་འགན་འཁུར་ཆེན་པོ་བཞེས་མཁན་གྱི་མི་སྣ་ཞིག་ཆགས་བསྡད་ཡོད་པ་རེད། བོད་ནང་ལ་རྒྱ་ནག་གཞུང་གིས་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་དེ་རྒྱ་སྡེར་བསྒྱུར་རྒྱུ་དང་བོད་མི་རྒྱ་མིར་བསྒྱུར་ཐབས་བྱས་ཏེ་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་རེད། ཡིན་ན་ཡང་། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་། བཙན་བྱོལ་ནང་དགོན་སྡེ་ཁག་དང་གདན་ས་ཁག་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་རེད། དེ་ནི་རླབས་ཆེན་མཛད་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། དེ་བཞིན། ཀིརྟིའི་གྲྭ་ཚང་ཡིན་ན་གྲྭ་ཚང་བཙུགས་ནས་ལོ་ངོ་ ༢༥ འཁོར་བ་ཧ་ལས་པའི་ཡག་པོ་རེད། གང་ཡིན་ཟེར་ན། ལས་གཞི་གང་འདྲ་ཞིག་ཡིན་ན་མགོ་འཛུགས་རྒྱུ་དཀའ་ལས་ཁག་པོ་ཡོད་པ་དང་ལྷག་པར་དུ་རྒྱུན་གནས་ཡོང་བར་མི་ཆ་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་ཁག་པོ་ཡོད་པ་རེད་ལ། ལོ་ངོ་ ༢༥ འཁོར་བ་ཙམ་མ་ཟད། གོང་འཕེལ་ནས་གོང་འཕེལ་དུ་འགྲོ་ཐུབ་པ་ནི་རླབས་ཆེན་གྱི་མཛད་འཕྲིན་རེད། དེར་བརྟེན། ༧སྐྱབས་རྗེ་ཀིརྟིའི་རིན་པོ་ཆེ་མཆོག་གི་དབུས་པའི་ཀིརྟིའི་གྲྭ་ཚང་ནང་ཕྱག་ལས་གནང་མཁན་ཚང་མར་བསྔགས་བརྗོད་ཞུས་པ་དང་སྦྲགས། དམིགས་བསལ་ལས་བསྡོམས་ནང་གསལ་བ་ལྟར་བོད་ནང་གི་ཀིརྟིའི་དགོན་མ་ལག་ཁག་ཏུ་བསླབ་གཞི་དང་སྒྲིག་ལམ། ཀློག་དེབ་སོགས་གང་ཅིའི་ཐད་ནས་ཐུགས་འཁུར་བཞེས་ཏེ་རླབས་ཆེན་གྱི་གྲུབ་འབྲས་སྨིན་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།ཡང་བོད་ནང་རང་ལུས་མེར་སྲེག་མང་ཤོས་བྱུང་ཡུལ་དེ་རྔ་བ་ཡིན་སྐོར་ལ་སྲིད་སྐྱོང་མཆོག་གིས། གཞི་རྩའི་བོད་ཆོལ་ཁ་གསུམ་ནང་བོད་ཀྱི་རྩ་དོན་སླད་སྐུ་ལས་བསྐྱོན་པ་དང་སོ་སོའི་སྲོག་བློས་བཏང་གནང་མཁན་མི་ཁྲི་ཕྲག་འབུམ་ཕྲག་བྱུང་ཡོད་ཀྱང་། ད་བར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༥༤ བྱུང་ཡོད་པའི་ནང་ནས་མང་ཤོས་དེ་ཨ་མདོ་རྔ་བའི་ཁོངས་ནས་བྱུང་ཡོད་པར་བརྟེན། ས་ཆའི་ཆ་ནས་ཨ་མདོ་རྔ་བའི་ཁོངས་དེ་སྙིང་སྟོབས་ཅན་དང་སེམས་ཤུགས་ཆེ་བ། བོད་ཀྱི་རྩ་དོན་མུ་མཐུད་རྩོད་ཀྱི་ཡོད་པར་ང་ཚོས་ངོས་འཛིན་དགོས་ཀྱི་ཡོད་པ་རེད། ས་ཆ་དེའི་ནང་གནས་པའི་ཀིརྟིའི་གྲྭ་ཚང་ནས་ཆོས་ཕྱོགས་ཐོག་བཤད་མ་དགོས་པར་རིག་གནས་ཐོག་ནས་ཀྱང་འབད་བརྩོན་ཤུགས་ཆེན་པོ་གནང་དང་གནང་མུས་རེད། དེར་བརྟེན། བློས་གཏོང་འདི་དག་མ་བརྗེད་པའི་ཐོག་ནས་ང་ཚོས་ཁོང་ཚོར་བོད་ཀྱི་རྩ་དོན་ཐོག་སྐུ་ལས་ཧ་ལས་པ་བསྐྱོན་གྱི་འདུག་ཅེས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
དེ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་བཀའ་དྲིན་བསྩལ་སྐབས། དེ་སྔོན་ངོས་ཀྱིས་ང་ཚོ་རྒྱ་གར་ནང་བསླེབས་རྗེས་ཕན་བདེ་ལེགས་བཤད་གླིང་དང་རྒྱུད་གྲྭ་སྟོད་སྨད་ཀྱི་གྲྭ་ཚང་ཁག་གིས་མཚན་ཉིད་ལྟ་དགོས་པའི་འབོད་སྐུལ་བྱས་པ་ཡིན་ལ། དེའི་རྗེས་རིམ་པས་སློབ་གྲྭ་ཁག་ནང་རིགས་ལམ་སློབ་དགོས་པ་རེད་ཅེས་འབོད་སྐུལ་བྱས་པ་ཡིན། ད་ལྟའི་ཆར་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཚོས་རྟགས་གསལ་གཏོང་རྒྱུ་ཡོད་པའི་ལམ་སྲོལ་ཞིག་བཏོན་ཡོད་པ་དང་། གང་ལྟར་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་རིགས་ལམ་བསླབ་རྒྱུ་དང་བློ་རིག་སོགས་ཀྱི་ནང་སེམས་ཁམས་རིག་པའི་སྐོར་བཤད་ཀྱི་ཡོད་དུས། སྐྱབས་སུ་འཆི་ཞེས་པའི་སྐད་ཆ་ཙམ་མིན་པར་དཔྱད་པ་བྱས་ཏེ་འགྲོ་ཐུབ་པ་ཞིག་དང་། དེ་དག་ལ་དཔྱད་པ་བྱེད་ཐབས་སུ་རྟག་རིགས་སློབ་འཁྲིད་བྱ་རྒྱུ་དང་། ད་ལྟའི་ཆར་སློབ་གྲྭ་ཁག་ནང་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། རིམ་པས་བོད་པའི་སྤྱི་ཚོགས་ཡོངས་རྫོགས་ནང་སེམས་ཁམས་རིག་པ་དང་བློ་རིག་སོགས་སྦྱང་ནས་སེམས་ཁམས་རིག་པའི་སྐོར་དེ་དག་ལ་རིག་པའི་དཔྱད་པ་བྱེད་ཐུབ་པ་དགོས། ད་ལྟའི་ཆར་ཚན་རིག་ཀུན་བཏུས་ཐོན་ཚར་བ་དང་ལྟ་གྲུབ་ཀུན་བཏུས་ཐོན་ཚར་གྲབས་ཡོད་སྟབས། དེ་དག་ལ་དོ་སྣང་བྱས་ཏེ་ལྟ་ཐུབ་ན་ཆོས་ཀྱི་སྐད་ཆ་ཙམ་མིན་པར་ཤེས་ཡོན་གྱི་སྡེའི་ནང་ལ་བཞག་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད། གཞན་དགེ་ལུགས་པ་ཡིན་ཟེར་བ་འདྲ་བོ་རྙིང་མ་ཡིན་ཟེར་བ་འདྲ་བོ། བཀའ་བརྒྱུད་ཡིན་ཟེར་བའི་སྐད་ཆ་མ་ཡིན་པར་དེ་དག་ཚང་མ་ཐུན་མོང་གི་གཞུང་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
བོད་མི་རིགས་ཀྱི་སྙིང་སྟོབས་དང་ལྷག་བསམ་དེ་དག་རིག་གཞུང་དང་སྐད་ཡིག་སོགས་ཀྱི་སྟེང་ནས་ཡོང་གི་ཡོད་པའི་སྐོར་ལ་༧གོང་ས་མཆོག་གིས། རིམ་པའི་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་དང་མང་ཚོགས་ཚང་མ་དེ་ལྟར་ཤེས་ཡོན་ཡར་རྒྱས་འགྲོ་ཐུབ་པ་ཞིག་དགོས་པ་དང། ང་རང་ཚོ་བོད་པའི་སྤྱི་ཚོགས་ཀྱིས་སྐད་ཡིག་གཞན་ལ་བརྟེན་མི་དགོས་པར་བོད་ཡིག་རྐྱང་རྐྱང་གིས་ཚད་མ་ལ་སོགས་པའི་གཞུང་མང་པོ་ཞིག་འགྲེལ་བཤད་ཧ་ལས་པ་ཡག་པོ་རྒྱག་ཐུབ་ཀྱི་ཡོད་པ་དང་། དབྱིན་ཡིག་གིས་དེ་ལྟར་ཐུབ་པ་མ་རེད་ལ་ལེགས་སྦྱར་ནི་དེང་སང་ཤི་ཟིན་པའི་སྐད་ཡིག་ཁོངས་སུ་ཡོད་དུས། དེ་ལྟར་བསམ་བློ་བཏང་བ་ཡིན་ན་བོད་ཡིག་བོད་སྐད་གཞི་ནས་ཡིད་དབང་འཕྲོག་པ་ཞིག་དང་། ཚད་མ་རིག་པ་དང་ལྟ་གྲུབ་དེ་དག་ཞིབ་ཚགས་པོའི་འགྲེལ་བཤད་དགོས་ན་བོད་ཡིག་མེད་ན་ཡོང་ཐབས་མེད་པར་བརྟེན། སྐད་ཡིག་དེ་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་རེད་ལ་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་ནས་བོད་ཡིག་དེ་འཛམ་གླིང་ནང་གལ་ཆེན་པོ་ཡིན་པ་ཞིག་མངོན་ཡོང་གི་ཡོད་དུས། བོད་མི་རིགས་ལ་སེམས་ཤུགས་སླེབ་ཐབས་སུ་ཡང་ཕན་ཐོགས་ཡོད་བསྡད་པ་ཞིག་ཡིན་པ་དང་། བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དེ་བོད་ཀྱི་ཆོས་དང་མཉམ་དུ་ད་ལྟ་བར་གནས་བསྡད་པ་ཞིག་ཡིན་ལ། བོད་མི་མང་པོ་ཞིག་གིས་ལུས་སྲོག་ལོངས་སྤྱོད་ཕངས་མེད་དུ་བཏང་ནས་བོད་སྤྱི་བའི་དོན་དུ་དཀའ་ལས་བརྒྱབ་པ་རེད། རང་ལུས་མེར་སྲེག་གཏོང་མཁན་ག་ཚོད་བྱུང་སོང་དེ་དག་ཧ་ལས་པའི་སེམས་ཤུགས་ཆེན་པོ་རེད། དེ་ལྟ་བའི་སེམས་ཤུགས་དང་སྙིང་སྟོབས་ཡོང་བསྡད་པ་དེ་ང་ཚོ་བོད་ལ་རིག་གཞུང་གཏིང་ཟབ་པ་ཞིག་དང་། བོད་པ་རང་ལ་སྐད་ཡིག་ཅིག་ཟུར་དུ་ཡོད་བསྡད་པ་དེ་དག་གི་སྟེང་ནས་ཡོང་གི་ཡོད་པ་རེད། བོད་མི་རིགས་ཀྱི་རང་དབང་གི་འཐབ་རྩོད་དོན་དག་ལ་ཡིན་ན་ཡང་རིག་གཞུང་བསྐྱར་གསོ་བྱེད་རྒྱུ་སོགས་འབྲེལ་བ་ཤུགས་ཆེན་པོ་འདུག མ་འོངས་པར་རྒྱ་མི་རིགས་ས་ཡ་མང་པོ་དེ་དག་ང་ཚོས་ཕར་ཕན་ཐོགས་བྱེད་ཐུབ་པ་ཞིག་ཡོང་གི་རེད། ཅེས་སོགས་གསུངས་སོང་།བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་དངོས་གཞི་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་སྐབས། ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་དང་དགོས་པ། བརྗོད་གཞི་དང་བཅས་པ་ཧ་ཅང་གི་ཡག་པོ་བྱུང་ཡོད་པ་དང་། ད་ལྟའི་དུས་ཚོད་འདིར་དགོས་ངེས་ཅན་ཞིག་ཡིན་ལ། འཇིག་རྟེན་འགྲོ་བ་སྤྱི་ཡོངས་ཀྱི་ཕན་བདེའི་སྲོག་རྩ་ལྟ་བུ་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆགས་ཀྱི་ཡོད་པ་རེད། བསྟན་པ་ལ་དད་པ་ཡོད་མེད་ལ་མ་ལྟོས་པར། གང་ལྟར་འཇིག་རྟེན་ཕན་བདེའི་གཞི་རྩ་ཡིན་པ་དེ་ཚང་མས་ཁས་ལེན་པ་ལྟ་བུ་རེད། དེ་གནས་དང་མི་གནས་དེ་རབ་བྱུང་གི་སྡེ་ལ་རག་ལས་པ་ཡིན་སྟབས། འདུལ་བའི་བསྟན་པ་གནས་དང་མི་གནས་དེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་མིན་གྱི་ཚད་འཛིན་གནང་རྒྱུ་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། རབ་བྱུང་ཕོ་མོ་དང་བཅས་པ་ཚད་དང་ལྡན་པ་ཞིག་ཡོང་དགོས་པ་དེ་གལ་ཆེན་པོ་ཡིན་པས། འདི་སྤྱི་མཚན་མཛད་ཕྱོགས་ཐོག་དངོས་ཚུལ་གཞིར་བཞག་ཐོག་ལ་དེང་རབས་ཀྱི་ཡོན་ཏན་དེ་ཚོ་བླངས་ནས་གནང་དགོས་པ་ཞིག་དང་། དེའི་ཆེད་དུ་ང་རང་ཚོས་དངོས་སུ་མ་ཉམས་པར་གནང་དགོས་པ་ག་རེ་ག་རེ་ཡོད་རེད། གསར་གཏོད་གནང་དགོས་པ་ག་རེ་ཡོད་རེད། གཞན་ནས་ཁེ་ཕན་ལྟ་བུ་ལེན་དགོས་པ་གང་ཡོད་མེད་དེ་ཚོའི་ཐོག་ལ་ཞིབ་ཚགས་པོས་བགྲོ་གླེང་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག ཅེས་གསུངས་སོང་།
ཡང་ཁོང་ཉིད་ཀྱིས། ད་ལྟ་གྲྭ་བཙུན་ན་གཞོན་ལོ་བདུན་ནས་དགུ། བཅུ་ནས་བཅོ་བརྒྱད་ལ་སོགས་པ་དེ་འདྲའི་ཆེད་དུ་དམིགས་བཀར་ནས་གྲོས་གཞི་བཞག་གནང་བ་དེ་དངོས་གནས་དགོངས་པ་བཞེད་ཕྱོགས་ཡག་པོ་ཞེ་དྲགས་བྱུང་འདུག ཐོག་མར་ང་ཚོ་རྒྱ་གར་ལ་འབྱོར་བའི་སྐབས་ལ་གདན་ས་དང་བཤད་གྲྭ་ཁག་གི་ནང་ལ་དེང་རབས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་གཞི་རིམ་སློབ་གྲྭ་དགོས་ཀྱི་རེད་མ་རེད་ཟེར་བའི་ཐད་རྩོད་པ་ཆེན་པོ་བྱུང་བ་རེད། ཡོད་ན་གནོད་སྐྱོན་ཡོང་འདུག་གསུང་མཁན་མང་པོ་བྱུང་བ་རེད། མེད་ན་ཆ་ཚང་གི་མི་འདུག་གསུང་མཁན་ཡང་མང་པོ་རེད། མཐའ་མ་དགེ་སྐྱོན་ཚང་མ་རྟོག་ཞིབ་བྱས་པའི་རྗེས་ལ་གདན་ས་ཚང་མའི་ནང་གཞི་རིམ་སློབ་གྲྭ་དགོས་ཀྱི་ཡོད་པ་དེ་ངེས་པ་རྙེད་ནས་དེའི་ཐོག་ལ་གྲོས་མཐུན་པ་ལྟ་བུ་རེད། གཞན་སྔ་མས་ག་རེ་གསུང་གི་ཡོད་རེད་ཟེར་ན། གཞི་རིམ་སློབ་གྲྭའི་སློབ་སྦྱོང་མེད་པའི་མཁས་དབང་སྲོལ་རྒྱུན་རང་གི་ཐོག་ནས་སློབ་སྦྱོང་བྱེད་མཁན་དེ་ཚོ་ཡང་དེ་རིང་སང་ཉིན་ག་པར་འགྲོ་ན་ཡང་འགྲོ་ཐུབ་པ་ཞིག་དང་། ལྷག་པར་དུ་ནུབ་ཕྱོགས་ལ་དྲུག་ཅུ་རེ་གྲངས་ནང་བསྟན་པ་སྤེལ་མཁན་གྲས་ལ་གཞི་རིམ་སློབ་གྲྭ་འགྲིམས་མྱོང་མཁན་དང་། ཕྱི་རྒྱལ་གྱི་སྐད་ཡིག་ཤེས་མཁན་ཧ་ལམ་མེད་པ་རེད། དེ་ཚོ་ཚང་མ་སྲོལ་རྒྱུན་རང་གི་སློབ་སྦྱོང་ཐོག་ནས་ཕྱིན་པ་དེ་དག་ག་པར་ཡིན་ན་ཡང་བསྟན་པ་རྒྱ་ཆེར་སྤེལ་ཐུབ་པའི་གནས་སྟངས་བྱུང་ཡོད་སྟབས། མ་འོངས་པར་ཡང་དེ་ཡོང་གི་རེད་ཅེས་གསུང་གི་ཡོད། ཡིན་ན་ཡང་། གནས་ཚུལ་གཞན་དག་མང་པོ་ཞིག་གི་ཐོག་ནས་གྲྭ་གཞོན་དེ་ཚོ་ལ་དེང་རབས་ཀྱི་སློབ་སྦྱོང་ཆ་ཚང་ཡོད་པའི་ཐོག་ལ། ནང་བསྟན་རིག་པའི་སློབ་སྦྱོང་ཡོད་པ་ཞིག་བྱུང་ན། དེ་ཕུན་སུམ་ཚོགས་པ་ཞིག་མཁས་པ་ཚང་མའི་ཐུགས་མཐུན་ནས་ད་ལྟའི་གནས་སྐབས་ལ་གདན་ས་ཚང་མའི་ནང་དེ་ལྟར་དང་། ལྷག་པར་དུ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་གཟིགས་སྐྱོང་གི་འོག་ལ་བོད་ནང་ལ་ཡོད་པའི་ཀིརྟིའི་དགོན་ཆེན་ཁག་ནང་གྲྭ་བཙུན་ན་གཞོན་མང་པོ་ཞིག་གིས་སློབ་སྦྱོང་གནང་ཐུབ་པ་དེ་ཞེ་དྲགས་ཡག་པོ་བྱུང་བ་རེད། དེས་ཕན་ཐོགས་ཆེན་པོ་བྱུང་འདུག་ཞུ་རྒྱུ་ཡིན། ཅེས་སོགས་གསུངས་སོང་།རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་ནས་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བར་རྗེས་དྲན་དང་འབྲེལ། ཐེངས་འདིའི་བགྲོ་གླེང་དེ་རིང་ཕྱི་ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་ཚོགས་བཞིན་ཡོད་པ་དང་། ཀིརྟི་གྲྭ་ཚང་གི་བགྲོ་གླེང་གི་སྐོར་ལ་འགྲེམས་སྤེལ་གནང་བའི་ཡིག་ཆའི་ནང་གསལ་བ་ལྟར་ན། མཁས་པའི་བགྲོ་གླེང་འདིའི་བརྗོད་བྱ་དང་དམིགས་ཡུལ་ནི་གྲྭ་བཙུན་གཞོན་སྐྱེས་རྣམས་ཀྱི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་ལ། ནང་ཆོས་ཀྱི་སློབ་སྦྱོང་གི་རྨང་གཞི་གཙོ་བོར་བཟུང་བའི་ཐོག་དེང་དུས་ཀྱི་སློབ་སྦྱོང་བྱེད་སྟངས་དང་མཐུན་པར་ལེགས་བཅོས་ཀྱི་སྒོ་ནས། རབ་བྱུང་ཕོ་མོ་ན་གཞོན་རྣམས་སྔོན་འགྲོའི་འཛིན་གྲྭ་དང་འཛིན་གྲྭ་དང་པོ་ནས་དགུ་པའི་བར་གྱི་སྔོན་འགྲོའི་སློབ་སྦྱོང་གི་སྐབས་དམིགས་བསལ་གསོ་སྐྱོང་བྱས་ཏེ་མ་འོངས་པའི་བསྟན་འཛིན་གྱི་སྐྱེས་བུར་སྐྱེད་སྲིང་ཇི་ལྟར་མཛད་དགོས་པའི་སྐོར་ཡིན་པ་དང་། དེ་བཞིན་བགྲོ་གླེང་ཐོག་རབ་བྱུང་ཕོ་མོ་ཚོའི་སློབ་གཉེར་གནང་ཕྱོགས་ཐད་གྲོས་གཞི་ཁག་ཆེན་པོ་ ༥ བཅས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག སྐལ་བཟང་སྦྱིན་པ།
གལ་ཆེན་པོ་ཞེ་དྲགས་རེད།
སྐྱབས་རྗེ་ཀིརྟིན་པོ་ཆེ་མཆོག་ནི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡིན་པ་མ་ཟད། ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞི་བཟུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པར་ཐུགས་བརྩེ་བ་ཆེན་པོས་བོད་མི་རིགས་ལ་རླབས་ཆེན་གྱི་མཛད་རྒྱས་རབས་དང་རིམ་པ་བཞག་ཡོད་པ་རེད། ད་རེས་ཀྱི་མཛད་སྒོ་འདི་དད་སྟབས་བསྟུན་གྱིས་མཁས་པའི་བགྲོ་གླེང་གཞི་རྒྱ་ཆེན་པོ་ལོ་རྒྱུས་ཐོག་བྱུང་མ་མྱོང་ཞིག་འཚོགས་པ་འདིས་། བོད་བསྟན་སྲིད་་མི་རིགས་དང་བཅར་པར་ཕན་ཐོག་རླབས་པོ་ཆེ་ཞིག་བསྐྲུན་འདུག་པ་ནི་ལོ་རྒྱུས་གྱི་དོན་སྙིང་ལྡན་པ་ཞིག་རེད།
དེས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རིན་པོ་ཆེ་མཆོག་ལ་བཀའ་དྲིན་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ།