ལྡི་ལིའི་ནང་ཐོག་རྩེག་བཞི་ཅན་གྱི་ཁུག་མའི་བཟོ་གྲྭ་ཞིག་ལ་ནམ་ལངས་ཙམ་ལ་མེ་སྐྱོན་ཚབས་ཆེན་བྱུང་སྟེ་མི་གྲངས་ ༤༣ རྐྱེན་འདས་སུ་ཕྱིན་ཡོད་འདུགདེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཞོགས་པའི་ཆུ་ཚོད་ ༥།༣༠ ཙམ་གྱི་སྟེང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཐོག་རྩེག་བཞི་ཅན་གྱི་ཁུག་མའི་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ཐོག་རྩེག་དེའི་ནང་མི་གྲངས་ ༡༠༠ ལྷག་ཡོད་པའི་ནང་ནས་མི་ ༤༣ རྐྱེན་འདས་དང་མི་ ༥༠ ལ་རྨས་སྐྱོན་བྱུང་སྟེ་སྨན་བཅོས་བྱེད་བཞིན་ཡོད་འདུག
བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ཁུག་མའི་བཟོ་གྲྭ་དེར་མེ་སྐྱོན་སྲུང་སྐྱོབ་ཀྱི་ཡིག་ཆ་མེད་པ་མ་ཟད། བཟོ་གྲྭ་ཁྲིམས་མཐུན་དེབ་སྐྱེལ་བྱས་མེད་སྟབས། ས་གནས་ཉེན་རྟོག་པས་བཟོ་གྲྭ་དེའི་བདག་པོ་རེ་ཧན་(Rehan)ཟེར་བ་ཞིག་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟའི་ཆར་མེ་སྐྱོན་བྱུང་རྐྱེན་གང་ཡིན་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག
མེ་སྐྱོན་བྱུང་རྗེས་སྲིད་བློན་མུ་དྷི་མཆོག་གིས། ཐེངས་འདིའི་མེ་སྐྱོན་དོན་རྐྱེན་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་པ་དང་། ངས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་པ་མ་ཟད། གཞུང་ངོས་ནས་ཐེངས་འདིའི་དོན་རྐྱེན་གྱི་ཡུལ་དངོས་སུ་ཕྱོགས་ཡོངས་ནས་རོགས་རམ་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་པ་དང་། ཐེངས་འདིའི་མེ་སྐྱོན་ཁྲོད་མེ་གསོད་རུ་ཁག་གི་རུ་མི་ར་ཇི་ཤི་ཤོག་ལ་(Rajesh Shukla)ཞེས་པ་ཞིག་གིས། རང་ཉིད་ཀྱི་སྲོག་ལ་མ་འཛེམས་པར་མི་ ༡༡ སྐྱོབ་ཐུབ་པར་དཔའ་བོའི་ངོས་འཛིན་དང་གདེང་འཇོག་སོགས་བྱེད་བཞིན་ཡོད་འདུག
མེ་སྐྱོན་གནོད་འཚེ་བྱུང་རྗེས་ལྡི་ལིའི་ཆབ་སྲིད་མི་སྣ་མང་པོས་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པའི་ཁྲོད། རྒྱ་གར་ནང་སྲིད་བློན་ཆེན་ཨ་མི་ཊུ་ཤཱ་(Amit Shah)ལགས་ཀྱིས། མེ་སྐྱོན་ཁྲོད་མི་མང་པོ་ཞིག་རྐྱེན་འདས་སུ་ཕྱིན་པ་ནི་ཡ་ང་བ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ལྡི་ལིའི་བློན་ཆེན་ཨར་ཝི་ཌི་(Arvind Kejriwal)ལགས་ཀྱིས་མེ་སྐྱོན་ཁྲོད་རྐྱེན་འདས་སུ་ཕྱིན་པ་རེར་ཧིན་སྒོར་འབུམ་ ༡༠ རེ་དང་རྨས་སྐྱོན་ཕོག་པར་ཧིན་སྒོར་འབུམ་ ༡ རེ་སྤྲད་དེ། གྱོང་གུད་ཁ་གསབ་དང་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་པ་ཡོངས་བསྒྲགས་བྱས་འདུག
ཐེངས་འདིའི་མེ་སྐྱོན་ཁྲོད་མི་མང་པོ་རྐྱེན་འདས་སུ་འགྲོ་དོན་ནི་མི་ཚང་མ་གཉིད་ཁུག་བསྡད་ཡོད་པའི་སྐབས་ཤིག་ལ་བྱུང་ཡོད་པས་ཡིན་འདུག་ལ། མེ་སྐྱོན་ཁྲོད་སྲོག་ཉེན་ལས་ཐར་བའི་རོ་ནག་ཁན་(Ronak Khan)ལགས་ཀྱིས། ང་ཚོ་གཉིད་ལས་སད་པ་དང་སྐད་བརྒྱབས་ནས་རོགས་རམ་བྱོས་ལབ་པ་ཡིན། ངས་མི་མང་པོ་ཞིག་ཁང་པའི་ནང་ལྷག་བསྡད་ཡོད་པ་མཐོང་སོང་ལ། ང་ཚོས་ཁོ་ཚོ་ཁང་པའི་ཐོག་ལ་ཤོག་ལབ་སྟེ་སྐྱོབ་ཨེ་ཐུབ་བསམས་སོང་ཡང་། ཁོ་ཚོ་ཐོག་ཁར་ཡོང་ཐུབ་ཀྱི་མི་འདུག ཅེས་བརྗོད་འདུག
རྒྱལ་ས་ལྡི་ལིའི་མེ་གསོད་ལྷན་ཁང་གིས། ཐེངས་འདིའི་མེ་སྐྱོན་ནི་རྒྱལ་ས་ལྡི་ལི་རུ་བྱུང་བའི་མེ་སྐྱོན་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡ པོའི་ནང་ལྡི་ལིར་མེ་སྐྱོན་ཆེན་པོ་ཞིག་བྱུང་སྟེ་ཁྱོན་མི་གྲངས་ ༡༧ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ཟླ་ ༦ པའི་ནང་(Uphaar Cinema)གློག་བརྙན་ཁང་དུ་མེ་སྐྱོན་བྱུང་སྟེ་ཁྱོན་མི་གྲངས ༥༧ རྐྱེན་འདས་སུ་ཕྱིན་པ་དང་དེ་ནི་ལྡི་ལིའི་མེ་སྐྱོན་ཚབས་ཤོས་དེ་ཡིན་སྐོར་བཤད།
གསར་འགོད་པ། སྐལ་བཟང་སྦྱིན་པ།