དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་གཟིམ་ཆུང་ཕོ་བྲང་ནས་གྷ་གྷུལ་གནམ་ཐང་བརྒྱུད་རྒྱ་གར་ལྷོ་ཕྱོགས་གྷོ་བ་དང་། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དང་འབྲས་སྤུངས་སྒོ་མང་སོགས་ཀྱི་མཛད་འཕྲིན་ཆེད་ཆིབས་ཐོན་མཛད།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་བཀོད་པའི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཁུལ་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་དེང་དུས་དང་འབྲེལ་བའི་སྐོར་ནས་བཀའ་སློབ་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་རྒྱུ། དེ་བཞིན་ཕྱི་ཚེས་ ༡༦ ཉིན་འབྲས་སྤུངས་བློ་གསལ་གླིང་དུ་ཚེ་དབང་གི་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་འབྲས་སྤུངས་བློ་གསལ་གླིང་དུ་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་དང་། ཕྱི་ཚེས་ ༢༠ ཉིན་དགའ་ལྡན་བླ་སྤྱི་རུ་རྗེ་ཙོང་ཁ་པའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དབུ་འབྱེད་དང་། ཕྱི་ཚེས་ ༢༡ ཉིན་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་བཅས་ཡིན་འདུག
ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་མཆོག་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ། ཕྱི་ཚེས་ ༤ ནས་ཉིན་གཉིས་རིང་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུ་འཆར་ཡོད་པའི་ནང་བསྟན་ཚོགས་འདུའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་བཅས་ཡིན་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག