ལ་མོ་ཚུལ་ཁྲིམས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་སྐུ་དབང་གི་འོག་ཏུ། བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་མཉམ་གནས་སྲ་བརྟན་དང་། ཆོས་དང་རིག་གཞུང་གོང་འཕེལ་གཏོང་བའི་ཆེད་དུ། དམངས་གཙོའི་ལམ་ལུགས་གཞི་རྩར་བཅོལ་ནས་གསར་འཛུགས་བྱས་པའི་སྒྲིག་འཛུགས་ཤིག་ཡིན། མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཚང་པའི་སྒྲིག་འཛུགས་འདིས། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱི་འཚོ་གནས་སྲུང་སྐྱོབ་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་དང་འབུལ་བཞིན་པ་ཡིན།
དེ་ཡང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ང་དགུ་ལོར་རྒྱ་གར་དུ་འབྱོར་སྐབས། རྒྱ་གར་གཞུང་གིས་༧གོང་ས་མཆོག་དང་ཁོང་གི་ལྷན་དུ་འབྱོར་པའི་བོད་པ་འབུམ་གཅིག་མ་ཟིན་ཙམ་གལ་ཆེའི་སྐུ་མགྲོན་ཡིན་པའི་ཆེ་བསྟོད་དང་ངོས་འཛིན་གནང་། ༧གོང་ས་མཆོག་གིས་ཀྱང་སྐབས་དེར་ང་དང་ངའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མི་ས་ཡ་དྲུག་གིས་ཁྲིམས་མཐུན་གྱི་གཞུང་དེ་ཡོད་པར་ངོས་འཛིན་བྱེད་ཀྱི་རེད། ཅེས་གསུངས་ཡོད། དེ་འདྲའི་སྙིང་སྟོབས་དང་དམིགས་ཡུལ་ཞིག་གི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་དབུ་བརྙེས་ཤིང་། ཕྱི་ནང་ཀུན་ཏུ་ཡོད་པའི་བོད་པ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནི་རང་གི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་སྒྲིག་འཛུགས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟར་གསར་འཛུགས་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ལ། རང་གི་གནས་ཡུལ་རྒྱ་གར་དུ་ཡུན་གནས་རྒྱུན་སྐྱོང་ཡོང་བའི་ཆེད་དུ་ཁྲིམས་སྐྱོང་གི་ལམ་ལུགས་གསལ་བོ་ཞིག་ངེས་པར་དུ་དགོས་ཤིང་། ཁྲིམས་སྲུང་གི་བདག་དབང་ཡག་པོ་ཞིག་ཡོད་ན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་སྔར་ལས་ལྷག་པའི་ནུས་སྟོབས་ཅན་གྱི་སྒྲིག་འཛུགས་ཤིག་ཏུ་འགྲོ་གི་རེད་བསམ་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆ་དང་ཁྱད་ཆོས།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཀོད་བཞིན། ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་ཤིང་། ༡༩༦༣ ལོར་བཙན་བྱོལ་བོད་མིའི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་གནང༌བ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཙུགས་པ་རེད། དེ་ཡང་གོ་གཅིག་ལོར་མིང་དོན་མཚུངས་པའི་བཅའ་ཁྲིམས་སུ་བསྐྱར་བཅོས་བྱས་ཏེ། ལོ་དེའི་ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་གསལ་བསྒྲགས་བསྐྱངས་བའི་རྨང་གཞི་ཐོག་ད་ཡོད་ཀྱི་སྒྲིག་འཛུགས་འདི་གནས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། མང་གཙོའི་ཀ་བ་གསུམ་གྱི་ཆ་ལག་ཚང་བའི་ཆ་རྐྱེན་འོག ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་དང་། རང་དབང་ལྡན་པའི་ལྷན་ཁང་གསུམ་སྟེ་དབུས་འོས་བསྡུ་ལས་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གསུམ་བཅོས་སྒྲིག་ཟུར་འཛུགས་བསྐྱངས་པས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཉིད་འཐུས་སྒོ་ཚང་ཞིང་། དེང་རབས་མང་གཙོའི་འགྲོ་ལུགས་དང་མཐུན་པའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད། དེ་ཡང་མང་གཙོ་ཀ་བ་གསུམ་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཆ་ལག་ནི་ཁྲིམས་ལུགས་དབང་འཛིན་སྡེ་ཁག་སྟེ། བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ཁྲིམས་བཟོ་ལྷན་ཚོགས་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས། འཛིན་སྐྱོང་གི་འགན་འཛིན་སྟེ་བཀའ་ཤག་བཅས་ལས་གྲུབ་པ་ཡིན། སྡེ་ཚན་འདི་གསུམ་ནི་མང་གཙོའི་ལམ་ལུགས་ཀྱི་རྨང་རྡོ་ཡིན།
མང་གཙོ་ཀ་བ་གསུམ་གྱི་མ་ལག་གི་ནུས་པ།
མང་གཙོ་ཀ་བ་གསུམ་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་གཅིག་ལ་གཅིག་འདུལ་གྱི་ངོ་བོའི་ཐོག་འཁོར་སྐྱོད་བྱེད་ཅིང་རང་རང་གི་ནུས་པ་མ་འདྲ་བ་འདོན་ཐུབ་པའི་མང་གཙོའི་ལམ་ལུགས་ཀྱི་གྲུབ་ཆ་གཙོ་བོ་དེ་ཡིན། ཁོང་ཚོ་ཕན་ཚུན་བར་གྱི་འབྲེལ་བ་དེ་ང་ཚོའི་སྒྲིག་འཛུགས་ལ་མཚོན་ན་གཤམ་གསལ་ལྟར་ཡིན།
གཅིག བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་མཚོན་ན་བཅའ་ཁྲིམས་གསར་བཟོ་བྱེད་ཅིང་། སྤྱི་འཐུས་ཀྱིས་བཟོས་པའི་བཅའ་ཁྲིམས་དེ་ལ་འཛིན་སྐྱོང་སྲིད་སྐྱོང་གིས་མཚན་རྟགས་མ་བཀོད་པར་དགག་བྱ་བྱས་ཆོག
གཉིས། སྤྱི་འཐུས་ལྷན་ཁང་གིས་བཟོས་བའི་བཅའ་ཁྲིམས་དེ་ལ། ཆེས་མཐོ་ཁྲིམས་ཞིག་ཁང་གིས་དེ་ཉིད་རྩ་ཁྲིམས་སུ་ངོས་ལེན་དང་ཁས་ལེན་མ་བྱས་ནའང་ཆོག
གསུམ། འཛིན་སྐྱོང་ལས་ཁུངས་ལ་མཚོན་ན་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཞག་སྟེ་ཉིན་རེར་བོད་མི་གནས་ཡུལ་ཁག་གི་འཚོ་གནས་དང་། འགྲོ་འོང་། ཆབ་སྲིད། ཤེས་ཡོན། དཔལ་འབྱོར། འཕྲོད་བསྟེན། གཞི་ཁང་བཅས་མཐུན་རྐྱེན་རོགས་རམ་གནང་རྒྱུ་དེ་ཡིན།
བཞི། བཀའ་ཤག་ནི་འཛིན་སྐྱོང་སྡེ་ཚན་གྱི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང་། དེའི་སྟངས་འཛིན་འོག་ཏུ་བཀའ་བློན་ལས་ཁུངས་བདུན་ཡོད་པ་སྟེ། ཆོས་རིག་ལས་ཁུངས། ནང་སྲིད་ལས་ཁུངས། དཔལ་འབྱོར་ལས་ཁུངས། ཤེས་རིག་ལས་ཁུངས་དང་། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཡིན།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་ལ་འདི་ལྟ་བའི་དབང་ཚད་བགོ་འགྲེམས་བྱས་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ཀ་བ་གསུམ་པོ་སོ་སོས་དབང་ཆ་གཅིད་སྡུད་བྱེད་མི་ཐུབ་པའི་གནས་སྟངས་འོག ཕན་ཚུན་གཅིག་གིས་གཅིག་ལ་ལྟ་རྟོག་དང་རམ་འདེགས་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མཐར་འཁྱོལ་བ་བྱེད་པའི་རྒྱུ་མཚན་ཁོ་ན་ཡིན་ལ། ལམ་ལུགས་འདི་ནི་མང་གཙོའི་གཞུང་ལུགས་ཀྱི་རྩ་བའི་གྲུབ་ཆ་རེད།
གནས་སྟངས་འདིའི་ཐད་ཇེམ་མེ་རྡི་སན་ (James Madison) གྱིས་འདི་ལྟར་བཤད་མྱོང་། དབང་ཆ་རང་བཙན་ཞེས་པ་ནི་དབང་ཆ་རྦད་དེ་ཁ་ཁར་ཕྱིན་པ་ཞིག་མ་ཡིན་པར། སྡེ་ཁག་འདི་གསུམ་སུས་གང་གིས་ཀྱང་སྡེ་ཁག་གཞན་ཞིག་ལ་རྩ་ཁྲིམས་ཐོག་སྟངས་འཛིན་བྱེད་མི་ཐུབ་པའི་ཆེད་དུ་ཡིན། ཞེས་བཤད་ཡོད་པ་དང་། ཡང་གཅིག་བཤད་ན། འདི་ལྟར་སྲིད་དབང་གི་དབང་ཆ་ཆ་བགོས་སྙོམས་སྒྲིག་བྱེད་དགོས་དོན་གཙོ་བོ་ནི་དབང་འཛིན་པས་སྲིད་དབང་སྒེར་འཛིན་མི་བྱེད་པར་སྔོན་འགོག་དང་། སྲིད་དབང་ནུས་པ་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ་ཡིན།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབང་ཚད་དང་ཁྱབ་ཡུལ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་བཙན་བྱོལ་དུ་ཡོད་པའི་བོད་པ་འབུམ་གཉིས་ལྷག་གི་སྒྲིག་འཛུགས་ཤིག་དང་། བོད་ནང་གི་བོད་མི་ས་ཡ་དྲུག་གི་སེམས་ཀྱི་གཏད་སོ་བྱེད་ཆོག་པའི་སྲིད་གཞུང་དེ་ཡིན། སྒྲིག་འཛུགས་འདིའི་ཁྱབ་ཚད་ཀྱང་། བཅའ་ཁྲིམས་དོན་ཚན་གཉིས་པ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན། ཞེས་འཁོད་ཡོད་པ་དང་། དེ་བཞིན་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མའི་སྐབས་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་གནང་རྒྱུའི་ཐག་གཅོད་བྱས་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་མཐའ་དག་གི་སྐོར་ལ། ངས་དེ་སྔ་ལྷ་བཟང་ཚེ་རིང་གིས་བཤད་པའི་སྐད་ཆ་ཞིག་དྲན་སོང་། ད་བཤད་མ་བཤད་ཡོད་པ་མ་རེད་གདའ། རྡ་རམ་ས་ལའི་རི་སྒང་གི་སྒྲིག་འཛུགས་འདི། ད་དེ་སྔ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་བརྒྱུད་པའི་སྲིད་གཞུང་དེ་རེད་བཱ། ད་འདིར་ལྷག་བསྡད་ཡོད་པ་རེད་གདའ། ཞེས་ལག་པ་གཉིས་ཀྱིས་ཆུ་བོ་ཞིག་ཁྲིད་ནས་ཡོང་གིན་ཡོད་པའི་རྣམ་པ་དང་བཅས་རྡ་རམ་ས་ལའི་ཕྱོགས་སུ་འཁོར་ནས་བཤད་མྱོང་། དངོས་གནས་བཤད་ན་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་རྒྱལ་ཁབ་བསྐྱངས་བའི་ལོ་རྒྱུས་ཡོད་པའི་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་རྣམ་ཐར་གྱི་རྒྱུན་དེ་ཉིད། ད་ལྟ་རྡ་རམ་ས་ལའི་རི་སྒང་འདི་ན་ད་དུང་གསོན་པོར་གནས་ཡོད་པ་གསལ་བོ་རེད།
རྒྱ་གར་གཞུང་དང་ཕན་ཚུན་ཡིད་ཆེས་བློ་འགེལ་གྱི་འབྲེལ་བ།
རྒྱ་གར་གཞུང་གི་གནས་བབ།
ང་དགུ་ལོར་༧གོང་ས་མཆོག་སྐྱབས་མགོན་ཆེན་མོ་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་སྐབས། བོད་པ་ཁྲི་བརྒྱད་ཙམ་དུས་མཉམ་དུ་བཙན་བྱོལ་དུ་འབྱོར། དེ་ནས་བོད་པ་འབུམ་གཅིག་དང་ཕྱེད་ཀ་རིམ་བཞིན ༧གོང་ས་མཆོག་གི་ཞབས་རྗེས་སུ་འབྲངས་ནས་རྒྱ་གར་དུ་འབྱོར་ཡོད། རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་སྐབས་དེར ༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་དང་མཇལ་འཕྲད་གནང་སྟེ། ང་དང་ངའི་ལས་གྲོགས་ཚོས་ཁྱེད་ཉིད་རྒྱ་གར་དུ་བདེ་འཇགས་ངང་ཕེབས་ཐོན་བྱུང་བར་དགའ་བསུ་དང་། ཁྱེད་ཉིད་དང་ཁྱེད་ཉིད་ཀྱི་ནང་མི། ཆིབས་ཞབས་པ་རྣམས་ལ་ང་ཚོས་རྒྱ་གར་དུ་ཁྱེད་རྣམས་ཀྱི་གནས་བཅའ་བར་དགོས་ངེས་ཀྱི་མཐུན་རྐྱེན་ག་རེ་བྱེད་དགོས་ཀྱང་དགའ་པོའི་ངང་ནས་སྒྲུབ་ཀྱི་ཡིན་ཞེས་དང་། ཡང་ཁོང་གིས་རྒྱ་གར་མི་དམངས་ཀྱིས་ཁྱེད་ཉིད་ལ་བླ་ན་མེད་པའི་དད་འདུན་དང་། སྲོལ་རྒྱུན་ལྟར་དུ་ཁྱེད་ཉིད་གང་ཟག་ཁྱད་པར་བ་ཞིག་ཏུ་བརྩིས་ཏེ་གུས་བཀུར་བྱེད་རྒྱུ་ཡིན་པར་ང་རང་ལ་ཡིད་ཆེས་ཡོད། ཅེས་བཤད་མྱོང་ཡོད་པ་དང་། ཉིས་སྟོང་བཅུ་ལོར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཁི་རི་ཞི་ན་ཡིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ༧གོང་ས་ཏཱ་ལའི་བླ་མའི་གནས་སྟངས་ཀྱི་སྐོར་ལ་ང་ཚོས་ཐེངས་མང་པོར་གསལ་བཤད་བྱས་ཡོད། ད་རེས་ཁ་གསལ་བོ་དང་ཐག་ཆོད་པོའི་སྒོ་ནས་ཡང་བསྐྱར་གཅིག་བཤད་ན། ཁོང་ནི་ཆེ་བསྟོད་ཡོད་པའི་རྒྱ་གར་གྱི་སྐུ་མགྲོན་དང་། རྒྱ་གར་བ་ས་ཡ་མང་པོའི་དད་འདུན་བྱེད་སའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན། ཞེས་བཤད་མྱོང་། དེ་ལྟར་རྒྱ་གར་གཞུང་གི་དགའ་བསུ་དང་སྣེ་ལེན། ཆེ་བསྟོད་བཅས་ཀྱི་སྐུ་མགྲོན་གྱི་ངོ་བོའི་ཐོག་ནས་ང་ཚོའི་བོད་པའི་སྤྱི་ཚོགས་འདི་གཞིས་ཆགས་པ་རེད།
ཁྲིམས་ཀྱི་གནས་བབ།
བོད་པ་རྣམས་རྒྱ་གར་དུ་རང་གི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་ཁྱབ་ཚད། ཆེ་ས་ནས་བཤད་ན་ཁག་གཉིས་ཙམ་ཡོད། ཆེ་མཐོང་ཡོད་པའི་སྐུ་མགྲོན་གྱི་ངོ་བོ་དང་། རྒྱ་གར་གྱི་མི་སེར་གྱི་ཁྲིམས་ཡིག་གཉིས་ཀྱི་འོག་ལ་ཡིན་པ་རེད།
༡) ཆེས་མཐོང་ཡོད་པའི་སྐུ་མགྲོན་གྱི་ངོ་བོ་ལ་མཚོན་ན། གནས་བབ་དེ་རྒྱ་གར་གཞུང་གི་ནང་གསེས་ཀྱི་ཁྲིམས་ཡིག་བཞི་ཙམ་ལ་རིགས་བསྒྲེ་ཆོག
ཀ ཕྱི་གླིང་བའི་ཐོ་འགོད་ཁྲིམས་ཡིག ༡༩༣༩ (The Registration of Foreigners Act, 1939)
ཁ ཕྱི་གླིང་བའི་ཁྲིམས་ཡིག ༡༩༤༦ ༩ (The Foreigners Act, 1946)
ག མི་སེར་གྱི་ཁྲིམས་ཡིག ༡༩༥༥ (The Citizenship Act, 1955)
ང བོད་པའི་བསྐྱར་གསོ་སྲིད་ཇུས ༢༠༡༤ (Tibetan Rehabilitation Policy, 2014 )
ཁྲིམས་ཡིག་འདི་དག་ལས་གསལ་བོར་མཚོན་པ་ནི། བོད་པ་རྣམས་རྒྱ་གར་དུ་སྤྱིར་བཏང་གི་ཕྱི་གླིང་བ་ཞིག་གི་རྣམ་པའི་ཐོག་ནས་སྡོད་རྒྱུ་ལས། ཆབ་སྲིད་ནང་མཉམ་ཞུགས་བྱེད་མི་ཆོག་པ་དང་། རྒྱ་གར་གྱི་མི་སེར་ཆགས་པའི་ཐོབ་དབང་མེད་པ། སྔོན་ཆད་བོགས་གཏོང་བྱས་པའི་ས་ཞིང་ལས་གསར་བ་ཁ་སྣོན་བྱེད་རྒྱུ་མེད་པ། དེ་བཞིན་དུ་ད་ཡོད་ཀྱི་ས་ཞིང་ཉོ་ཚོང་བྱས་མི་ཆོག་ལ་ཚོང་ལས་བདག་གཉེར་བྱེད་རྒྱུའི་སྐོར་ལའང་མངའ་སྡེ་རེ་རེའི་མ་འདྲ་བའི་ཁྲིམས་ཡིག་ལ་གཞི་བཅོལ་བ་ལས་དབུས་གཞུང་གཅིག་གྱུར་གྱི་ཁྲིམས་ཡིག་ཅིག་མི་འདུག
༢) ཕྱི་གླིང་བ་ཁག་ཅིག་གི་རྩ་ཁྲིམས།
རང་གི་མི་སེར་དང་ཐོབ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱ་གར་གྱི་རྩ་ཁྲིམས་ཀྱི་རྩ་བའི་དམ་བཅའ་ཡིན་པ་དང་། རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ནང་། རང་གི་རྒྱལ་ཁབ་ཀྱི་མི་སེར་ཡོངས་རྫོགས་དང་ཕྱི་གླིང་བ་ཁག་ཅིག་ལ་རྩ་ཁྲིམས་འདིས། ཁོང་ཚོའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་འགན་ལེན་ཡོད་ཅེས་དང་། དེ་བཞིན་དུ་གཤམ་གསལ་བཅའ་ཁྲིམས་ཀྱི་དོན་ཚན་འགའ་ལ་དམིགས་བསལ་གྱིས་བོད་པར་འབྲེལ་བ་ཡོད་པའི་ཁྲིམས་ཡིག་འདུས་ཡོད། རྩ་ཁྲིམས་ཀྱི་དོན་ཚན་ ༡༤ ནང་དུ་ཁྲིམས་ཀྱི་མདུན་དུ་མི་ཚང་མར་འདྲ་མཉམ་གྱི་ཐོབ་དབང་ཡོད་ཅེས་དང་། རྒྱ་གར་ནང་སྡོད་པའི་མི་སུ་དང་སུ་ལའང་འདྲ་མཉམ་གྱི་ཁྲིམས་ཀྱི་སྲུང་སྐྱོབ་ཡོད་ཅེས་གསལ་ཡོད། རྩ་ཁྲིམས་ཀྱི་དོན་ཚན ༢༡ ནང་དུ། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་བརྒྱུད་རིམ་ལས། མིི་སུ་ཞིག་གི་རང་དབང་དང་ཚེ་སྲོག་འཕྲོག་ལེན་བྱས་མི་ཆོག རྩ་ཁྲིམས་ཀྱི་དོན་ཚན ༢༥ ནང་དུ། མི་ཚང་མར་བཟང་སྤྱོད་བདག་པོ་དང་ཆོས་ལུགས་ལ་དད་མོས་བྱེད་པའི་ཐོབ་དབང་ཡོད་པ་གསལ་བོར་བཀོད་ཡོད། ཁྲིམས་ཡིག་འདི་དག་ལས་ང་ཚོས་ཤེས་རྟོགས་བྱུང་བ་ནི་བོད་པ་རྣམས་རྒྱ་གར་དུ་ཆེ་མཐོང་ཡོད་པའི་སྐུ་མགྲོན་དང་ཡང་ན། ཕྱི་གླིང་བའི་རྣམ་པའི་ཐོག་ནས་བསྡད་ཡོད་ཅིང་། ཁོང་ཚོ་ནི་ཆེ་མཐོང་ཡོད་པའི་སྐུ་མགྲོན་ཡིན་ཙང་། བོད་པ་ཚོ་ལ་རྩ་ཁྲིམས་ལེའུ་གསུམ་པའི་ཕྱི་གླིང་བ་ཁག་ཅིག་རྩ་ཁྲིམས་ཀྱི་འགན་སྲུང་ཡོད་པའི་རྩ་བ་འདི་འཛུགས་ཐུབ།
༣) རྒྱལ་སྤྱིའི་ཁྲིམས།
རྒྱ་གར་ནི་རྒྱལ་སྤྱིའི་དམངས་དོན་ཆིངས་ཡིག་དང་ཡང་དག་པའི་ཆབ་སྲིད་ལྷན་ཚོགས་(ICESCR) དང་། རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་ཁེ་དབང་ལྷན་ཚོགས་(ICESCR)བཅས་ཀྱི་ཚོགས་མི་ཡིན་ཙང་། ཁྲིམས་ཡིག་འདི་ལས། འགྲོ་བ་མི་སུ་ཞིག་རྒྱ་གར་དུ་གནས་སྡོད་བྱེད་པ་ལ། མི་རིགས་དང་། ཕོ་མོ། ཆོས་ལུགས། ཆབ་སྲིད་གང་གིས་ཀྱང་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་འཚོ་གནས་ཡོད་པའི་ཁྲིམས་ཀྱི་ཁོངས་བརྟན་པོ་བཟོས་ཡོད། དྲང་མོར་བཤད་ན། ཁྲིམས་ཡིག་འདི་དག་གི་ནང་དུ་རྒྱ་གར་དུ་གནས་སྡོད་བྱེད་པའི་བོད་མི་ཚོ་རང་བཞིན་གྱིས་ཚུད་ཡོད་པ་ཞིག་ཡིན།
མུ་འགོད།
ལོ་བཅུ་བདུན་གྱི་གོང་གི་ལ་དྭགས་ཀྱི་གྲོགས་པོ་ཡག་པོ་༼ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ རྒྱལ་པི་དབང་རྒྱལ་༽ཞིག་གི་པར་དེ་དུས་བབས་ཚགས་པར་མཇལ་པས་སྤྲོ་བ་སྐྱེས་སོང་།